ཏང་གི་ཆོས་ལུགས་སྲིད་ཇུས་བོད་ལྗོངས་སུ་ལག་བསྟར་དོན་འཁྱོལ་བྱས་པའི་བརྒྱུད་རིམ་མདོ་ཙམ་གླེང་བ།

2014-12-29
428

   སྤྱི་ལོ༡༩༥༡ལོའི་ཟླ་༥པའི་ཚེས༢༣ཉིན་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ས་གནས་སྲིད་གཞུང་གཉིས་ཀྱིས་པེ་ཅིན་དུ༼བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན༽ལ་མིང་རྟགས་བཀོད་ནས་བོད་ཞི་བས་བཅིངས་འགྲོལ་བྱས་པའི་ཁྱབ་བསྒྲགས་གནང་བ་དང་།   སྤྱི་ལོ༡༩༦༥ལོའི་ཟླ༩པར་བོད་རང་སྐྱོང་ལྗོངས་དངོས་སུ་དབུ་བརྙེས།   དུས་དེ་ནས་བཟུང་བོད་ཀྱི་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་ཞིག་སྒོ་དབྱེ་མཛད།  འདས་པའི་དུས་རབས་ཕྱེད་ཙམ་གྱི་རིང་ལ་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་དབྱང་མི་དམངས་སྲིད་གཞུང་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་མཛད་ཅིང་།  དེར་རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་བརྩི་བཀུར་ཐོབ་ཡོད།  ཀྲུང་གོ་གསར་པ་དབུ་བརྙེས་ཁར།  ཀྲུང་དབྱང་སྲིད་གཞུང་ནས་མི་རིགས་ཁག་གི་ཡུལ་གོམས་གཤིས་ལུགས་དང་ཆོས་ལུགས་གནད་དོན་ལ་ཐུགས་ཞིབ་མཛད་ཡོད་དེ།   ༼ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན༽ནང་དུགྲངས་ཉུང་མི་རིགས་ཁག་ལ་རང་ཉིད་ཀྱི་སྐད་ཡིག་འཕེལ་རྒྱས་དང་།  ཡུལ་གོམས་གཤིས་ལུགས་དང་ཆོས་དད་རྒྱུན་འཁྱོངས་དང་ལེགས་བཅོས་བྱེད་པའི་རང་དབང་ཡོདཅེས་གཏན་འབེབས་གནང་ཡོད།  བོད་ཞི་བའི་བཅིངས་འགྲོལ་ཀྱི༼གྲོས་མཐུན་དོན་ཚན་བཅུ་བདུན༽ནང་དུའང་།  བོད་དུཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཐུན་མོང་རྩ་འཛིན་ནང་གཏན་ལ་ཕབ་པའི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་།  བོད་མི་དམངས་ཀྱི་ཆོས་ལུགས་དད་མོས་དང་ཡུལ་གོམས་གཤིས་ལུགས་ལ་བརྩི་བཀུར།  ནང་པའི་དགོན་སྡེར་སྲུང་སྐྱོབ་བཅས་བྱ་རྒྱུ་ཡིནཞེས་འཁོད་ཡོད། བོད་ཞི་བའི་བཅིངས་འགྲོལ་བཏང་རྗེས།  ཀྲུང་དབྱང་ནས་བོད་ཀྱི་མི་རིགས་གནད་དོན་དང་ཆོས་ལུགས་གནད་དོན་ལ་དབྱེ་ཞིབ་གཟབ་ནན་གནང་ནས་བོད་བསྐྱོད་དམག་དཔུང་ནས་ཏང་གི་མི་རིགས་སྲིད་ཇུས་ཡང་དག་པར་ལག་བསྟར་དང་།  བོད་མི་དམངས་ཀྱི་ཆོས་དད་དང་ཡུལ་གོམས་གཤིས་ལུགས་ལ་བརྩི་བཀུར།  བོད་དར་ནང་པའི་ཆོས་ཀྱི་གྲུབ་མཐའ་ཁག་གི་ཁྱད་ཆོས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་བརྩི་བཀུར་དང་སྲུང་སྐྱོང་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།  གྲུབ་མཐའ་ཁག་གི་ཁྱད་ཆོས་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་བརྩི་བཀུར་དང༼གྲོས་མཐུན༽གྱི་ནང་དོན་ཁག་ལག་བསྟར་དོན་འཁྱོལ་གང་ལེགས་ཡོང་ཆེད། ཆོས་སྲིད་ཟུང་འབྲེལ་གྱི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་མ་བཏང་བའི་གནས་བབ་འོག  ཀྲུང་དབྱང་གི་སྐུ་ཚབ་དང་བོད་བསྐྱོད་དམག་དཔུང་གིས་སྔ་ཕྱིར་མཐོ་རིམ་མི་སྣ་དང་སེ་འབྲས་དགའ་གསུམ་དང་།  གཙུག་ལག་ཁང་གཉིས།  རྒྱུད་གྲྭ་སྟོད་སྨད་སོགས་ལ་ཆོས་དད་རང་མོས་ཀྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ནས་སེར་སྐྱ་མང་ཚོགས་ཀྱི་བློ་སེམས་བདེ་བར་འཁོད།  ཆོས་ལུགས་ཀྱི་སྲིད་ཇུས་དོན་འཁྱོལ་གང་ལེགས་ཡོང་ཆེད།  སྤྱི་ལོ༡༩༥༢ལོར་བོད་རང་སྐྱོང་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ལྷ་སའི་གདན་ས་གསུམ་སོགས་སུ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྤེལ་བ་དང་།  སྐབས་དེའི་བོད་ཀྱི་ཆོས་ལུགས་ཀྱི་དམིགས་བསལ་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས་ཐོག་མའི་ལས་དོན་འཆར་གཞི་བཟོས་པ་དང་།  ཀྲུང་དབྱང་ནས་འཆར་གཞི་དེར་དམིགས་ནས་ངེས་པར་དུ་ནང་པ་སངས་རྒྱས་ཆོས་ལུགས་བོད་ཀྱི་མི་རིགས་ཁྲོད་ཀྱི་ཡུན་རིང་གི་ལོ་རྒྱུས་དང་དེ་ཉིད་ཀྱི་མི་དམངས་ཁྲོད་ཀྱི་གཏིང་ཟབ་པའི་སྲོལ་རྒྱུན་གྱི་ཤུགས་རྐྱེན་དང་།  དེ་བཞིན་ཏཱ་ལའི་དང་པཎ་ཆེན་གྱི་རིམ་པ་ཁག་ནང་གི་ཆེས་ཆེ་བའི་ཆོས་ལུགས་ཀྱི་དད་མོས་བཅས་དང་ཆོས་ལུགས་གནད་དོན་གྱི་ཡུན་རིང་བའི་རང་བཞིན་དང་།  རྒྱལ་སྤྱིའི་འབྲེལ་བ་བཅས་ལ་ངོས་འཛིན་ཆ་ཚང་བ་ཡོང་བར་བྱས་ནས།  བོད་ཀྱི་ས་གནས་སུ་ནང་པའི་ཆོས་ལུགས་གནད་དོན་གྱི་ཆབ་སྲིད་དོན་སྙིང་ཐད་ལྟ་སྟངས་ཡང་དག་པ་ཡོང་བ་བྱེད་དགོསརྒྱུའི་བཀའ་སློབ་གནང་ཡོད།  སྤྱི་ལོ༡༩༥༩ལོར་བོད་ལ་དྲག་པོའི་ངོ་ལོག་ཟིང་འཁྲུག་བྱུང་ཞིང་།  དེསབོད་ལ་བཅོས་བསྒྱུར་གྱི་རྣམ་གྲངས་ཁག་ལག་བསྟར་བྱ་རྒྱུ་ཡིན་རུང་།  ཀྲུང་དབྱང་ནས་བཙན་ཐབས་ཀྱི་བྱ་ཐབས་མི་སྤྱོད་པར་བོད་ས་གནས་སྲིད་གཞུང་ནས་རང་འགུལ་གྱི་བཅོས་བསྒྱུར་བྱེད་དགོསཔའི་སྲིད་ཇུས་ལ་འགྱུར་བ་བཏང་བས།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱེད་རྒྱུའི་གོམ་སྟབས་སྔ་སྣུར་བྱས་ཡོད།  ཀྲུང་དབྱང་སྲིད་གཞུང་ནས་ངོ་ལོག་ཟིང་འཁྲུག་ཞོད་འཇགས་བཏང་བ་དང་དུས་མཚུངས་སུ།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས།  བོད་དུ་སྔར་ཡོད་ཀྱི་བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་གཙང་དོར་བྱས་ཡོད།  ཟིང་འཁྲུག་ཞོད་འཇགས་དང་དམངས་གཙོའི་བཅོས་བསྒྱུར་རིང་ལ།  བོད་ཀྱི་རིག་དངོས་དང་།  གནའ་ཤུལ།  དགོན་སྡེ་བཅས་པར་སྲུང་སྐྱོབ་ལེགས་པོ་བྱུང་ཞིང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་ཕོ་བྲང་པོ་ཏ་ལ་དང་།  ལྷ་ལྡན་གདན་ས་གསུམ།  གཙུག་ལག་ཁང་།  གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན་སོགས་རྒྱལ་ཁབ་ཀྱི་གལ་ཆེའི་རིག་དངོས་སྲུང་སྐྱོང་སྡེ་ཚན་དུ་གཏན་འཁེལ་གནང་ཡོད།      

  སྤྱི་ལོ༡༩༥༩ལོའི་ཟླ༦པར།  པཎ་ཆེན་རིན་པོ་ཆེས་བོད་རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པའི་ཐོག་དགོན་སྡེའི་དམངས་གཙོའི་བཅོས་བསྒྱུར་སྐོར་ལ་གྲོས་འགོ་དོན་ཚན་ལྔ་འདོན་གནང་མཛད་ཡོད་དེ།  གཅིག་ནི་བཤུ་གཞོག་མཚམས་འཇོག་པ་དང་།  གཉིས་ནི་དགོན་སྡེར་དམངས་གཙོའི་དོ་དམ།  གསུམ་ནི་རྩ་ཁྲིམས་དགོན་སྡེར་བསྐྱལ་ནས་སྲིད་གཞུང་གི་བཀའ་ཁྱབ་ལག་བསྟར།  བཞི་ནི་གྲྭ་དམངས་ཐོན་སྐྱེད་ནང་བཞུགས་དགོས་པ།  ལྔ་ནི་སེར་མོ་བ་ལོ་ན་མཐོ་བ་དང་ལུས་གཟུགས་ཞན་པ་དང་དཔེ་ཆ་པ་རྣམས་ཀྱི་འཚོ་བ་སྲིད་གཞུང་ནས་འགན་ལེན་བྱ་རྒྱུ་བཅས་རེད།  པཎ་ཆེན་རིན་པོ་ཆེའི་གྲོས་འཆར་འདི་ཉིད་ཕྱིས་ཀྱི་ལས་དོན་དངོས་ཀྱི་ནང་ལག་བསྟར་བྱས་ཡོད།  སྲིད་གཞུང་ནས་གྲུབ་མཐའ་ཁག་ལ་ཉེ་རིང་མེད་ལ་འདྲ་མཉམ་གཅིག་མཚུངས་ཀྱི་སྲིད་ཇུས་ལག་བསྟར་དང་།  དགོན་སྡེའི་གྲྭ་དམངས་ནས་དམངས་གཙོའི་འདེམས་སྒྲུག་བརྒྱུད་དམངས་གཙོའི་དོ་དམ་ཨུ་ཡོན་ལྷན་ཁང་དང་ཡང་ན་དམངས་གཙོའི་དོ་དམ་ཚོ་ཆུང་བཙུགས་ཏེ་དགོན་པ་རང་ངོས་ནས་ཆོས་ལུགས་ལས་དོན་དོ་དམ་བྱེད་པ་དང་།   རང་ངོས་ནས་ཆོས་ཕྱོགས་བྱེད་སྒོ་ཁག་སྤེལ་བ་སོགས་བོད་ཀྱི་རྒྱ་ཁྱབ་སེར་སྐྱ་མང་ཚོགས་རྣམས་ལ་ཆོས་དད་རང་མོས་དང་འགྲོ་བ་མིའི་ཐོབ་ཐང་དངོས་སུ་ཐོབ་ཡོད།  མདོར་ན་བོད་ཀྱི་དགོན་སྡེའི་དམངས་གཙོའི་བཅོས་བསྒྱུར་གྱི་སྤྱིའི་རྩ་དོན་ནི་ཆོས་དད་རང་མོས་ཀྱི་སྲིད་ཇུས་རྒྱུན་འཁྱོངས་དང་།  རྒྱལ་གཅེས་ཁྲིམས་སྲུང་གི་དགོན་སྡེ་དང་ཆོས་ལུགས་མི་སྣར་སྲུང་སྐྱོང་།  དགོན་སྡེའི་ངོ་ལོག་ཟིང་འཁྲུག་གཙང་སེལ།  དགོན་སྡེའི་བཀས་བཀོད་རྒྱུན་འཛིན་གྱི་ཁྱད་དབང་དང་བཤུ་གཞོག་ལམ་ལུགས་རྩ་མེད་བཟོས་ནས་དགོན་སྡེའི་དམངས་གཙོའི་དོ་དམ་ལམ་ལུགས་གསར་འཛུགས་དང་ཆོས་ལུགས་རིག་དངོས་ཀྱི་ཤུལ་དངོས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་རེད།། 

  བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་མི་རིང་བར།  སྤྱི་ལོ༡༩༦༦ལོ་ནས༡༩༧༦ལོ་བར།  ཀྲུང་གོའི་ས་གནས་གཞན་དང་འདྲ་བར་བགྲང་བྱ་བཅུའི་རིང་གིརིག་གནས་གསར་བརྗེ་ཆེན་པོབརྒྱུད་དགོས་པ་བྱུང་། འཁྲུག་ཟིང་ཆེ་བའི་ལོ་ཟླ་དེ་འདས་རྗེས་ཀྲུང་དབྱང་ནས་བོད་ཀྱི་ཆོས་ལུགས་སྲིད་ཇུས་ལ་ཡོ་བསྲང་དག་སེལ་གནང་ནས་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཚུད་པའི་སྲིད་ཇུས་ཡང་དག་ཁག་སྒོ་ཀུན་ནས་དོན་འཁྱོལ་མཛད།   

  རིག་གནས་གསར་བརྗེའིགྱོང་གུན་གསབ་ཆེད་དུ།  ༡༩༨༠ལོ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་ནས་སྔ་ཕྱིར་སྒོར་དུང་ཕྱུར༣ལྷག་བཏང་ནས་བོད་ཀྱི་དགོན་སྡེ་དང་།  གདུང་རྟེན།  ཆོས་ཁང་སོགས་ཉམས་གསོ་གནང་ཡོད།  སྙན་པའི་གྲགས་པས་ཡོངས་སུ་ཁྱབ་པའི་ལྷ་ལྡན་གདན་ས་གསུམ་དང་།  གཞིས་རྩེ་བཀྲ་ཤིས་ལྷུན་པོ་དགོན།  ས་སྐྱ་དགོན།  གཙུག་ལག་ཁང་།  བསམ་ཡས་དགོན།  ཞ་ལུ་དགོན་སོགས་དང་དེ་མིན་གྱི་དགོན་སྡེ་ཆུང་འབྲིང་སྣ་ཚོགས་ལ་ཚད་གཞི་མི་འདྲ་བའི་ཉམས་གསོ་བྱུང་ཡོད།   

  ༡༩༨༤ལོར་རྒྱལ་ཁབ་ནས་ཆེད་དངུལ་སྒོར་ཁྲི་ཚོ༦༧༠དང་།  གསེར་སྤྱི་རྒྱ༡༠༨ དངུལ་སྤྱི་རྒྱ༡༠༠༠ དངུལ་ཆུ་སྤྱི་རྒྱ༦༦༥བཅས་གནང་ནས་པཎ་ཆེན་སྐུ་ཕྲེང་ལྔ་པ་ནས་དགུ་པའི་བར་གྱི་གདུང་རྟེན་དང་མཆོད་ཁང་ཤར་བཀྲ་ཤིས་རྣམ་རྒྱལ་གསར་བཞེངས་མཛད་ཅིང་།  ༡༩༨༨ལོའི་ཟླ༡༢པར་དངོས་སུ་ལེགས་གྲུབ་བྱུང་ཡོད།  ཆོས་ཁང་འདི་ཉིད་ཀྱི་རབ་གནས་མཛད་སྒོ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་ནས་བསྐྱངས།  པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་གཞན་དོན་དུ་གཤེགས་རྗེས།  རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱི་འདོད་བློ་སྐོང་ཆེད་དུ་སྤྱི་ལོ༡༩༩༠ལོའི་ཟླ༦པར།  རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་བཀྲ་ཤིས་ལྷུན་པོ་དགོན་དུ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་གསེར་གདུང་དང་མཆོད་ཁང་གསར་བཞེངས་ཀྱི་ཆོག་མཆན་གནང་བ་དང་།  གྲོན་དངུལ་སྒོར་ཁྲི་ཚོ༦༤༠༠ལྷག་ཙམ་དང་།  གསེར་སྤྱི་རྒྱ༦༠༠ལྷག་ཙམ། དངུལ་སྤྱི་རྒྱ༢༧༥ལྷག་ཙམ།  དེ་མིན་གྱི་རྒྱུ་ཆ་སྣ་ཚོགས་གནང་ནས་ལོ་ངོ་གསུམ་རིང་གི་འཛུགས་སྐྲུན་བརྒྱུད་ནས་པཎ་ཆེན་སྐུ་ཕྲེང་བཅུ་པའི་གསེར་གདུང་དང་མཆོད་ཁང་གི་ལས་གྲྭ་ཡོངས་སུ་མཇུག་འགྲིལ།    

  གོང་སྨོས་ཀྱི་གདུང་རྟེན་དང་མཆོད་ཁང་གསར་བཞེངས་དང་ཉམས་གསོའི་ལས་གྲྭ་ཕུད།  འགྲོ་གྲོན་ཆེས་གྲས་ཀྱི་ལས་གྲྭའི་རྣམ་གྲངས་ནང་པོ་ཏ་ལ་དང་།  གཙུག་ལག་ཁང་།  དགའ་ལྡན་དགོན་སོགས་ཀྱི་ཉམས་གསོའི་ལས་གྲྭ་ཡོད།    

  ཕོ་བྲང་པོ་ཏ་ལའི་ཉམས་གསོའི་ལས་གྲྭ་ནི་རྒྱལ་ཁབ་དབུ་བརྙེས་ཚུན་གྱི་གནའ་བོའི་འཛུགས་སྐྲུན་གྱི་ཉམས་གསོའི་ལས་གྲྭ་ཆེ་ཤོས་ཞིག་རེད།  སྤྱི་ལོ༡༩༨༨ལོའི་ཟླ༡༠པར།  རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་མ་དངུལ་ཆེད་གཏོང་གིས་ཕོ་བྲང་པོ་ཏ་ལར་ཉམས་གསོ་མཛད་རྒྱུའི་ཐག་གཅོད་གནང་བ་མ་ཟད།  ཉམས་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་མཁས་དབང་དང་།  མི་རིགས་དང་ཆོས་ལུགས་མི་སྣ་སོགས་སྒྲིག་འཛུགས་བྱས་ནས་ཚན་རིག་དང་།  རྒྱུན་སྲོལ།  མི་རིགས་ཀྱི་ཁྱད་ཆོས།  ཆོས་ལུགས་བཅས་ལ་བརྩི་བཀུར་བྱེད་པའི་རྩ་དོན་འོག སྔར་ཡོད་རྣམ་པ་གཞིར་བཞགདང་། སྔར་ལྟར་ཉམས་གསོབྱེད་པའི་དམིགས་ཡུལ་བཟུང་ནས་ལོ་ལྔའི་རིང་གི་ཛ་དྲག་ལས་གྲྭ་བསྐྱངས།  ཉམས་གསོའི་ལས་གྲྭ་ཁྱོན་ཡོངས་ལ་མ་དངུལ་སྒོར་ཁྲི་ཚོ༥༣༠༠བཏང་ཡོད།   

  དགའ་ལྡན་དགོན་ནི་དགེ་ལུགས་པའི་གདན་ས་གཙོ་གྲས་ཡིན་ཅིང་། རིག་གནས་གསར་བརྗེའིསྐབས་གཏོར་སྐྱོན་ཚབས་ཆེ་བྱུང་ཡོད་པས།  ༡༩༩༤ལོར་སྒོར་ཁྲི་ཚོ༢༠༠༠བཏང་ནས་ཉམས་གསོ་མཛད་ཅིང་།  ༡༩༩༧ལོའི་ལོ་མཇུག་ལ་ཉམས་གསོ་ལེགས་པར་གྲུབ།  སྤྱི་ལོ༢༠༠༢ལོར་སླར་ཡང་འགྲོ་གྲོན་ཆེད་དངུལ་སྒོར་དུང་ཕྱུར༣.༣གནང་ནས་ཕོ་བྲང་པོ་ཏ་ལ་དང་།  ནོར་བུ་གླིང་ཁ།  ས་སྐྱ་དགོན་བཅས་ལ་ཉམས་གསོའི་ལས་གྲྭ་བསྐྱངས།   

  མིག་སྔར་བོད་ལ་སྒོ་མོ་ཕྱེ་བའི་དགོན་སྡེ་དང་ཆོས་བྱེད་གནས་ཡུལ་༡༧༠༠ལྷག་ཙམ་ཡོད་ལ།  དགོན་སྡོད་སེར་མོ་བ་༤༦༠༠༠ལྷག་ཙམ་ཡོད། ༡༩༨༤ལོར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ནས་སྒོར་ཁྲི་༥༠ཞལ་འདེབས་སུ་གནང་ནས་བོད་ཀྱི་ནང་བསྟན་མཐུན་ཚོགས་ནས་གཉེར་བའི་ལྷ་སའི་པར་ཁང་ལ་རྒྱབ་སྐྱོར་གནང་བ་དང་།  ༡༩༩༠ལོར་སླར་ཡང་སྒོར་ཁྲི་༥༠ཞལ་འདེབས་སུ་གནང་ནས་ལྷ་སའི་རྨེ་རུ་དགོན་དུ་བཀའ་བསྟན་ལྷ་སའི་པར་མ་དེ་པར་དུ་བརྐོས།  ༡༩༨༥ལོར་བོད་ཀྱི་ནང་བསྟན་མཐུན་ཚོགས་ནས༼བོད་ལྗོངས་ནང་བསྟན༽ཞེས་པའི་བོད་ཡིག་དུས་དེབ་ཅིག་གསར་དུ་བཏོན་ནས་ནང་བསྟན་རིག་པའི་ཞིབ་འཇུག་དང་དགོན་སྡེའི་ལོ་རྒྱུས་སོགས་ཀྱི་ཞིབ་འཇུག་རྩོམ་ཡིག་ཆེད་དུ་འདོན་གྱི་ཡོད།  དེ་མིན་སྔ་རྗེས་སུ་བོད་ཡིག་གི་ཆོས་ལུགས་དང་འབྲེལ་བའི་དཔེ་དེབ་མང་པོ་པར་སྐྲུན་བྱས་ཡོད།  ལོ་ཤས་རིང་རྒྱལ་ཁབ་ནས་འགྲོ་གྲོན་ཆེད་གཏོང་གིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ལས་སྣེ་གཙོ་སྐྱོང་ཐོག་མཁས་དབང་དང་ཆོས་ལུགས་མི་སྣ་སྒྲིག་འཛུགས་བྱས་ནས་པར་གཞི་མི་འདྲ་བའི་བཀའ་བསྟན་འགྱུར་ཆ་ཚང་ལ་གོ་རིམ་ལྡན་པའི་དཔེ་བསྡུར་གྱི་ལས་གྲྭ་བསྐྱངས་ནས་བསྟན་འགྱུར་གྱི་དཔེ་བསྡུར་དང་པར་སྐྲུན་སྤྱིར་ན་ལེགས་གྲུབ་བྱུང་ཡོད་ཅིང་།  བཀའ་འགྱུར་གྱི་དཔེ་བསྡུར་གནང་མུས་སུ་གནས། 

