དེ་ཡང་དེང་སྐབས་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ལ་སྲུང་སྐྱོབ་དང་ཞིབ་འཇུག་གི་ཚ་རླབས་དྲག་ཏུ་འཕྱུར་བའི་དུས་སྐབས་འདིར། ང་ཚོའི་བོད་མི་རིགས་ཀྱི་གནའ་རབས་མེས་པོ་དག་གི་སྤོབས་པའི་དཔལ་དང་བློ་གྲོས་ཀྱི་རྩལ་ལས་བསྐྲུན་པའི་ཐོན་སྐྱེད་འཚོ་བའི་གོ་རིམ་དང་། ལྷ་སྒྲུང་གཏམ་རྒྱུད། བསམ་བློ་ཀུན་སྤྱོད། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་གང་དང་གང་ཡིན་པ་དེ་དག་ལ་དངོས་ཤུགས་གང་རུང་ནས་འཚོལ་རྟོག་དང་ཞིབ་འཇུག་བྱ་དགོས་པ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་མིའི་རིགས་སྤྱིའི་རིག་གནས་འཕེལ་རྒྱས་ཀྱི་དགོས་མཁོ་ཞིག་ཏུ་གྲུབ་ཡོད་པས། ང་ཚོ་མི་རིགས་གང་དེའི་རིག་གནས་ཀྱི་དངོས་འབྲས་དང་རྒྱུད་འཛིན་པ་ཞིག་ཡིན་པའི་ཆ་ནས་རང་མི་རིགས་ཀྱི་རིག་གནས་རྒྱུད་འཛིན་དང་དར་སྤེལ་གྱི་འོས་འགན་སྔ་མོ་ནས་ཡོད་ན་ཡང་དམངས་ཁྲོད་གཏམ་དཔེར། ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ངོ་མ་ཟིན། །ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་དུ་འཚང་ཡོང་། །ཞེས་བྱུང་བ་བཞིན་དེང་སྐབས་བོད་རིག་པའི་ཞིབ་འཇུག་གི་ཁྱབ་ཁོངས་ན་གཞན་རྗེས་འབྲངས་པའམ་ཞིབ་འཇུག་གི་ཁ་ཕྱོགས་མེད་པའི་སྐྱོ་གར་གྱི་གཏམ་རྒྱུད་གང་མང་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། འདིར་བདག་གིས་རིག་གནས་ལོ་རྒྱུས་སོགས་ཀྱི་གནད་དོན་ཆེ་ཆུང་གང་ལ་ཡང་ལུང་ཙམ་འཛིན་པའི་ཟེར་སྒྲོས་ཀྱི་རྗེས་སུ་མ་འབྲངས་པར་ཕྲ་ཞིབ་རིགས་པའི་ལམ་ནས་ཡུལ་དངོས་ལ་རྟོག་ཞིབ་བྱས་པའི་མྱོང་ཚོར་ལས་འཕྲོས་ཏེ་སྟོད་མངའ་རིས་སྐོར་གསུམ་དང་བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་བོད་སྤྱིའི་ཡུལ་ཁམས་ལས་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་གནས་བབས་་ལ་རྟོག་ཞིབ་དང་དེའི་རིག་གནས་ཁྱད་ཆོས་སྐོར་ལས་རང་བློས་དཔོག་ཚོད་ཀྱིས་ཅུང་ཟད་གླེང་བར་བྱའོ། །
དང་པོ། མདོ་སྨད་ཀན་ལྷོའི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་བྱུང་འཕེལ་ལོ་རྒྱུས་མདོར་བསྡུས།
སྤྱིར་རིག་གནས་སྒྱུ་རྩལ་ཞེས་པ་ལ་སྐྱེ་འགྲོ་ཀུན་གྱི་བློའི་ཡུལ་དུ་བྱ་རུང་བའི་ཁྱད་ཆོས་ཤིག་སྔ་མོ་ནས་ལྡན་ཡོད་པས། རྒྱལ་ཁབ་གང་ཞིག་གམ་མི་རིགས་གང་ཞིག་ཡིན་རུང་གདོད་མ་ནས་རིག་གནས་སྒྱུ་རྩལ་སྤྱི་ལ་གྲལ་རིམ་ཀྱི་དབྱེ་བ་མེད་པར་གཅིག་ལ་གཅིག་བརྟེན་དང་གཅིག་ཤེས་ཀུན་གྲོལ་གྱི་ཁྱད་ཆོས་ཡོད་པ་ནི་མིའི་རིགས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད། ཡིན་ན་ཡང་མདོ་དབུས་ཁམས་གསུམ་དུ་ཕྱེ་བའི་བོད་མི་རིགས་ཀྱི་ཡུལ་གྲུ་ཤིན་ཏུ་རྒྱ་ཆེ་ཞིང་། ས་ཁུལ་སོ་སོའི་ས་བབ་མཐོ་དམའ་དང་། གནམ་གཤིས་དྲོ་གྲང་། ཆོས་ལུགས་དད་མོས། ཡུལ་སྲོལ་གོམས་གཤིས་སོགས་ཀྱི་དབང་གིས་དེང་སྐབས་དབུས་གཙང་སོགས་གཙོ་བོར་བྱས་པའི་བོད་ཀྱི་ཡུལ་གྲུ་མང་པོ་ཞིག་ཏུ་“ཨ་ཅེ་ལྷ་མོའི་ཟློས་གར་”གྱི་འཕྲིན་ལས་རྒྱ་ཆེར་སྤེལ་ཏེ་དེའི་བྱུང་འཕེལ་གྱི་ལོ་རྒྱུས་དང་དེའི་རིག་གནས་ཁྱད་ཆོས་སོགས་ལ་སྲུང་སྐྱོབ་དང་ཞིབ་འཇུག་གི་འབྲས་བུ་དགའ་འོས་པ་ཞིག་བླངས་ཡོད་པ་མིག་མཐོང་ལག་ཟིན་དུ་གྱུར་ཡོད། དེ་བས་ཆུ་མགོ་གངས་ལ་གཏུགས་པ་བཞིན་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྣམ་ཐར་ཟློས་གར་གྱི་བྱུང་འཕེལ་ལོ་རྒྱུས་སྐོར་ལ་བཤད་ཚུལ་འདྲ་མིན་སྣ་ཚོགས་མཆིས་ནའང་འདིར་ཅུང་ཟད་ཚད་མར་འཛིན་རུང་བའི་བཤད་ཚུལ་ནི། འཛམ་གླིང་ན་སྐད་གྲགས་ཆེ་བའི་བོད་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་དྲུག་གི་ནང་ཚན་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་གླང་ལོར་(སྤྱི་ལོ་༡༧༠༡)ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྡོ་རྗེ་ངག་དབང་བརྩོན་འགྲུས་མཆོག་གིས་ཕྱག་འདེབས་མཛད་པ་ཡིན་ལ། ཀུན་མཁྱེན་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་(༡༧༢༨-༡༧༩༧)ཆོས་སྡེ་འདིའི་རིག་གནས་མ་ལག་གི་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་བྱ་བ་འཕེལ་རྒྱས་སུ་གཏོང་ཆེད་“བདུན་པའི་རིགས་གྲྭ་”ཞེས་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཞིག་གསར་དུ་སྤེལ། ཆོས་ཀྱི་བྱེད་སྒོ་དེའི་སྐབས་དགེ་བའི་བཤེས་གཉེན་མཐོ་གྲས་རྣམས་གཞུང་བཀའ་པོད་ལྔའི་འཆད་རྩོད་ལ་འཇུག་ཅིང་། ཟླ་བདུན་པའི་ཚེས་བརྒྱད་ཉིན་“ཤ་འཆམ་”འཁྲབ་སྲོལ་མཆིས། དེ་ཡང་གུང་ཐང་སྐུ་ཕྲེང་གསུམ་པ་དཀོན་མཆོག་བསྟན་པའི་སྒྲོན་མེ་(༡༧༦༢-༡༨༢༣)ལ་ཀུན་མཁྱེན་འཇིགས་མེད་དབང་པོས་བཀས་སྐུལ་བ་ལྟར་༼རྗེ་བཙུན་མི་ལའི་རྣམ་མགུར་༽ལས་༼ཁྱི་ར་རས་པ་དང་མཇལ་བ་༽ཡི་སྐོར་དེ་“ཤ་འཆམ་”གྱི་རྣམ་པས་འཁྲབ་ཆོག་པའི་གཞུང་དུ་བསྒྱུར། ཡིན་ནའང་༼ཁྱི་ར་བ་མགོན་པོ་རྡོ་རྗེ་༽ཡི་སྐོར་གྱི་“འཆམ་”དང་སྤྱིར་བཏང་གི་“འཆམ་”གཉིས་ལ་ནང་དོན་དང་རྣམ་པ་གང་ཐད་ནས་བར་ཁྱད་ཆེན་པོ་བྱུང་བ་མ་ཟད། བོད་ཀྱི་“འཆམ་”སྤྱིའི་མངའ་ཁོངས་ནས་ཡོངས་སུ་བརྒལ་ཡོད་ལ། གཞུང་འདི་ལ་བྱུང་རིམ་དོན་རྐྱེན་དང་མི་སྣའི་གཤིས་ཀ བྲོ་གར་གྱི་གྲུབ་ཆ་ཤིན་ཏུ་མོད་ཅིང་ཕྱག་ཞབས་ཀྱི་མཚོན་དོན་ཁོ་ནའི་སྟངས་སྟབས་བསྒྱུར་བའི་“འཆམ་”གྱི་བཀག་རྒྱ་ལས་ཡོངས་སུ་བརྒལ་ཏེ། “གླུ་”དང་“བྲོ་”ཟློས་པའི་ངང་གཞུང་འདོན་པའི་དབྱངས་རྟའང་ཡོད་པས་“གར་”ཉམས་ཀྱང་“འཆམ་”ལས་ལྷག་པ་ཞིག་ཡོད་དེ། གདོང་འབག་དང་ཕྱག་མཚན། ཕྱག་རྒྱའི་མཚོན་སྟངས་ཀྱིས་དགྲ་བགེགས་བར་ཆད་སེལ་བའི་ལྐུག་ཟློས་ཀྱི་“འཆམ་”ལས་ལོགས་སུ་དགར་འོས་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རིམ་བཞིན་ཆགས་པ་མ་ཟད། ཟུར་ཟ་དང་དགོད་བྲོ་བའི་ཟློས་གར་གྱི་ཉམས་སྣང་ཡང་མི་དམན་པ་བྱུང་བ་ནི་དགོན་སྡེ་འདིའི་“རྣམ་ཐར་”ཟློས་གར་གྱི་ཐོག་མའི་རྣམ་པ་ཡིན་ ༡ཞེས་པ་ལས་ང་ཚོས་ཡུལ་དུས་ཀྱི་གནས་བབ་གང་གི་ཆ་ནས་བལྟས་ཀྱང་ཚད་མར་འཛིན་རུང་བར་བདེན་པ་ཪྙེད་ཐུབ་པར་སྙམ། རྒྱུ་མཚན་ནི་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ནི་དུས་སྐབས་དེའི་མདོ་སྨད་ཡུལ་ཁམས་སྤྱིའི་ཆོས་ལུགས་དང་རིག་གནས་འཕེལ་རྒྱས་ཀྱི་ལྟེ་བ་ཆེ་གྲས་སུ་གྱུར་ཡོད་པས། ཆོས་སྡེ་དེ་ནས་རྣམ་ཐར་ཟློས་གར་འཁྲབ་པའི་ལོ་རྒྱུས་ཀྱི་ཐོག་མའི་ས་བོན་འབུས་པ་ནས་བཟུང་མཐའ་འཁོར་གྱི་དགོན་ལག་སོ་སོ་གཙོ་བོར་བྱས་ནས་ཡུལ་མདོ་སྨད་ཀྱི་ཡུལ་གྲུ་མང་ཆེ་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྣམ་ཐར་ཟློས་གར་རིགས་འདིའི་འཕྲིན་ལས་རྒྱ་ཆེར་སྤེལ་ཏེ་རྣམ་ཐར་ཟློས་གར་འཁྲབ་པའི་གཞུང་ལུགས་དང་། འཁྲབ་སྲོལ། རྣམ་པ་སོགས་སྒྱུ་རྩལ་གྱི་མ་ལག་རྒྱ་ཆེར་གྲུབ་པའི་འགོ་གསར་དུ་ཚུགས་པ་རེད།
