བོད་ཀྱི་ལོ་རྒྱས་སྟེང་གི་བེ་རི་དང་བེ་རི་རྒྱལ་པོའི་སྐོར་ལ་དཔྱད་པ།

2020-01-14
483

   ནང་དོན་གནད་བསྡུས། ཆེད་རྩོམ་འདིའི་ནང་བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་བི་རིའམ་བེ་རི་རྒྱལ་པོ་ཞེས་འབོད་པ་དེ། སྔོན་དུས་བར་ཁམས་ཀྱི་ཡུལ་ཉི་ཚེ་བའི་ས་སྐྱོང་ངམ་རྒྱལ་པོ་སྐད་གྲགས་ཆེ་ཞིག་ཡིན་པས། བོད་ཀྱི་རྒྱལ་རབས་ཆོས་འབྱུང་རྣམས་དང་སྒོས་སུ་ས་སྐྱ་པའི་སྐབས་ནས་བཟུང་ལོ་རྒྱུས་ཡིག་ཚང་དང་འབྲེལ་ཡོད་བླ་དཔོན་དག་གི་རྣམ་ཐར་ནང་དེའི་སྐོར་གྱི་བྱུང་བ་ཅི་རིགས་ཤིག་བཀོད་ཡོད་ཚུལ་དང་། ད་སྔ་བར་བོད་རྒྱའི་མཁས་པ་ཚང་མས་བྲིས་པའི་ལོ་རྒྱུས་ཚད་ལྡན་དུ་འདོད་པ་མང་ཆེ་བས་མ་དག་རྒྱུན་འབྱམས་ཀྱིས་བེ་རི་རྒྱལ་པོ་ཟེར་བ་དེ་དེང་སང་གི་ཁམས་དཀར་མཛེས་རྫོང་གི་ཏྲེ་བོའི་བེ་རི་གཅིག་པུ་ཡིན་པར་འདོད་ཚུལ་བཅས་དཔྱད་གཞིར་བཟུང་ནས་རང་གི་ལྟ་བ་གསར་པ་བརྗོད་ཡོད། 

བརྡ་ཆད་གཙོ་བོ། བོད་ཀྱི་ལོ་རྒྱུས། བི་རིའམ་བེ་རི། བེ་རིའི་གདུང་རྒྱུད། བར་ཁམས་བེ་རི། བེ་རི་རྒྱལ་པོ།

སྔོན་འགྲོ།


དེ་ཡང་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་བི་རིའམ་བེ་རི་རྒྱལ་པོ་ཞེས་འབོད་པ་དེ་ནི་སྔོན་དུས་བར་ཁམས་ཀྱི་ཡུལ་ཉི་ཚེ་བའི་ས་སྐྱོང་ངམ་རྒྱལ་པོ་ཞིག་ཡིན་ནའང་། བོད་ཀྱི་ལོ་རྒྱུས་སྟེང་བེ་རི་རྒྱལ་པོ་ནི་ས་སྐྱོང་གཞན་དག་རྣམས་ལས་སྐད་གྲགས་ཅུང་ཟད་ཆེ་བར་མ་ཟད། ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་བོད་ཀྱི་ལོ་རྒྱུས་ཡོངས་ལ་ཤུགས་རྐྱེན་དང་བྱས་པ་འདྲ་མིན་བཞག་མྱོང་མཁན་ཞིག་ཡིན་སྟབས། བོད་ཀྱི་རྒྱལ་རབས་ཆོས་འབྱུང་རྣམས་དང་སྒོས་སུ་ས་སྐྱ་པའི་སྐབས་ནས་བཟུང་ལོ་རྒྱུས་ཡིག་ཚང་དང་འབྲེལ་ཡོད་བླ་དཔོན་དག་གི་རྣམ་ཐར་བཅས་སུ་བེ་རིའི་སྐོར་གྱི་བྱུང་བ་མང་ཉུང་ཅི་རིགས་ཤིག་བཀོད་པའི་ཡིག་ཆ་ང་ཚོས་རྒྱུན་པར་མཐོང་རྒྱུ་མང་བ་ནི་