  དེང་སང་གྲུབ་མཐའ་ཆེ་ཁག་གི་དགོན་སྡེ་ཆེ་གྲས་ནང་བཤད་གྲྭ་བཙུགས་ཡོད་ལ།  དཔེ་ཆ་པའི་ཆོས་ལུགས་སྦྱོང་པ་གོང་མཐོར་གཏོང་ཆེད༡༩༨༣ལོར་རང་སྐྱོང་ལྗོངས་ནང་བསྟན་མཐུན་ཚོགས་ཀྱིས་བོད་ཀྱི་ནང་བསྟན་སློབ་གྲྭ་ཆེ་མོ་བཙུགས་པ་དང་།  ༡༩༨༧ལོའི་ཟླ༢པར་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པས་གཙོ་སྐྱོང་གནང་འོག་ཀྲུང་གོའི་བོད་བརྒྱུད་མཐོ་རམས་ནང་བསྟན་སློབ་གླིང་འཛུགས་གཉེར་གནང་བ་དང་གླིང་གཙོའི་ཐུགས་འགན་བཞེས།   སློབ་གླིང་ནས་གྲུབ་མཐའ་ཁག་གི་སྤྱོད་མཆོག་གྲགས་ལྡན་གྱི་སྐྱེས་ཆེན་དམ་པ་དགེ་རྒན་དུ་གདན་དྲངས་ནས་ནང་བསྟན་གཞུང་ལུགས་ཀྱི་འཆད་ཁྲིད་བསྐྱངས་དང་སྐྱོང་མུས་མཆིས།  མིག་སྔར་སློབ་གླིང་ནས་བོད་ཀྱི་སེར་མོ་བའི་སྲོལ་རྒྱུན་གྱི་སློབ་གནས་སྤྲོད་སྲོལ་གྱི་ལམ་ལུགས་དང་དེང་རབས་ཀྱི་སློབ་གསོའི་སློབ་གནས་ལམ་ལུགས་ཟུང་འབྲེལ་བྱས་ནས་དེང་རབས་ཀྱི་སློབ་ལམ་དང་ཆ་མཚུངས་པའི་མཐོ་རམས་པའིམཚན་གནས་གསར་དུ་སྤྲོད་རྒྱུའི་ཐག་བཅད་ཟིན་པས་དུས་རིང་མིན་ལམཐོ་རམས་པའིམཚན་གནས་ཐོབ་པའི་སེར་མོ་བའི་ཤེས་ལྡན་མི་སྣ་གསར་དུ་ཐོན་ངེས་ལགས།   

  བོད་ཀྱི་ནང་བསྟན་གཞུང་ལུགས་ཀྱི་སློབ་སྦྱོང་དང་ཞིབ་འཇུག་ཕུད།  ལོ་རྒྱུས་ཐོག་གི་དགོན་སྡེ་ཁག་ནང་གཉེར་བའི་ཆོས་ལུགས་དུས་ཆེན་དང་ཆོས་ལུགས་སྲོལ་རྒྱུན་དེ།  དཔེར་ན་རྟ་ལོའི་གངས་བསྐོར་དང་།  ལུག་ལོའི་མཚོ་བསྐོར།  ས་ག་ཟླ་བའི་དུས་ཆེན་སོགས་སླར་གསོ་བྱུང་ཡོད།  ལྷ་ལྡན་སྨོན་ལམ་ཆེན་མོ་ནི་བོད་ཀྱི་ཆོས་ལུགས་དུས་ཆེན་ཁག་ནང་ནས་གཞི་དར་རྒྱས་ཆེ་ཤོས་དང་རྒྱ་ཆེ་ཤོས་ཤིག་ཡིན་ཅིང་།  དེ་ནི༡༤༠༩ལོར་རྗེ་ཙོང་ཁ་པ་ཆེན་པོས་བོད་ཀྱི་ནང་བསྟན་ལ་བཅོས་བསྒྱུར་གནང་སྐབས་གསར་དུ་བཙུགས་པ་ཤིག་ཡིན་ལ་ད་བར་ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ཡོད།  སྨོན་ལམ་ཆེན་མོ་འདི་ཉིདརིག་གནས་གསར་བརྗེའིནང་རེ་ཞིག་མཚམས་ཆད་རུང་།    ཆོས་ལུགས་སྲིད་ཇུས་ཁག་དོན་འཁྱོལ་བྱུང་བ་དང་འགྲོགས་ནས་སྤྱི་ལོ༡༩༨༦ལོ་ནས་བཟུང་ལྷ་ལྡན་སྨོན་ལམ་ཆེན་མོ་སླར་གསོ་བྱུང་ཡོད།   

  སྤྱི་ལོ་༡༩༨༦ལོ་དང་༡༩༨༧ལོ་ལོ་གཉིས་ཀྱི་རིང་ལྷ་རམས་པའི་དགེ་བཤེས༡༧གསར་དུ་ཐོན་ཡོད།  ༡༩༨༨ལོའི་སྨོན་ལམ་ཆེན་མོའི་སྐབས་ལྷ་སར་ཟིང་ཆ་ལངས་ནས་གཏོར་བརླག་ཐེབས་པ་ནས་བཟུང་སྨོན་ལམ་ཆེན་མོ་དེ་ཉིད་སླར་ཡང་རེ་ཞིག་བར་མཚམས་ཆད།  སྤྱི་ལོ༢༠༠༤ལོའི་ཟླ༧པར་ལྷ་ལྡན་གཙུག་ལག་ཁང་དུ་ལྷ་རམས་དགེ་བཤེས་ཀྱི་མཚན་གནས་གསར་སྤྲོད་ཀྱི་སྟ་གོན་རྒྱུགས་སྤྲོད་བཏང་ཡོད་ཅིང་།  སེ་འབྲས་དགའ་གསུམ་དང་ར་སྟོད་དགོན་ནས་ཕེབས་པའི་སེར་མོ་པ་རྒན་གྲས༦རྒྱུགས་སྤྲོད་ནང་ཞུགས་ཡོད།    འཆར་གཞི་ལྟར་ན་ཁོང་རྣམ་པ་སྤྱི་ལོ༢༠༠༦ལོའི་བོད་ཀྱི་ལོ་གསར་སྐབས་ལྷ་རམས་དགེ་བཤེས་མཚན་གསོལ་གྱི་རྒྱུགས་སྤྲོད་ནང་ཞུགས་རྒྱུ་ཡིན་པ་རེད། 

  བླ་སྤྲུལ་ལ་རིམ་པས་བརྒྱུད་འཛིན་བྱ་ཐབས་ནི་བོད་ཀྱི་ནང་བསྟན་གྱི་དམིགས་བསལ་གྱི་བརྒྱུད་འཛིན་བྱ་ཐབས་ཤིག་རེད།  ལམ་ལུགས་དེ་ཉིད་དུས་རབས་བཅུ་གསུམ་པའི་ནང་ཀརྨ་བཀའ་བརྒྱུད་པས་གསར་དུ་བཏོད་རྗེས།  གྲུབ་མཐའ་ཁག་ནས་རིམ་པས་མིག་ལྟོས་བྱས་ནས་བོད་ཀྱི་ནང་བསྟན་ཀྱི་སྲོལ་རྒྱུན་ཞིག་ཏུ་གྱུར་ཡོད།  ལོ་རྒྱུས་ཀྱི་རྒྱུ་མཚན་གྱིས་རྐྱེན་པས་བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་བྱ་རྒྱུ་དེའང་རེ་ཞིག་བར་མཚམས་ཆད།  སྤྱི་ལོ༡༩༨༩ལོའི་ཟླ༡༡པར་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་རྒྱལ་ཁབ་ཆོས་དོན་ཅུས་ནས༼བོད་ཀྱི་ནང་བསྟན་གྱི་བླ་སྤྲུལ་སྐྱེ་འཕོའི་བྱ་ཐབས་ཀྱི་གནས་སྐབས་གཏན་འབེབས༽ཞེས་པའི་བསམ་འཆར་བསྡུ་ལེན་གྱི་བརྡ་ཐོའི་ནང་བླ་སྤྲུལ་ཡང་སྲིད་ཆོག་མཆན་སྤྲོད་དབང་དེ་ཀྲུང་དབྱང་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་རིམ་པ་གཉིས་སུ་དབྱེ་ཞིང་།  ཀྲུང་དབྱང་ནས་ཆོག་མཆན་སྤྲོད་དགོས་རིགས་ཀྱི་བླ་སྤྲུལ་རྣམས་ཞིང་ཆེན་ནམ་རང་སྐྱོང་ལྗོངས་ཁག་ནས་སྔར་གྱི་ལམ་སྲོལ་དང་ཤུགས་རྐྱེན་ཆེ་ཆུང་དེ་བཞིན་བཅིངས་འགྲོལ་རྗེས་ཀྱི་ཆབ་སྲིད་ཀྱི་བཀོད་སྒྲིག་གནས་བབ་བཅས་ཁྱོན་ཡོངས་ནས་བསམ་ཞིབ་བྱས་ཏེ།  བླ་སྤྲུལ་ཀྱི་མཚན་ཐོ་བཏོན་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆོས་དོན་ཅུས་ལ་ཆོག་མཆན་གནང་རྒྱུ་འབུལ་དགོས་པའི་བཀའ་སློབ་གནང་ཡོད།    

  གོང་གསལ་གྱི་མཛད་ཕྱོགས་ལྟར།  ༡༩༩༢ལོའི་ཟླ༦པར་གོང་རིམ་ནས་ཆོག་མཆན་ཐོབ་པ་བརྒྱུད་ཀརྨ་ཞྭ་ནག་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་ངོས་འཛིན་ཞུས་ཡོད་པ་དེ་ནི།  བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་རྗེས་ངོས་འཛིན་ཞུས་པའི་སྤྲུལ་སྐུ་ཨང་དང་པོ་ཡིན་ཞིང་དེ་རྗེས་རྭ་སྒྲེང་རིན་པོ་ཆེ་དང་།  ཁྱུང་པོ་རིན་པོ་ཆེ་སོགས་ཀྱི་ཡང་སྲིད་ངོས་འཛིན་ཞུས་ཡོད།    