གཉིས་པ། མདོ་སྨད་ཅོ་ནེ་ཆས་པའི་གཤིས་ངོ་སྤྲོད་རགས་བསྡུས།
དེ་ཡང་མདོ་སྨད་ཅོ་ནེ་ཆས་པའི་གཤིས་ས་ཆ་ཞེས་པ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་རྫོང་གི་ནུབ་རྒྱུད་དུ་ཆགས་ཤིང་། གནའ་དེང་ལོ་རྒྱུས་མཁས་པ་དག་གིས། ཆས་པ་ས་འཛིན་ཡུལ་འཛིན། །ཆས་ཕྲུག་གནམ་གྱི་སྐར་མ། །ཞེས་བསྔགས་པ་དོན་དང་ལྡན་ལ། དེ་ཡང་ཆས་པའི་གཤིས་ཞེས་པའི་ཡུལ་མིང་ཐོགས་ཚུལ་ལ་ངག་རྒྱུན་དང་། རང་བཟོ། ལོ་རྒྱུས་སྨྲ་བའི་དབང་པོ་དག་གི་གསུང་སྒྲོས་སོགས་བཞེད་པ་མི་མཐུན་པ་འགའ་རེ་མཆིས་ཀྱང་། བདག་ནི་སངས་རྒྱས་ཕྱོགས་མི་འཛིན། །སེར་སྐྱ་སོགས་ལ་མི་སྡང་ཡང་། །གང་ཞིག་རིགས་པ་ལྡན་པའི་ཚིག། དེ་ཉིད་སྟོན་པར་ཡོངས་སུ་འཛིན། ། ༢ཞེས་གསུངས་པ་བཞིན་ཆས་པ་སྒོ་མང་མཁན་ཆེན་ནམ་ཆས་པ་རྒྱ་མཁར་བ་ངག་དབང་དགེ་འདུན་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ས་ཕག་ལོར་མཛད་པའི་༼ཆས་པའི་བླ་རབས་དང་གདུང་རྒྱུད་བྱུང་ཚུལ་གྱི་ཐོག་མའི་ལོ་རྒྱུས་ཨུཏྤལ་རྣ་རྒྱན་༽(བསྡུས་མིང་དུ་ཆས་པའི་ཆགས་རིམ་ཞེས་འབོད་པ་)ཞེས་པར། དེ་ཡང་བོད་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞེས་གྲགས་པའི་ནང་ཚན་ཁྲི་རལ་པ་ཅན་གྱི་གདུང་རྒྱུད་ཅིག་གིས་ལྷ་ལྡན་སྐྱོར་མོ་ལུང་གི་ས་བཟུང་། སྐྱོར་མོ་ལུང་གི་ཡ་སྟོད་སྟོད་ལུང་ཡངས་པ་ཅན་གཞི་ཆགས། ཡུལ་དེའི་འགོ་འཛིན་གྱི་བདག་པོ་ཞབས་པད་ཅན་དུ་བྱས། མི་རབས་གདུང་རྒྱུད་མང་པོ་སོང་ནས་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་སྐྱོར་མོ་ལུང་དུ་དེའི་གདུང་རྒྱུད་དུ་འཁྲུངས་ཙམ་གྱི་དུས་ཚོད་ཙམ་ལ། ཁྲི་རལ་གྱི་གདུང་རྒྱུད་ཀྱི་མཚོ་འགྲུལ་སྐོར་ཚན་ཞིག་སྟོད་ལུང་ཡངས་པ་ཅན་ནས་མཆེད་དེ་ཁམས་ཕྱོགས་སུ་སོང་ནས་ཐོགས་ཅིག་བསྡད། དེ་ནས་མར་ཨ་མདོའི་ཕྱོགས་སུ་ཆས་ནས་ཁལ་མཛོ་མང་པོ་དང་བཅས་པ་ད་ལྟའི་ཨ་མྱེས་དཔལ་རྒན་གྱི་མདུན་དུ་སླེབས་པ་དང་ཁལ་མཛོ་མང་པོ་ངལ་དུབ་ཀྱིས་ཆད་པས་གཞི་ཆགས་ཀྱི་གནས་འདི་ཡིན་ནམ་སྙམ་ནས་གཞི་ཕབ་ནས་བསྡད། ས་ཡི་མིང་ལ་བརྒྱ་ཆད་ཅེས་པའི་མིང་དུ་ཐོགས། མི་རྣམས་ཐག་རིང་ནས་མཆེད་པའམ་ཆས་ནས་ཡོང་བས་ཆས་པ་ཞེས་མིང་བཏགས་ ༣ཅེས་གསུངས་པ་བཞིན་ཕྱིས་སུ་སྔར་རྒྱུན་ལྟར་ཆས་པའི་གཤིས་ཅེས་ཚོ་པ་དང་ས་མིང་དུ་འགྱུར་བར་སྙམ། དེའི་མངའ་ཁོངས་ད་ལྟའི་ཉིན་པ་དང་མདོ་ཁོག་ཡུལ་ཚོ་གཉིས་ཡིན། བྱེ་བྲག་ཏུ་བརྒྱ་ཆད་དང་ཉིན་པ། སྲིབ་པ། དགའ་ཚལ། སྐེ་རགས། ཡུལ་མཛེས་ཚལ། དགུན་པ། མགོ་ཚང་། ཤིང་ཁམས། གོང་ཇོ་ཐང་ཀ། གོང་ཇོ་གོང་མ། བྲག་རྩ། ལུང་མདོ། ལུང་བུ་ནང་། རྒྱ་ལུ་ཐང་། སྨར་ཚང་། པེ་ཙི་ཐང་། མདོ་ཁོག བྱ་འོག