ཀུན་གྱིས་མཁྱེན་གསལ་ལྟར་ལགས་མོད། འོན་ཀྱང་ད་སྔ་བར་བོད་རྒྱའི་མཁས་པ་ཚང་མས་བྲིས་པའི་ལོ་རྒྱུས་ཚད་ལྡན་དུ་འདོད་པ་དཔེར་ན། རྒྱ་ཡིག་གི་བོད་ཀྱི་ལོ་རྒྱུས་བསྡུས་པ་ཞེས་པར་གཙང་པ་སྡེ་སྲིད་ཀྱི་ལོ་རྒྱུས་བརྗོད་སྐབས། “ཡང་ཁམས་སུ་བེ་རི་ཐུའུ་སི་དོན་ཡོད་རྡོ་རྗེས་བོན་ལ་དད་ནས་དགེ་ལུགས་པ་དང་ནང་བསྟན་སྤྱི་ལ་དགྲར་བཟུང་ནས་བོད་དུ་བསྐྱོད་པའི་གྲ་སྒྲིག་བྱས་ཏེ་”[1]ཞེས་དང་། ཡང་ཏཱ་ལའི་བླ་མའི་རྣམ་ཐར་ཞེས་པའི་ནང་། “1639ལོར་གུ་ཤྲི་ཧན་གྱིས་ཡང་དམག་ཁྲིད་དེ་ཁམས་ཀྱི་དཀར་མཛེས་རྒྱུད་ལ་ཕར་རྒོལ་བྱས་ཏེ་བེ་རིའི་ཐུ་སི་དོན་ཡོད་རྡོ་རྗེ་ཚར་གཅོད་བྱས་ཐོག །དེང་སང་གི་སྡེ་དགེ་དང་། དཀར་མཛེས། ལྡན་ཁོག །དཔལ་ཡུལ། སེ་ཤུལ་སོགས་ཀྱི་ས་ཆ་རྣམས་བཟུང་སྟེ་རང་གི་མངའ་འོག་གི་མི་བཏང་ནས་ཡུལ་དེར་དབང་སྒྱུར་དང་ལོ་ལྟར་གྱི་དཔྱ་ཁྲལ་བསྡུ་ལེན་བྱེད་དུ་བཅུག་པ་རེད།”[2]ཅེས་དང་། དེ་བཞིན། བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བར་ཡང་། “སྤྱི་ལོ་1639བོད་ས་ཡོས་ལོར་གོ་ཤྲི་ཁང་གིས་དཔུང་ཆེན་མཚོ་སྔོན་ནས་བཏེགས་ཏེ་བར་ཁམས་སུ་ཡོད་པའི་གཙང་པ་སྡེ་པའི་མཐུན་ཕྱོགས་བེ་རི་ཚོ་བའི་ཐོག་ཏུ་དཔུང་འཇུག་གནང་སྟེ་ལོ་གཅིག་ཙམ་རིང་གཡུལ་འགྱེད་པ་བརྒྱུད་སྡེ་དགེ་དང་། དཀར་མཛེས། རྨར་ཁམས། ལྡན་ཁོག །པད་ཡུལ། སེ་ཤུལ་སོགས་དྲག་ཤུགས་ཀྱིས་བླངས་ཏེ་བེ་རི་འགོ་པ་དོན་ཡོད་རྡོ་རྗེ་རྗེས་འབྲང་དང་བཅས་པ་ཚར་བཅད།”[3]ཅེས་གོང་གི་རྗེས་འབྲངས་ཀྱིས་བཀོད་པ་ལས་གསལ་ཏེ། དབུས་གཙང་གི་མཁས་པ་ཚོ་ཁམས་ཕྱོགས་ལ་ཆ་རྒྱུས་མེད་སྟབས། དཔལ་ཡུལ་ལ་པད་ཡུལ་དང་སེར་ཤུལ་ལ་སེ་ཤུལ་ཞེས་འབྲི་ནོར་བྱས་འདུག་པ་དང་། ཡང་མཁས་དབང་དུང་དཀར་རིན་པོ་ཆེས་ཀྱང་ཐུགས་ཉམས་མ་བཞག་སྟེ། བེ་རི་ཡོད་ས་དཀར་མཛེས་ཡིན་ཤག་མཛད་དེ་དུང་དཀར་ཚིག་མཛོད་ཆེན་མོའི་ནང་བེ་རི་དང་བེ་རི་ཁང་ཞེས་པའི་ཐ་སྙད་གཉིས་ལ་འགྲེལ་བཤད་གནང་འདུག་པ་དང་། དེ་མིན། སྲིད་དོན་རྒྱལ་རབས་སུའང་རྩོམ་པ་པོས་བེ་རིའི་ཡུལ་དང་པོ་དཀར་མཛེས་ཏྲེ་བོ་བྱས་པ་འཁྲུལ་འདུག་ཚུལ་བཀོད་རྗེས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་གསུང་ལ་བརྟེན་ནས་བེ་རིའི་ཡུལ་ལྡན་ཁོག་ཏུ་ཡོད་པ་གཞིར་བཞག་གིས་བསྒྲུབས་འདུག་པ་ལྟ་བུ་སོགས་མང་ལ། གང་ལྟར་བོད་རྒྱའི་མཁས་པ་མང་ཆེ་བས་གོང་དུ་བཀོད་པའི་ལུང་བཞིན་མ་དག་རྒྱུན་འབྱམས་ཀྱིས་གཅིག་ན་བེ་རི་རྒྱལ་པོ་ཟེར་བ་དེ་དེང་སང་གི་ཁམས་དཀར་མཛེས་རྫོང་གི་ཏྲེ་བོའི་བེ་རི་གཅིག་པུ་ཡིན་ཤག་བྱས་པ་དང་། གཉིས་ན་དེའི་རྒྱལ་པོའི་མིང་ནི་བེ་རི་དོན་ཡོད་རྡོ་རྗེ་ཟེར་བ་ཞིག་ཡིན་པ་དོགས་སློང་ཙམ་ཡང་གནང་མེད་ཁར་ལོ་རྒྱུས་གཞན་དག་ལ་དོ་སྣང་གཏན་ནས་གནང་མི་འདུག་པ་དང་། གསུམ་ན་བེ་རུ་རྒྱལ་པོ་ལ་ད་དུང་ཐུའུ་སི་(土司)ཞེས་པའི་ཐོབ་གོ་ཡོད་པ་གཞིར་བཞག་བཅས་པའི་རྐྱེན་གྱིས། ཁོ་བོས་སྤྱི་ལོ་1995ལོར་བྲིས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་[4]ཞེས་པའི་དེབ་ཀྱི་པར་གཞི་དང་པོའི་ནང་དུའང་བེ་རིའི་སྐོར་འབྲི་ཁུལ་བྱས་ཀྱང་། འོན་ཏེ་མ་ཤེས་པ་ལ་ཉེས་པ་མེད་ཅེས་པའི་དཔེ་བཞིན། ཁོ་བོས་བེ་རི་རྒྱལ་པོ་ཡོད་སའི་ཡུལ་གྲུ་ངོས་འཛིན་ཐད་གྲགས་པའི་རྗེས་འབྲངས་ཀྱིས་མ་བུ་གོ་ལྡོག་ལྟ་བུས་འབྲི་ནོར་བྱས་སོང་བ་དང་། ཕྱིས་སུ་མཁས་དབང་དམ་པའི་དགོངས་འཆར་[5]གྱི་རྒྱབ་སྐྱོར་ལ་བརྟེན་ནས། ཞིབ་འཇུག་བྱས་འབྲས་སུ་ནོར་བཅོས་དང་བཅས་པ་སྤྱི་ལོ་2004ལོར་གོང་གི་དཔེ་དེབ་པར་གཞི་གཉིས་པའི་[6]ནང་གསལ་འདེབས་ཀྱི་ཚུལ་དུ་བཀོད་ནའང་། དེ་ལ་ཡང་བསྡུས་པ་ཙམ་ལས་ཞིབ་རྒྱས་ཤིག་ས་བཅད་ཀྱི་དབང་གིས་འགོད་པར་མི་འོས་པའི་ཐོག །འདི་ལ་ཡང་བསྐྱར་ཞིབ་འཇུག་བྱས་ཚེ་དེའང་འཐད་ལྡན་དུ་སོང་མི་འདུག་པའི་གོ་བ་ཇེ་གསལ་བྱུང་། དེ་ནས་སྤྱི་ལོ་2006ལོར་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུ་སྐབས་བཅུ་གཅིག་པའི་ཐོག་ལ་དཔྱད་རྩོམ་གྱི་ནང་དོན་གནད་བསྡུས་འབྲི་སྐབས། ཁོ་བོས་ཡང་བསྐྱར་བེ་རིའི་སྐོར་ལ་ཞིབ་འཇུག་གནད་དུ་ཕུག་པ་ཞིག་བྱ་འདོད་ཡོད་པ་ལྟར་རྩོམ་ཡིག་འདི་འབྲི་རྒྱུ་བྱས་ཤིང་། དེ་ལྟར་དཔེ་ཆ་མང་པོ་བཙལ་ཀློག་དང་བསྟུན་ཆེད་དུ་བེ་རིའི་ཡུལ་སྡེ་ངོ་མ་ཡོད་ས་བར་ཁམས་ཏེ། དེང་གི་ཆབ་མདོ་རྫོང་ཐོ་པ་ཤང་གི་བེ་རིའི་འབྲོག་སྡེ་ཁྲོད་དུ་བརྟག་དཔྱད་དང་ཞིབ་འཇུག་ཏུ་ཕྱིན་ནས་ཆེད་རྩོམ་འབྲི་འགོ་བརྩམས། དེའི་དུས་སུ་སྐལ་བ་ལེགས་པོ་ཞིག་ནི་ཆབ་མདོ་ས་ཁུལ་བོད་སྨན་ཁང་གི་གྲོགས་མཆོག་དམ་པ་ལྷ་རྗེ་བུ་དེས་ཚེ་རིང་ལགས་ཀྱིས་རོགས་རམ་གནང་སྟེ། དེ་གའི་ཡུལ་མི་དང་ལྷན་དུ་བེ་རིའི་སྡེ་ནང་དུ་སོང་ནས་བཅར་འདྲི་དང་རྒྱུས་ལོན་ལེགས་པོ་བྱས་ཐུབ་པ་མ་ཟད། དེ་གའི་བེ་རི་ལྷ་བརྒྱ་གྲྭ་ཚང་གི་ལས་སྣེ་རྣམ་པ་དང་ལྷ་རྗེ་བཀྲ་གཡང་ཕ་བུ་བཅས་ཀྱིས་རྒྱབ་སྐྱོར་དང་དགའ་བོ་ཆེན་པོ་གནང་བའི་མཐུན་རྐྱེན་ལ་བརྟེན་ནས། ཁོ་བོས་བར་ཁམས་བེ་རི་ཞེས་པ་དེའི་ས་ངོ་ཡུལ་ངོ་དང་མི་ངོ་སྡེ་ངོ་ཟིན་པའི་གོ་སྐབས་བཟང་པོ་རྙེད་དཀའ་བ་ཐོབ་སོང་། དེ་ནས་ཡང་བསྐྱར་སྐབས་ཡག་ཤོས་ཤིག་ནི་སྤྱི་ལོ་2006ལོའི་ཟླ་ལྔ་པར་ཁོ་བོའི་གྲོགས་མཆོག་དམ་པ་བཀྲ་ཤིས་ཚེ་རིང་ལགས་དང་སླར་ཡང་མཇལ་འཛོམས་བྱུང་བ་མ་ཟད། ཁོང་གིས་ཆབ་མདོ་ཤེས་རབ་ཀྱིས་བྲིས་པའི་ཆབ་མདོའི་ཡིག་ཚང་རིན་ཆེན་སྤུངས་པ་[7]ཞེས་པའི་དེབ་གསར་པ་ཞིག་གནང་སོང་བའི་ནང་། བེ་རིའི་སྐོར་གྱི་ལེ་ཚན་རྒྱས་པ་ཞིག་ཡོད་པ་ལག་སོན་བྱུང་བའི་བཀའ་དྲིན་ཆེན་པོ་བསྐྱངས་ཁར། ད་དུང་འཇར་མན་གྱི་མཁས་དབང་ཕེ་ཁར་ཧྲི་ཝེ་རྒར་ལགས་ཀྱིས་བེ་རིའི་སྐོར་ཞིབ་འཇུག་བགྱིས་པའི་རྩོམ་ཡིག་ཕྲན་ལ་བསྐུར་གནང་བྱུང་བར་བརྟེན། ཁོ་བོས་དེ་དག་མཇལ་ཐུབ་པ་བཅས་ཀྱིས་ད་ལན་དཔྱད་རྩོམ་འདི་འབྲི་བ་ལ་རྒོད་ཕྲུག་གཤོག་རྩལ་ཐོགས་པ་ལྟ་བུར་གྱུར་ཅིང་། སྒོས་སུ་ཤེས་རབ་ལགས་ཀྱི་རྩོམ་ཡིག་ཏུ་ཁོ་བོས་སྔོན་ཆད་མཇལ་མ་ཐུབ་པའི་དཔེ་རྙིང་མང་པོ་ཞིག་ལུང་དྲངས་འདུག་པས། དེའི་ནང་དོན་མང་པོ་ཞིག་ནི་ཁོ་བོའི་ལུང་འདྲེན་གྱི་རྒྱབ་རྩ་གཙོ་བོར་བཟུང་ལ། ལྷག་པར་དུ་ཁོ་བོས་བོད་ཀྱི་ལོ་རྒྱུས་ཡིག་ཆ་མང་པོའི་ལུང་ཚིག་རྣམས་བསྡུར་ནས་དཔྱད་སྐབས། ཁོ་བོའི་ལོ་རྒྱུས་ཀྱི་དཔེ་དེབ་པར་གཞི་གཉིས་པའི་ནང་ས་པཎ་གྱིས་ཁྲིད་པའི་བི་རིའི་སྡེ་དེ་ནི་དེང་གི་ཆབ་མདོའི་ཐོ་བེ་རིར་བྱས་པ་ཡང་ནོར་སོང་བ་རང་གིས་ངོས་འཛིན་བྱུང་ཐུབ་པའི་ཁར། ཡང་ཉིན་ཞིག་གོ་འཇོའི་དོན་མཐུན་ཆེན་མོ་ཀརྨ་བསམ་གྲུབ་ལགས་པེ་ཅིན་ནས་ཁོ་བོའི་སར་ཆེད་དུ་བཅར་ཏེ། དེའི་སྐོར་ཁོ་བོ་འཁྲུལ་ཡོད་ཚུལ་སྨྲ་ཞོར་ལ་ལོ་རྒྱུས་ནོར་སོང་ན་ཁོང་ཚོའི་འབྲོག་པ་རྣམས་ས་རྩོད་ཡུལ་རྩོད་སྐབས་དཀའ་ལས་མང་པོ་འཕྲད་འདུག་ཚུལ་སོགས་བཤད་པས། དེའི་རྗེས་སུ་ཁོ་བོའི་རྩོམ་ཡིག་འདི་ཡང་གལ་བོ་ཆེ་ལ་ནན་ཏན་ཟེར་བའི་དཔེ་བཞིན་འཕྲལ་དུ་མ་བཀྲམ་སྟེ། དུས་ཡུན་རིང་པོར་ཞིབ་འཇུག་ཅུང་ཟད་དོན་དང་མཐུན་པ་ཞིག་ཡོང་ཆེད་ཡང་ཡང་བརྟག་དཔྱད་བགྱིས་ནས་ད་གཟོད་གྲུབ་ཁུལ་གྱིས་འཆད་འགྱུར་དང་བཅས་སྔོན་འགྲོའི་ཚུལ་དུ་གླེང་སློང་བ་ཙམ་ལགས། དེ་ལ་དཔྱད་རྩོམ་འདིའི་ནང་བེ་རི་དང་བེ་རི་རྒྱལ་པོའི་སྐོར་གཙོ་བོ་གཤམ་གསལ་དོན་ཚན་ཆེ་བ་གཉིས་དང་ཆུང་བ་དུ་མའི་སྒོ་ནས་བརྗོད་པར་འདོད་དོ། ། 

དང་པོ། བོད་ཀྱི་ལོ་རྒྱུས་ཐོག་གི་བེ་རི་སྔོན་མའི་སྐོར་བཤད་པ། 

དེ་ཡང་བོད་མདོ་དབུས་ཁམས་གསུམ་དུ་བི་རིའམ་བེ་རི་ཞེས་པའི་མིང་ཐོབ་པ་ནི་ཤིན་ཏུ་མང་ལ། སྒོས་སུ་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་རིགས་རུས་ལ་བེ་རི་བྱས་པ་དང་། ཡུལ་མིང་ལ་བེ་རི་བྱས་པ། སྡེ་ཚོ་ལ་བེ་རི་བྱས་པ། རྗེ་དཔོན་ལ་བེ་རི་བྱས་པ་དང་། ཐ་ན་མིའི་མིང་ལ་ཡང་བེ་རི་སྦྱར་བ་སོགས་ཅི་རིགས་ཤིག་ཡོད་པའི་དབང་གིས། ང་ཚོས་བེ་རི་ཞེས་གླེང་སྐབས་དེ་ལ་མིང་ཐོབ་དང་དོན་ཐོབ་ཀྱི་གོ་དོན་དབྱེ་བ་འདྲ་མིན་སྣ་ཚོགས་ཤིག་ཡོད་པ་མཐོང་དགོས། དེས་ན་འདིར་ཐོག་མར་བར་ཁམས་བེ་རི་རྒྱལ་པོའི་སྐོར་མ་གླེང་སྔོན་ལ་བི་རིའམ་བེ་རི་ཞེས་པའི་མིང་ཐོབ་དང་རིགས་རུས་ཀྱི་འབྱུང་ཁུངས་མི་སྡེ་དང་མཆེད་ཁུངས་སྐོར་ཅུང་ཟད་གླེང་ན། 

གཅིག །བེ་རིའི་མིང་ཐོབ་དང་རིགས་རུས་སྐོར། 

དེ་ལྟར་མིང་ལ་བི་རིའམ་བེ་རི་ཞེས་ཡི་གེ་རེས་མོས་སུ་བྲིས་པའི་ཐ་སྙད་འདི་ནི་དང་ཐོག་བོད་ཀྱི་རིགས་རུས་ཤིག་ཡིན་པར་མ་ཟད། བོད་ཀྱི་རྩ་བའི་རུས་ཆེན་བཞིར་གྲགས་པའི་ནང་ནས་ལྡོང་གི་ནང་གསེས་ཆེ་བཙུན་སྤེལ་མ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་པར་བཤད་དེ། རྒྱ་བོད་ཡིག་ཚང་ཆེན་མོ་རུ། “ད་ཕོ་བོ་ལྡོང་ལ་མཆེ་དྲུག་ཡོད། །སྟོད་ན་སྤ་ཚབ་འབྲིང་ཡས་གཉིས། །བར་ན་རོ་འཛེ་རག་ཤི་གཉིས། །སྨད་ན་མི་ཉག་གྱི་ཐན་གཉིས། །ཆེ་དྲུག་མཚན་ན་བཙུན་དྲུག་དེ། །བི་རི་འ་མདོ་དང་གླིང་པ་གཉིས། །རོ་འཛེ་ལ་ཕུ་པ་དང་མདའ་པ་གཉིས། །གྱི་ཐན་ལ་རྒྱས་བསྡུས་ཆེ་ཆུང་གཉིས། །དེ་ཆེ་བཙུན་སྤེལ་མ་བཅུ་གཉིས་ཡིན། །”[8]ཞེས་དང་། ཡང་སྐབས་འགར་བེ་རི་ཞེས་པ་རུས་སྤྱིའི་མིང་དུ་བྱས་པའང་ཡོད་དེ། བོད་ཀྱི་ཡིག་རྙིང་དབུ་ནག་མིའུ་འདྲ་ཆགས་ཞེས་པར། “སྐྱ་བཀྲ་སྒང་ལ་བཅུད་བཞི་ཡོད། སྐྱང་དང་འུ་སི་མི་སུ་གསུམ། ཙོང་ཁ་བཟུང་བའི་བེ་རི་བཞི། སྐྱ་བཀྲ་སྒང་གི་བཅུད་བཞི་ཡིན།”ཞེས་དང་། ཡང་། “ད་བོད་མི་མིན་རྣམས་ཀྱིས་ས་བགོས་པ། བེ་རི་མདོ་རི་སློག་ཀྱ་གསུམ། དབང་ཁ་[9]ཀ་བཟུང་བའི་མི་གསུམ་ཡིན། ཟི་ན་ཟི་འདུ་མར་ཝེར་གསུམ། ཐབས་ཀྱིས་ཆེ་བའི་མི་གསུམ་ཡིན། བེ་རི་རོང་པོ་ཁྱུང་པོ་གསུམ། གྲགས་པ་ཅན་གྱི་མི་གསུམ་ཡིན།”[10]ཞེས་པ་ལྟ་བུ་སོགས་བེ་རིའི་མིང་ཐོབ་པའི་རིགས་དང་རུས་གང་མང་ཞིག་མཐོང་རྒྱུ་ཡོད་པ་ལྟར་ཞིབ་ཏུ་དཔྱད་པར་རིགས་པའི་གནས་ཤིན་ཏུ་མང་བས་སོ་སོར་ཤེས་དགོས་ལ། ཡང་། ལྡོང་གི་རུས་མཛོད་བྱ་བ་ལས་བོད་སྨུག་པོ་ལྡོང་གི་ཆེ་དྲུག་སྟོད་སྨད་བར་གསུམ་དུ་གནས་བཟུང་ཚུལ་བརྗོད་སྐབས། “སྟོད་ན་པ་ཚབ་འབྲི་གཡག་གཉིས། །མགོ་ནག་བོད་ཀྱི་འགོ་འཛིན་བྱེད། །བར་ན་ཁ་བོ་བེ་རི་གཉིས། །དབུ་ནག་བོད་ཀྱི་གཞུང་འཛིན་བྱེད། །སྨད་ན་མི་ཉག་ཁྱི་ཐན་གཉིས། །ཁམས་ཀྱི་མགོ་ལོ་རྡོག་པས་མནན། །”[11]ཞེས་ལྡོང་བེ་རིས་བར་དབུ་ནག་བོད་ཀྱི་གཞུང་ས་འཛིན་པར་བཤད་པ་འདི་ཡང་ཁོ་བོས་བལྟས་ན་གཏམ་རྒྱུད་རྐྱང་རྐྱང་ཙམ་ཞིག་ཏུ་སེམས་མི་རུང་སྙམ་སྟེ། གང་ཞེ་ན། བེ་རི་ནི་བོད་ཀྱི་རུས་ཆེན་ལྡོང་ལས་གྱེས་པའི་ལྡོང་མི་ཉག་དང་འདྲ་བའི་རིགས་རུས་ཆེན་པོ་ཞིག་ཡིན་པར་མ་ཟད། སྡོད་གནས་ཀྱང་བོད་ཀྱི་མདོ་སྟོད་དང་མདོ་སྨད་སའི་བར་གཞུང་རྨ་རྫའི་སྟོད་དང་རྨ་སྨད་ཀྱི་ཡུལ་ཁམས་ཆེན་པོ་བཟུང་ཡོད་པ་དེ་དག་ལོ་རྒྱུས་ཀྱི་དོན་དངོས་ཡིན་པར་སེམས་ཏེ། དཔེར་ན་གླིང་གེ་སར་རྒྱལ་པོའི་སྒྲུང་ནང་བྱུང་བའི་ལྡོང་བེ་རི་ཉི་མ་རྒྱལ་མཚན་བྱ་བ་ཡང་མི་རྒྱུད་ངོ་མ་ཡིན་པའི་གདུང་རྒྱུད་དུས་ཕྱིས་བར་མི་རྒྱུད་མ་ཆད་པར་ཡོད་པ་ཁོང་གི་གསུང་རྟེན་དུ་གྲགས་པ་མང་པོ་སྔ་ལོར་ཡུལ་ཤུལ་ཁུལ་ནས་ཁྱིམ་ཚང་ཞིག་ཏུ་རྙེད་པ་ལྟ་བུའོ། །ཡང་བེ་རི་ཞེས་པའི་རིགས་རུས་འདི་ཡུལ་མདོ་སྨད་དང་བར་ཁམས་དབུས་གཙང་སོགས་སུ་ཁྱབ་པའི་དབང་གིས། མདོ་དབུས་ཁམས་གསུམ་དུ་བེ་རི་ཞེས་མིང་རུས་ལས་ཡུལ་མིང་དུ་ཐོགས་པ་ཤིན་ཏུ་མང་སྟེ། དཔེར་ན་མདོ་སྨད་དུ་བེ་རི་ཡུལ་མིང་ལ་བྱས་པ་ཉང་ཆོས་འབྱུང་དུ། “བཙུན་པ་གསུམ་པོས་གོས་རེ་བས་དྲིལ་ནས་སྤྲང་ཆས་སུ་ཞུགས་ནས་བྲོས་ཏེ། ཆོས་འདུལ་བ་དྲེའུ་ཁལ་གཅིག་བཀལ་ནས་མངའ་རིས་སྟོད་ལ་ལམ་བྱུང་། རྒྱལ་ཁྲིམས་མི་གཅིག་པའི་ས་ཆ་ནས་བསྟན་པ་དར་བར་བྱ་བསམས་ནས། གང་དུ་ཡང་མ་ནུས་ནས། ཉིན་མོ་གབ་ཅིང་ནུབ་མོ་བྱོན། དགེ་བསྙེན་ཤེས་རབ་གོ་ཆ་བྱ་བ་གཅིག་ལ་མིང་ཤཱཀྱ་ཤེས་རབ་ཏུ་བཏགས། དེ་གཡོག་ལ་ཁྲིད་ནས་