  རླབས་ཆེན་གྱི་རྒྱལ་གཅེས་རིང་ལུགས་པ།  ཁྱད་དུ་འཕགས་པའི་བོད་བརྒྱུད་ནང་བསྟན་གྱི་གཙོ་འཛིན་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག༡༩༨༩ལོའི་ཟླ༡ཚེས༢༨ཉིན་བོད་དུ་མྱ་ངན་ལས་འདས།  རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་འཕྲལ་མར༡༩༨༩ལོའི་ཟླ་༡ཚེས༣༠ཉིན༼པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པའི་འདས་མཆོད་དང་ཡང་སྲིད་གནད་དོན་སྐོར་གྱི་གྲོས་ཆོད༽ཁྱབ་བསྒྲགས་གནང་།  ལོ་དྲུག་རིང་གི་ཡང་སྲིད་བཙལ་འཚོལ་ཞུས་པ་བརྒྱུད།  སྤྱི་ལོ༡༩༩༥ལོའི་ཟླ༡༡ཚེས༢༩ཉིན་གསར་བུམ་དཀྲུག་འདོན་བྱས་པ་བརྒྱུད་བོད་བྱང་ཕྱོགས་ལྷ་རི་རྫོང་དུ་འཁྲུངས་པའི་ཁྱེའུ་ལོ་དྲུག་ལ་སླེབས་པ་རྒྱལ་མཚན་ནོར་བུ་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་དུ་ངོས་འཛིན་ཞུས།  སྤྱི་ཟླ༡༢ཚེས༨ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཁྲི་འདོན་མཛད་སྒོ་གཞིས་རྩེ་བཀྲ་ཤིས་ལྷུན་པོར་བསྐྱངས་ཤིང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་གསེར་གྱི་འཇའ་ས་དང་གསེར་གྱི་ཐམ་ག་གནང་།  

  བོད་དུ་དགོན་པའི་ནང་རང་མོས་ངང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་རྒྱུ་ཡོད་པ་མ་ཟད།  རྒྱ་ཆེའི་དད་ལྡན་མང་ཚོགས་རྣམས་ཀྱིས་ཀྱང་རང་མོས་ངང་ཆོས་ལུགས་བྱེད་སྒོ་སྤེལ་བཞིན་ཡོད།  མང་ཚོགས་རྣམས་ཀྱིས་རང་ཁྱིམ་དུ་ཆོས་ཁང་མཆོད་གཤོམས་སོགས་བསྒྲིགས་ཡོད་པ་དང་།  ཞལ་འདོན་རིམ་གྲོ་སོགས་བྱེད་བཞིན་ཡོད་ལ།    ནམ་རྒྱུན་དགོན་པར་བསྐྱོད་ནས་མཆོད་འབུལ་དང་།  ཕྱག་འཚལ་སྐོར་སྦྱོང་སོགས་བྱེད་ཀྱི་ཡོད།  བོད་ཀྱི་རི་ཀླུང་དང་བགྲོད་ལམ་གྱི་གཡས་གཡོན་སོགས་གང་སར་དར་མཚོན་སྣ་ཚོགས་དང་།  མ་ཎི་རྡོ་ཕུང་སོགས་མཇལ་རྒྱུ་ཡོད་པས་དེ་དག་ལས་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་ཐུབ།    

  ཉེ་བའི་ལོ་ཤས་རིང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རིམ་བཞིན་གོང་མཐོར་ཕྱིན་པ་དང་།  བོད་ཀྱི་འགྲིམ་འགྲུལ་ལ་འཕེལ་རྒྱས་ཆེན་པོ་བྱུང་བས་དད་ལྡན་པ་ཚོས་ཆོས་ལུགས་བྱེད་སྒོ་སྤེལ་བར་སྔར་བས་ཕུན་སུམ་ཚོགས་པའི་དཔལ་འབྱོར་ཆ་རྐྱེན་དང་ཆེས་སྟབས་བདེའི་འགྲུལ་བཞུད་ཡོ་བྱད་ཀྱི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད།  དེང་སང་བོད་ཀྱི་དགོན་སྡེ་ཁག་ནང་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་གནས་སྐོར་པ་རྒྱུན་ཆད་མེད་པར་ཡོང་བཞིན་ཡོད།    

  མདོར་ན་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཆོས་དད་རང་མོས་ཀྱི་སྲིད་ཇུས་ཀྱིས་མཚོན་པའི་ཆོས་ལུགས་སྲིད་ཇུས་ཁག་སྔར་བས་ལྷག་པའི་དོན་འཁྱོལ་བྱས་དང་བྱེད་མུས་ཡིན་ལ།  བོད་ཀྱི་སེར་སྐྱ་མང་ཚོགས་ཚོས་ཀྱང་རྫོགས་ལྡན་རང་མོས་ཀྱི་ཁེ་དབང་ལོངས་སུ་སྤྱོད་བཞིན་དུ་གནས་སོ། །

                                         རྩོམ་པ་པོ།   དགྲ་འདུལ། 

    

  • 顶

ལེ་ཚན།

དྲི་ཟའི་གླུ་དབྱངས།

འཕྲིན་སྟེགས། weikangba