ཕན་ཁྱིམ། ཨ་རྒྱུ་ནང་། སྟག་འགག་བཅས་གཙོ་བོར་ཞིང་འབྲོག་གཉིས་ལྡན་གྱི་ཐོན་སྐྱེད་འཚོ་བ་གཉེར་བའི་སྡེ་པ་ཉེར་གཉིས་ཀྱི་སྤྱི་མིང་ལ་གོ་དགོས། མིང་གཞན་དུ་ཆོས་དཔལ་ཞིང་དུ་ཡང་འབོད། ཆས་པའི་གཤིས་ལ་ཡར་འགག་དང་མར་འགག་གཉིས་སུ་ཕྱེ་ཡོད་པ་སྟེ། དགོན་པའི་སྟོད་རྒྱུད་ཀྱི་མི་སྡེ་ལ་ཡར་འགག་དང་། དགོན་པའི་སྨད་རྒྱུད་ཀྱི་མི་སྡེ་ལ་མར་འགག་ཏུ་འབོད། དེ་བས་བསྡུས་མིང་དུ་“ཆས་པའི་ཆགས་རིམ་”ཞེས་འབོད་པ་འདི་ནི་ཕྱིས་རབས་པ་རྣམས་ཀྱིས་ཆེས་ཡིད་སྟོན་རུང་བའི་མདོ་སྨད་ཅོ་ནེ་ཆས་པའི་གཤིས་ས་ཆའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་ཏུ་འདོད།
གསུམ་པ། མདོ་སྨད་ཅོ་ནེ་ཆས་པའི་གཤིས་བརྒྱ་མཆེད་སྡེ་པའི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་གནས་བབ་རྟོག་ཞིབ་གནས་ཚུལ།
མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཅོ་ནེ་ཆས་པའི་གཤིས་བརྒྱ་མཆེད་སྡེ་པའི་བོད་ཀྱི་རྣམ་ཐར་ཟློས་གར་ཚོགས་པ་ནི་སྤྱི་ལོ་༡༩༧༨ལོར་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་རྗེས་ཆོས་ལུགས་དང་སྲོལ་རྒྱུན་རིག་གནས་ཉམས་རྒུད་དུ་གྱུར་བ་རྣམས་སླར་གསོ་བྱེད་པའི་འབོད་སྐུལ་གངས་ལྗོངས་ཀྱི་ཡུལ་གྲུ་ཀུན་ལ་ཁྱབ་སྟེ་བོད་ཀྱི་ཆོས་ལུགས་དང་རིག་གནས་སྒྱུ་རྩལ་དེ་ཡང་བསྐྱར་གོ་ལ་ཟླུམ་པོའི་ངོས་སུ་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གཏོང་བའི་སྐལ་བཟང་བྱུང་བའི་འགོ་ཚུགས་པ་དང་བསྟུན་ནས། ས་འདིའི་སེར་སྐྱ་ཀུན་གྱིས་གཙིགས་སུ་བཀུར་བའི་བླ་ཆེན་དམ་པ་ཁྲི་ཆེན་རབ་བརྟན་རྒྱ་མཚོ་སྐུ་ཕྲེང་བཞི་པ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་རྒྱ་མཚོ་ཚང་དང་བྱ་འོག་ཚང་བརྩོན་འགྲུས་རྒྱ་མཚོ་ཁོང་རྣམ་པ་གཉིས་ཀྱིས་ས་འདིའི་ཡུལ་བབ་དང་མི་གཤིས། རིག་གནས་ཁོར་ཡུག ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་དང་ཐུགས་བསམ་ངེས་ཅན་གནང་ནས། གཅིག་ནས་ཆས་པའི་གཤིས་ཡུལ་སྡེ་ཕན་ཚུན་བར་གྱི་འབྲེལ་བ་ཇེ་ཟབ་དང་། གཉིས་ནས་མི་ཆོས་རིག་གནས་དང་ལྷ་ཆོས་རིག་གནས་ཟུང་དུ་འབྲེལ་ཏེ་དགེ་སྡིག་ལས་འབྲས་སོགས་ཀྱི་རྒྱུ་འབྲས་ཀྱི་འབྲེལ་བ་དང་རྟེན་འབྲེལ་གྱི་རང་བཞིན་རྣམ་ཐར་ཟློས་གར་འཁྲབ་པའི་སྒྱུ་རྩལ་གྱི་བྱ་འགུལ་འདི་བརྒྱུད་ནས་ངེས་ཤེས་ཐོབ་ཏུ་བཅུག་སྟེ། ཡུལ་སྡེ་འདིར་ལས་རྒྱུ་འབྲས་བརྩི་ཞིང་སྲོག་གཅོད་ལ་འཛེམ་པ། ཆེ་བཀུར་ཆུང་བྱམས་ཀྱི་གནའ་རབས་བོད་མི་རིགས་ཀྱི་གོམས་གཤིས་བཟང་པོ་སླར་གསོ་དང་རྒྱུན་སྐྱོང་བྱེད་པའི་ཐུགས་འདུན་ཟབ་མོས་སྡུན་བསུས་ཏེ་ལོ་དེའི་དབྱར་ཁར་ས་དེ་གར་དམངས་ཁྲོད་ཀྱི་རྣམ་ཐར་ཟློས་གར་ཚོགས་པ་ཞིག་གསར་དུ་བཙུགས། མིང་ལ་“བརྒྱ་མཆེད་སྡེ་པའི་རྣམ་ཐར་ཟློས་གར་ཚོགས་པ་”ཞེས་བཏགས། དང་ཐོག་དམངས་ཁྲོད་ཀྱི་རྣམ་ཐར་ཟློས་གར་ཚོགས་པ་དེ་ལ་དཔལ་འབྱོར་གྱི་ཆ་རྐྱེན་དང་འཁྲབ་གཞུང་། འཁྲབ་ཆས། འཁྲབ་སྟོན་པའི་རྩ་འཛུགས། འཁྲབ་སྟོན་བྱ་ཡུལ་སོགས་ཀྱི་སྟེང་ནས་དཀའ་ཚེགས་མི་ཉུང་བ་ཞིག་འཕྲད་སྲིད་པ་ནི་སྨོས་མ་དགོས། འོན་ཀྱང་ཁོང་རྣམ་པ་གཉིས་ཀྱིས་གཙོ་བོ་གནང་བའི་ཚོགས་མི་འགའ་ཐེངས་དུ་མར་མདོ་སྨད་ཀན་ལྷོ་ས་ཆའི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་འཕྲིན་ལས་ཕྱོགས་བཞིར་རྒྱས་ས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་སྔགས་པ་གྲྭ་ཚང་དུ་སློབ་སྦྱོང་དང་ཉམས་མྱོང་བསྡུ་ལེན་བྱ་བར་མངགས་ནས་རྣམ་ཐར་ཟློས་གར་གྱི་འཁྲབ་སྟོན་སྒྱུ་རྩལ་དང་། རྣམ་ཐར་གྱི་ཚིག