འགྲེམས་སྟོན་བྱས་པའི་དཔེ་རྙིང་། ཟླ་8ཚེས་1ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་རིག་དངོས་དང་དཔེ་རྙིང་འགྲེམས་སྟོན་དེ་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་དངོས་སུ་འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་ཐོག་རིག་དངོས་དཔེ་རྙིང་1500ལྷག་ཙམ་འགྲེམས་སྟོན་བྱས་ནས། ལྟད་མོ་བར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཆགས་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རིང་མོ་བསྟན་པ་རེད།
ཀྲུང་ཧྭའི་དཔལ་ཡོན་ལོ་ངོ་སྟོང་ཕྲག་འགའི་རིང་ལ། གཅིག་གྱུར་ཆེན་པོའི་བསམ་བློའི་རྩ་བ་ཇི་ལྟར་ཚུགས་པ་དང་། འཕེལ་རྒྱས་གཏོང་བ། ལོ་རྒྱུས་རིང་ཞིང་བརྟན་པོ་ཡོང་བ་ཡིན་ནམ། མི་རིགས་ཁག་མཐུན་སྒྲིལ་དང་མཉམ་འདྲེས་ཇི་ལྟར་བྱེད་དགོས་པ་དང་སྣ་མང་ཇི་ལྟར་བྱས་ནས་གཅིག་ཏུ་འདུས་དགོས་སམ། ཇི་ལྟར་བྱས་ནས་ཀྲུང་ཧྭའི་དཔལ་ཡོན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་ལ་སྟངས་འཛིན་གཏིང་ཟབ་བྱེད་དགོས་སམ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་ཁྲི་15དང་དཔེ་རྙིང་ཁྲི་51ཁྲོད། “ཐུན་མོང་བཞི”མཚོན་པའི་རིག་དངོས་དང་དཔེ་རྙིང་འདེམས་སྒྲུག་བྱས་པའི་ནང་། རྩ་ཆེའི་རིག་དངོས་དང་དཔེ་རྙིང་དང་དམིགས་བསལ་རིག་དངོས་དཔེ་རྙིང་ཁག་ཅིག་ཚུད་ཡོད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་རིག་དངོས་དང་དཔེ་རྙིང་འགྲེམས་སྟོན་གྲ་སྒྲིག་ཞིབ་ཚགས་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ཏེ། ཀྲུང་ཧྭའི་དཔལ་ཡོན་གྱི་མངོན་གསལ་དོད་པའི་ཁྱད་ཆོས་སྟངས་འཛིན་གཏིང་ཟབ་བྱེད་པ། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ལོ་རྒྱུས་དོན་དངོས་སྔོག་འདོན་གཏིང་ཟབ་བྱས་ནས། གསོན་ཉམས་དོད་པའི་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཆགས་པ་དང་འཕེལ་རྒྱས་ཀྱི་ལོ་རྒྱུས་མངོན་པ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལྟ་བ་བརྟན་པོ་འཛུགས་རྒྱུའི་ཁྲིད་སྟོན་བྱེད་པ། བདེ་སྡུག་མཉམ་མྱོང་དང་། ངོ་ཚ་དང་གཟི་བརྗིད་མཉམ་འཁུར། ཤི་གསོན་མཉམ་གནས། ལས་དབང་མཉམ་གནས་བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རང་རྟོགས་ངང་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་པ་རེད།
འགྲེམས་སྟོན་དེ“གཅིག་གྱུར་ཆེན་པོ”དང་། “མཉམ་འདྲེས་ཆེན་པོ”“མཐུན་སྒྲིལ་ཆེན་པོ”བཅས་ཚན་པ་གསུམ་ལ་དབྱེ་ཡོད་པ་རེད། “གཅིག་གྱུར་ཆེན་པོ”ཞེས་པའི་ཚན་པ་རུ་བསམ་བློའི་འདུ་ཤེས་དང་། ལམ་ལུགས་ཀྱི་ལག་ལེན། རིན་ཐང་དོན་གཉེར་བཅས་ཕྱོགས་གསུམ་གྱི་ཐད་ནས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་དཔལ་ཡོན་རྒྱུན་མཐུད་ཟམ་མི་ཆད་པར་བྱུང་བའི་ལོ་རྒྱུས་ཀྱི་གཞི་རྒྱུ་མངོན་པ་དང་། “མཉམ་འདྲེས་ཆེན་པོ”ཞེས་པའི་ཚན་པ་རུ་རིག་གནས་ཐད་ཀྱི་མཉམ་སྡུད་མཉམ་ལེན། དཔལ་འབྱོར་ཐད་ཀྱི་ཕན་ཚུན་བརྟེན་གནས། བརྩེ་སེམས་ཐད་ཀྱི་ཕན་ཚུན་སྙིང་ཉེ་བཅས་ཕྱོགས་གསུམ་ཐད་ནས་ཀྲུང་ཧྭ་མི་རིགས་ཀྱིས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཁྲོད་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་བརྒྱུད་རིམ་དང་གོང་བུ་གཅིག་ཏུ་བསྡུས་པའི་ལོ་རྒྱུས་ཀྱི་གསང་བའི་ཨང་གྲངས་མངོན་པ་དང་། “མཐུན་སྒྲིལ་ཆེན་པོ” ཞེས་པའི་ཚན་པ་རུ་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་པ་ནས་ད་བར་གཅིག་རྒྱུན་གཅིག་འཛིན་ཡིན་པའི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོའི་གཏིང་ཟབ་ཀྱི་བསམ་བློ་དང་ཕུན་སུམ་ཚོགས་པའི་ལག་ལེན་མངོན་ཡོད།
འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་བརྒྱུད། ལྟད་མོ་བས་ཟིལ་རླབས་དགུང་འཕྱུར་གྱི་ཀྲུང་ཧྭ་མི་རིགས་ཆགས་ནས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཤེས་རྟོགས་གཏིང་ཟབ་ཐུབ་པ་དང་། རྒྱ་ཆེ་ཞིང་གཏིང་ཟབ་པའི་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དངོས་སུ་ཉམས་ལེན་བྱེད་ཐུབ། ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་དེ་སྤྱི་དམངས་ལ་ཕྱོགས་ནས་ཡུན་རིང་སྒོ་འབྱེད་རྒྱུ་རེད།