འདོན་རྟ་དབྱངས་སོགས་ལ་སློབ་སྦྱོང་ལེགས་པར་མཛད། དེའི་ནང་གི་ཚབ་མཚོན་རང་བཞིན་ལྡན་པའི་མི་སྣ་ཨ་ཁུ་བསམ་གཏན་རྒྱ་ཚོ་ ༤ནི་རྣམ་ཐར་ཟློས་གར་ཚོགས་པ་དེའི་འགན་འཛིན་པར་བསྐོས། རྣམ་ཐར་ཟློས་གར་ཚོགས་པ་འདིའི་ཆེས་ཐོག་མའི་འཁྲབ་གཞུང་༼སྲོང་བཙན་སྒམ་པོའི་རྣམ་ཐར་༽ནང་གི་འཁྲབ་སྟངས་དང་འདོན་རྟ་དབྱངས་མང་ཆེ་བ་བླ་བྲང་སྔགས་པ་གྲྭ་ཚང་གི་རྣམ་ཐར་ཟློས་གར་འཁྲབ་གཞུང་༼སྲོང་བཙན་སྒམ་པོ་༽ལ་དཔེ་བྱས་ཏེ་ཁོང་རྣམ་པ་གཉིས་སྐུ་དངོས་སུ་ཚོགས་འགོར་ཕེབས་ནས་ཐེངས་དང་པོར་བརྒྱ་མཆེད་སྡེ་པ་ནས་འཁྲབ་སྟོན་བྱས་པས་ཡུལ་སྡེ་འབངས་མི་ཡོངས་ཀྱི་དད་མོས་ཀྱི་གུས་ཕྱག་དང་བསྟོད་བསྔགས་ཀྱི་དགའ་བསུ་ཆེན་པོ་ཐོབ། ༡༩༨༢ལོར་ཅོ་ནེ་རྫོང་གིས་གཙོ་སྒྲུབ་བྱས་པའི་“དམངས་ཁྲོད་རིག་གནས་འཕེལ་རྒྱས་དང་། མི་རིགས་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ”ཞེས་པའི་རིག་རྩལ་བྱ་འགུལ་ཁྲོད་རྣམ་ཐར་ཟློས་གར་ཚོགས་པ་འདིས་འཁྲབ་སྟོན་བྱས་པའི་རྣམ་ཐར་ཟློས་གར་༼སྲོང་བཙན་སྒམ་པོའི་རྣམ་ཐར་༽ལ་“ཕུལ་བྱུང་འཁྲབ་གཞུང་གི་བྱ་དགའ་”ཐོབ་པ་མ་ཟད། ཀུན་མཁྱེན་འཇམ་དབྱངས་བཞད་པས་ཀྱང་ས་དེ་གའི་བོད་ཀྱི་རྣམ་ཐར་ཟློས་གར་འཁྲབ་སྟོན་བྱ་རྒྱུ་རྒྱུན་མ་ཆད་པར་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་དགོས་པའི་གསུང་སྐུལ་གང་མང་གནང་མྱོང་། དེ་བས་དེང་སྐབས་ལོ་རེའི་གནམ་ལོ་གསར་པའི་ཚེས་འགོ་རུ་ས་དེ་གར་འཁྲབ་སྟོན་བྱེད་སྐབས་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགོན་ལག་གལ་ཆེན་ཞིག་སྟེ་མདོ་སྨད་ཅོ་ནེ་རྫོང་ཆོས་དཔལ་ཞིང་(ཆས་པའི་གཤིས་ཀྱི་མིང་གཞན།)བཀྲ་ཤིས་ཆོས་འཁོར་གླིང་གི་དགོན་བདག་མདོ་སྨད་བླ་མ་དཀར་པོ་སྐུ་ཕྲེང་ལྔ་པ་རྗེ་འཇིགས་མེད་བསྟན་འཛིན་རྒྱ་མཚོ་ཚང་སྐུ་དངོས་སུ་རྣམ་ཐར་ཟློས་གར་འཁྲབ་སྟོན་བྱེད་པའི་ཚོགས་འགོ་རུ་ཕེབས་ནས་ས་འདུལ་དང་བྱིན་རླབས་ཀྱི་འཕྲིན་ལས་རྣམ་པར་སྤེལ་ཏེ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་མཛད། རིམ་བཞིན་འཁྲབ་གཞུང་འདིའི་རྨང་གཞིའི་སྟེང་ནས་ཕལ་ཆེར་ལོ་ངོ་གཉིས་རེའི་མཚམས་ནས་འཁྲབ་གཞུང་གསར་པ་རེ་ཁ་སྣོན་དང་འཁྲབ་སྟོན་གྱི་འཕྲིན་ལས་སྤེལ་བས་ད་ལྟ་ཡུལ་སྡེ་འདིར་བསྡོམས་པས་འཁྲབ་གཞུང་སྣ་ཁ་ལྔ་ཡོད། དེ་དག་སོ་སོ་ནི་༼སྲོང་བཙན་སྒམ་པོའི་རྣམ་ཐར་༽དང་། ༼དྲི་མེད་ཀུན་ལྡན་གྱི་རྣམ་ཐར༽། ༼མཁའ་འགྲོ་མ་འགྲོ་བ་བཟང་མོའི་རྣམ་ཐར༽། ༼ཨ་སྟག་ལྷ་མོའི་རྣམ་ཐར༽། ༼བདུད་འདུལ་༽བཅས་ཡིན། འཁྲབ་གཞུང་དེ་དག་འཁྲབ་སྟོན་བྱེད་པའི་དུས་ཚོད་ནི་ལོ་རེའི་རྒྱ་ལོའི་ལོ་གསར་ཚེས་པ་གསུམ་ནས་བདུན་བར་ཡིན་ལ། དེ་ནི་ཡུལ་སྡེ་འདིར་མཚོན་ན་ལོ་གསར་གྱི་དུས་སྟོན་ལ་རོལ་བའི་གོ་རིམ་ཁྲོད་ཆེས་དོན་སྙིང་ལྡན་པ་དང་ཡུལ་མི་ལྷན་འཛོམས་ཀྱི་གོ་སྐབས་གལ་ཆེན་ཞིག་རེད། རྣམ་ཐར་ཟློས་གར་ཚོགས་པ་འདི་ནི་འཁྲབ་སྟོན་པ་གཙོ་བོ་བསྡོམས་པས་མི་༣༠ལྷག་གིས་གྲུབ་ལ། འཁྲབ་སྟོན་པ་དེ་དག་སྡེ་མི་ཀུན་ལས་ཅུང་ཡིག་ངོ་ཟིན་པ་དང་ཡ་རབས་གུས་སྲོལ་ལྡན་པའི་ཁྱིམ་ཚང་ནས་འདེམས་པ་རེད། རྣམ་ཐར་ཟློས་གར་འཁྲབ་པའི་ཉིན་དེ་གའི་རིང་ལ་མི་སྒེར་རམ་ཁྱིམ་ཚང་སྒེར་གྱིས་སྦྱིན་བདག་བྱས་ནས་ཞལ་འདེབས་གནང་བ་དེ་རྣམ་ཐར་ཟློས་གར་ཚོགས་པ་འདིའི་དཔལ་འབྱོར་གྱི་མ་རྩའི་ཡོང་ཁུངས་གཙོ་བོ་ཡིན། རྣམ་ཐར་ཟློས་གར་འཁྲབ་པའི་ཞལ་འདེབས་ལ་མཐོ་དམའ་ཡི་ཚད་བཀག་གཏན་ནས་མེད་ལ། གཙོ་བོ་མི་སྒེར་རམ་ཁྱིམ་ཚང་གང་དེའི་འབྱོར་འཁོས་ལ་གཞིགས་ཏེ་གདན་ཞུ་བྱས་ན་ཆོག འཁྲབ་གཞུང་དེ་དག་ལས་༼དྲི་མེད་ཀུན་ལྡན་གྱི་རྣམ་ཐར་༽ལ་མཚོན་ནས་བཤད་ན་ཡུལ་སྡེ་འདིར་གོམས་གཤིས་ཅུང་ཐུན་མོང་མ་ཡིན་པ་ཞིག་ཡོད་དེ། ༼དྲི་མེད་ཀུན་ལྡན་གྱི་རྣམ་ཐར་༽འཁྲབ་སྟོན་བྱས་ཚར་རྗེས་ཉིན་དེའི་སྦྱིན་བདག་གིས་ཡུལ་སྡེ་འབངས་མི་ཡོངས་ལ་འཁྲབ་གཞུང་གི་དགོངས་དོན་ལེགས་པར་རྫོགས་ཆེད་ཟས་ནོར་གང་མང་ཞིག་སྦྱིན་པ་གཏོང་བའི་ཚོགས་བསགས་ཀྱི་བྱ་འགུལ་རྒྱས་པ་ཞིག་སྤེལ་སྲོལ་ཡོད། གཙོ་བོ་རྣམ་ཐར་ཟློས་གར་འཁྲབ་སྟོན་བྱ་རྒྱུ་དེ་ལོ་གསར་པའི་ནང་སྡེ་སྤྱིའམ་ཁྱིམ་ཚང་གང་དེའི་མི་ལ་ན་ཚ་མེད་པ་དང་། ཕྱུགས་ལ་གོད་ཁ་མི་ཡོང་བ། ཅི་བསམ་ལྷུན་གྱིས་འགྲུབ་པའི་ཆོས་ལུགས་ཀྱི་ཆོ་ག་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། དེ་ལྟར་རྒྱུད་འཛིན་དང་སྲུང་སྐྱོབ། གོང་འཕེལ་གཏོང་བའི་གོ་རིམ་ཁྲོད་ཁྲི་ཆེན་རབ་བརྟན་རྒྱ་མཚོ་ཚང་གིས་རྣམ་ཐར་ཟློས་གར་འཁྲབ་སྟོན་ལོ་རེར་རྒྱུན་ཆད་དུ་འཇུག་མི་ཉན་ཞེས་གསུང་སྐུལ་ཡང་ཡང་གནང་བ་ལྟར་ཡུལ་སྡེ་འདིར་གནས་ཚུལ་གང་འདྲ་བྱུང་ཡང་ད་ལྟའི་བར་གོང་གསལ་གྱི་འཁྲབ་གཞུང་ལྔ་པོ་དེ་རྒྱུན་མ་ཆད་པར་ཆེས་ཉུང་ན་ཡང་ལོ་རེར་འཁྲབ་སྟོན་ཐེངས་གཅིག་བྱེད་བཞིན་ཡོད། ད་དུང་ཁོང་གིས་གལ་པོ་ཆེ་ལ་ནན་ཏན་དང་དམ་པའི་ཆོས་ལ་བརྒྱ་ཚར་ཞེས་པའི་དཔེ་བཞིན་དུ་“རྣམ་ཐར་ཟློས་གར་འཁྲབ་སྟོན་ཐེངས་གཅིག་བྱས་ན་བཀའ་འགྱུར་ཐེངས་གཅིག་དག་ཚར་བྱས་པའི་ཕན་ཡོན་དང་མཉམ། ” ༥ཞེས་གསུངས་ཡོད་པས། དེའི་ཡུལ་མི་ཀུན་གྱིས་རྣམ་ཐར་ཟློས་གར་འཁྲབ་སྟོན་བྱེད་པའི་ཉིན་དེ་དག་གི་རིང་ལ་འཁྲུག་རྩོད་མི་བྱེད་པ་དང་། ཆང་མི་འཐུང་བ། སེམས་ཅན་གཞན་གྱི་སྲོག་མི་གཅོད་པར་བྱེད་ལ། སེར་སྐྱ་ཀུན་གྱིས་“རྣམ་ཐར་ལ་བལྟ་རུ་འགྲོ་”ཞེས་མི་ཟེར་བར་“རྣམ་ཐར་ལ་མཇལ་དུ་འགྲོ་”ཞེས་བརྗོད་བཞིན་མཐུན་སྒྲིལ་དང་། འཆམ་མཐུན། རབས་གུས་སྲོལ་ལྡན་པའི་ཡུལ་སྡེ་ཞིག་ལྷུན་གྱིས་གྲུབ་ནས་ཡོད།
བཞི་པ། མདོ་སྨད་ཀན་ལྷོའི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་རིག་གནས་ཁྱད་ཆོས།
སྤྱིར་རིག་གནས་སྒྱུ་རྩལ་གང་ཡང་རུང་བ་ཞིག་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་འཕེལ་རྒྱས་འགྲོ་བའི་གོ་རིམ་ཁྲོད་རིག་གནས་གང་དེའི་ཁྱད་ཆོས་ལ་འཚོལ་རྟོག་དང་ཞིབ་འཇུག་བྱེད་སྐབས་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཇི་སྐད་དུ། ལུས་ཀྱིས་དེ་ལྟར་སྤྱད་པར་བྱ། །ངག་གིས་བརྗོད་པས་ཅི་ཞིག་ཕན། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་དག་སེལ་བར་འགྱུར་རམ་ཅི། ། ༦ཞེས་གསུངས་པ་ལྟར། ལག་ལེན་མེད་པའི་ཁ་བཤད་ཙམ་གྱིས་རང་གཞན་སུ་ལའང་མི་ཕན་པ་མ་ཟད། ཞིབ་འཇུག་གི་འབྲས་བུ་ནི་དེ་བས་སྨོས་མ་དགོས་པ་ཞིག་རེད། དེ་བས་རིག་གནས་སྒྱུ་རྩལ་གྱི་རྣམ་གྲངས་གང་རུང་ཞིག་གི་རིག་གནས་ཁྱད་ཆོས་དང་རིན་ཐང་སོགས་ལ་ཞིབ་འཇུག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་ངེས་པ་དོན་གྱིས་ཡུལ་དངོས་ལ་སོང་སྟེ་རྟོག་ཞིབ་དང་འཚོལ་རྟོག་བརྒྱུད་དེ་རིག་གནས་སྒྱུ་རྩལ་གང་དེའི་ངོ་བོ་དང་ཆོས་ཉིད། རྣམ་པ་དང་གནས་བབ། འཕེལ་རྒྱས་ཀྱི་སྣང་ཚུལ་སོགས་ལ་དངོས་བཤེར་ཞིབ་མོ་བྱས་ན་ད་གཟོད་རིག་གནས་སྒྱུ་རྩལ་གང་དེའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྔོག་འདོན་དང་སྡོམ་ཚིག་ཐོབ་ཐུབ་པར་སྙམ། དེ་ཡང་འདིར་བདག་གིས་མེ་ཏོག་ཆུང་རུང་ལྷ་རྫས་ཀྱི་ཚུལ་དུ་མདོ་སྨད་ཀན་ལྷོ་ས་ཆའི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་རིག་གནས་ཁྱད་ཆོས་སྐོར་ལས་ཅུང་ཟད་བརྗོད་འདོད་པ་ནི། རྣམ་ཐར་ཟློས་གར་རིགས་འདི་ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་ནས་བྱུང་བའི་ཟློས་གར་རིགས་ཤིག་ཡིན་གཤིས། དེའི་འཁྲབ་རིམ་དང་མཚོན་ཐབས་ལའང་ཆོས་ལུགས་ཀྱི་ནང་དོན་ངེས་ཅན་ཞིག་ལྡན་ཡོད་པ་མ་ཟད། དེས་བོད་ཀྱི་ལོ་རྒྱུས་དུས་རབས་ངེས་ཅན་གྱི་དགོན་པའི་འཚོ་བ་དང་སྤྱི་ཚོགས་འཕེལ་རྒྱས་མཚོན་ཐུབ་ལ། དུས་རབས་མང་པོའི་ཆོས་ལུགས་ཀྱི་གོམས་སྲོལ་དེ་དག་གི་དགེ་མཚན་དང་འཕྲིན་ལས་མངོན་ཐུབ་པའི་ནུས་པའང་ལྷག་ཏུ་ལྡན་པ་ནི་ཀན་ལྷོའི་རྣམ་ཐར་ཟློས་གར་གྱི་རིགས་འདིའི་ནང་དོན་གྱི་ཁྱད་ཆོས་གལ་ཆེན་ཞིག་ཡིན་པ་རེད། གཞན་ཡང་“རྣམ་ཐར་ཟློས་གར་”ཞེས་པ་ལས་ཅུང་ཟད་འཕྲོས་ན། སྤྱིར་རྣམ་ཐར་ཞེས་པའི་མིང་ཚིག་འདི་ལ་སྔོན་བྱུང་མཁས་པ་དམ་པའི་དགོངས་འགྲེལ་མི་འདྲ་བ་གང་མང་ཞིག་མཆིས་ནའང་འདིར་ཅུང་ཟད་ཚད་མར་འཛིན་དུ་རུང་བར་སྙམ་པ་ནི། རྣམ་པར་ཐར་པ་ཞེས་པ་ནི་འཁྲུངས་རབས་ཀྱི་ཕྲེང་བ་སྔོན་མའམ། སྐུ་ཚེ་འདི་ཉིད་གང་ཡིན་ཡང་རུང་སྟེ་གང་ཟག་ཕལ་པ་གཞན་ལས་ཁྱད་པར་དུ་འཕགས་ཤིང་ངོ་མཚར་བའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་སྤྱི་དང་། ལྷག་པར་དུ་རྒྱལ་བའི་བསྟན་པ་ལ་ཐོས་པ་དང་། བསམ་པ། སྒོམ་པ་རྣམ་པར་དག་པ་མཛད་པའི་ཚུལ་དང་། དེ་ལ་བརྟེན་ནས་མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་དང་། བཙུན་པའི་ཡོན་ཏན་སྡོམ་པ་གསུམ་གྱི་བཅས་པའི་མཚམས་ལས་མི་འདའ་བ། གྲུབ་པའི་ཡོན་ཏན་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཚུལ། བཟང་པོའི་ཡོན་ཏན་མཁས་གྲུབ་ཀྱི་ལག་རྗེས་བསྟན་པ་དང་འགྲོ་བ་ཡོངས་ལ་སྨན་པའི་འཕྲིན་ལས་རླབས་པོ་ཆེ་ཇི་ལྟར་མཛད་པའི་ཚུལ་ལ་སོགས་པ་རྣམས་ངག་གི་ཕྲེང་བར་སྤེལ་བ་ལས། མཐོང་བ་དང་ཐོས་པའི་གདུལ་བྱ་གང་གི་རྒྱུད་ལ་བཅོས་མ་མ་ཡིན་པའི་དད་པ་དང་གུས་པ་གོང་ནས་གོང་དུ་འཕེལ་ཞིང་། དེ་ལ་བརྟེན་ནས་གདུལ་བྱ་དེ་དག་གིས་ཀྱང་རྣམ་པར་ཐར་པའི་ཚུལ་དེ་དང་དེ་ལ་སྨོན་ལམ་ཚུན་ཆད་ཀྱིས་ཀྱང་འཇུག་པར་འགྱུར་བའི་ལེགས་བཤད་དེ་ལྟ་བུ་ལ་རྣམ་པར་ཐར་པ་ཞེས་བརྗོད་པ་ཡིན། ༧ཞེས་གསུངས་པ་ལྟར། མདོ་སྨད་ཀན་ལྷོའི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་མང་པོ་ཞིག་གི་བརྗོད་བྱ་དང་རྗོད་བྱེད་གང་གི་ཆ་ནས་བལྟས་ཀྱང་སྔོན་བྱུང་དམ་པ་རྣམས་ཀྱི་རྣམ་པར་ཐར་པ་ལས་འདའ་འགོངས་(超越)མཛད་མེད་པས་དེ་དག་གར་གྱི་ཉམས་དགུ་ལ་བརྟེན་ནས་མངོན་སུམ་ལྟ་བུར་ཉམས་སུ་མྱོང་བ་ཞིག་ཏུ་བསྒྱུར་ཏེ་བསྐྱར་མར་ཟློས་པའི་གོ་རིམ་ཁྲོད་ཟློས་གར་འཁྲབ་གཞུང་དུ་བསྒྱུར་བས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་“རྣམ་ཐར་”དང་“ཟློས་གར་”གྱི་ངོ་བོ་གཉིས་འཛོམས་ལྡན་པ་རེད། གཞན་ཡང་མདོ་སྨད་ཀན་ལྷོའི་རྣམ་ཐར་ཟློས་གར་གྱི་འཁྲབ་གཞུང་གི་བཀོད་སྒྲིག་དང་འཁྲབ་སྟོན་གྱི་གོ་རིམ། འཁྲབ་ཚིག་གི་སྐད་གདངས། འཁྲབ་ཆས་ཀྱི་ཁ་དོག་དང་བཟོ་བཀོད། བར་བཅུག་གི་དབྱངས་རྟའི་འདེགས་འཇོག་སོགས་ཟུར་དང་ངོས་གང་རུང་གི་ཆ་ནས་བལྟས་ཀྱང་དབུས་གཙང་གི་“ཨ་ཅེ་ལྷ་མོའི་ཟློས་གར་”དང་བསྡུར་ན་ཀན་ལྷོ་བོད་རིགས་ས་ཁུལ་གྱི་ཡུལ་ཆས་དང་མཐུན་པའི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་གྱི་ཁྱད་ཆོས་ཤིག་ཏུ་ལྷུན་གྱིས་གྲུབ་ཡོད་པ་རེད། དེས་ཀན་ལྷོའི་བོད་རིགས་ས་ཁུལ་གྱི་དངོས་པོ་མ་ཡིན་པའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན། དྲིལ་བསྒྲགས། འཕེལ་རྒྱས་བཅས་གཏོང་བར་དངོས་ཤུགས་གང་རུང་ནས་ནུས་པ་བླ་ལྷག་འདོན་བཞིན་ཡོད། མདོར་ན་དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་མདོ་སྨད་ཀན་ལྷོའི་བོད་རིགས་ས་ཁུལ་ནས་དར་བའི་རྣམ་ཐར་ཟློས་གར་གྱི་རིག་གནས་འདི་ལ་ཞིབ་འཇུག་དང་རྒྱུས་ལོན་དཔྱིས་ཕྱིན་པར་བྱས་ཏེ་མདོ་དབུས་ཁམས་གསུམ་གྱི་ཟློས་གར་མ་ལག་རྣམས་འཐུས་སྒོ་ཚང་ཞིང་གཅིག་གྱུར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ནས་འཛམ་གླིང་གི་ཟློས་གར་སྒྱུ་རྩལ་གྱི་ཡང་སྟེང་དུ་ཞུགས་ཐུབ་པར་འབད་འབུངས་བྱ་དགོས། །
མཆན་འགྲེལ།
༡༼བླ་བྲང་བཀྲ་ཤིས་འཁྱིལ་དང་རོང་བོ་དགོན་ཆེན་གཉིས་ནས་དར་བའི་བོད་ཀྱི་“རྣམ་ཐར་”ཟློས་གར་གྱི་བྱུང་བ་བརྗོད་པ༽ཨ་ལོ་རིན་ཆེན་བཟང་བོ་དང་རེབ་གོང་རྡོ་རྗེ་མཁར་གཉིས་ཀྱིས་བརྩམས། ༼ཀྲུང་གོ་བོད་ཀྱི་ཤེས་རིག་༽༡༩༩༤ལོའི་དུས་དེབ་བཞི་པའི་ཤོག་ངོས་༢༡ ༢༢ནང་གསལ།
༢ རྗེ་མཐོ་བཙུན་གྲུབ་པས་གསུངས།
༣ ༼ཆས་པའི་བླ་རབས་དང་གདུང་རྒྱུད་བྱུང་ཚུལ་གྱི་ཐོག་མའི་ལོ་རྒྱུས་ཨུཧྥལ་རྣ་རྒྱན༽(ཤིང་པར་མ)། ཆས་པ་སྒོ་མང་མཁན་ཆེན་ནམ་ཆས་པ་རྒྱ་མཁར་བ་ངག་དབང་དགེ་འདུན་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་ས་ཕག་ལོར་མཛད་པ་ལས་ཁོལ་ཕྱུང་དུ་བདམས།
༤ ཨ་ཁུ་བསམ་གཏན་རྒྱ་མཚོ་ནི་“མདོ་སྨད་ཅོ་ནེ་ཆས་པའི་གཤིས་བརྒྱ་མཆེད་སྡེ་པའི་བོད་ཀྱི་རྣམ་ཐར་ཟློས་གར་གྱི་གནས་བབ་རྟོག་ཞིབ་གནས་ཚུལ་”བཅར་འདྲི་བྱེད་ས་ཡིན། ཁོང་ད་ལྟ་དགུང་ལོ་༧༥ཡིན།
༥ བླ་ཆེན་དམ་པ་ཁྲི་ཆེན་རབ་བརྟན་རྒྱ་མཚོ་སྐུ་ཕྲེང་བཞི་པ་རྗེ་བཙུན་སྐལ་བཟང་ཐུབ་བསྟན་རྒྱ་མཚོ་ཚང་གིས་གསུངས་པ།
༦ ༼རང་འབྲོག་ཁུལ་དུ་མི་སྡེའི་སློབ་སྦྱོང་ལྟེ་གནས་འཛུགས་འོས་པའི་སྐོར་གྱི་ལབ་གླེང་ཐན་ཐུན༽སྒོམ་པ་བཀྲ་ཤིས་ཀྱིས་བརྩམས། ༼བོད་ཀྱི་སློབ་གསོ༽༢༠༠༩ལོའི་དུས་དེབ་དང་པོའི་ཤོག་ངོས་༣༤ནང་གསལ།
རྩོམ་པ་པོ། ཆས་པ་རྡོ་རྗེ་དོན་གྲུབ།
འཕྲིན་སྟེགས། weikangba