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ། དེའུ་ཚ་ཚོ་(ཚྭ་མཚོ་)ནས་ལམ་བྱས། རྨ་ལུང་རྡོ་རྗེ་བྲག་ར་ཨ་ཆུང་གནམ་གྱི་ཡང་རྫོང་གཙུག་ལག་ཁང་རྒྱ་ཕིབས་ཡོད་པ་དང་། དན་ཏིག་ཤེལ་གྱི་ཡང་དགོན་དུ་བྱོན་ནས།”[12]ཞེས་མདོ་སྨད་ལྷོ་ངོས་བེ་རིའི་ས་ཆ་ལས་དེའུ་ཚ་ཚོའམ་ཚྭ་མཚོ་ཞེས་གསལ་པོར་བཀོད་ཡོད་ལ། ཡང་ཚུལ་དེ་མདོ་སྨད་ཆོས་འབྱུང་དུ། “ཁྱད་པར་བོད་དུ་གླང་དར་མས་བསྟན་པ་བསྣུབས་པའི་དུས་སུ་དཔལ་ཆེན་ཆུ་བོ་རིའི་སྒོམ་གྲྭ་ནས། གཡོར་སྟོད་ཀྱི་དམར་ཤཱཀྱ་མུ་ནི། དྲད་ཆུང་མདོའི་གཡོ་དགེ་འབྱུང་། རྒྱ་རབ་པའི་གཙང་རབ་གསལ་གསུམ་གྱིས་འདུལ་བ་དྲེའུ་ཁལ་ཞིག་བཀལ་ཏེ་མངའ་རིས་སྟོད་དུ་བྲོས། གར་ལོག་ནས་ལམ་ཐོན། ཧོར་ཡུལ་ལ་བྱས། མདོ་སྨད་ལྷོ་ངོས་ཀྱི་བེ་རིའི་ཚྭ་མཚོ་ནས་ཚུར་བྱོན་ཏེ་རྨ་ལུང་རྡོ་རྗེ་བྲག་ར། ཨན་ཆུང་གནམ་རྫོང་། དན་ཏིག་ཤེལ་གྱི་ཡང་དགོན་སོགས་ན་སྒོམ་ཤིང་ཡོད་པ་རྨ་ཆུ་ཁའི་ཕྱུགས་རྫིས་མཐོང་སྟེ།”[13]ཞེས་ཐད་ཀར་མིང་བསྡུས་ཏེ་བེ་རིའི་ཚྭ་མཚོ་ཞེས་བཀོད་འདུག་ལ། མཚོ་དེ་ཕལ་ཆེར་དེང་སང་གི་མཚོ་སྔོན་ཞིང་ཆེན་གྱི་བྲག་དཀར་སྤྲེལ་རྫོང་གི་ཁོངས་སུ་བེ་རུ་དུག་མཚོ་ཟེར་བའི་མཚོ་ཞིག་ཡོད་པ་དེ་ཨེ་ཡིན་སྙམ་སྟེ། མཚོ་ལྷོ་ཁུལ་ས་མིང་རིག་གནས་བརྡ་འགྲེལ་ཞེས་པར། “བེ་རུ་དུག་མཚོ། མཚོ་འདི་ནི་ཆུ་ཁོལ་ཡུལ་ཚོ་སྲིད་གཞུང་ནུབ་ཕྱོགས་སུ་ཧ་ལམ་སྤྱི་ལེ་བཅུ་ལྷག་གི་མཚམས་ཏེ། བྲག་དཀར་སྤྲེལ་རྫོང་དང་མགོ་ལོག་རྨ་སྟོད་རྫོང་གཉི་གའི་ས་མཚམས་ན་ཡོད།……ངག་རྒྱུན་ལ། སྔོན་དུས་འཇང་གི་དམག་དཔོན་ལྡོང་བེ་རུ་ཉི་མ་རྒྱལ་མཚན་ཟེར་བས། གནས་འདིར་གླིང་གི་དཔའ་ཆེན་དར་དུག་གི་སྡོང་པོའི་དབུ་བཅད་པའི་མཚལ་ཁྲག་འཕྱུར་བ་ལས་མཚོ་འདི་གྲུབ་པར་གྲགས་པས་ན་མིང་དེ་སྐད་དུ་ཐོགས་པར་བཤད།”[14]ཅེས་བཀོད་པ་ལྟར་དང་། གང་ལྟར་ཡང་བསྟན་པ་ཕྱི་དར་སྐབས་དབུས་གཙང་མཁས་པ་མི་གསུམ་ཕེབས་ལམ་མདོ་སྨད་འདི་ན་བེ་རིའི་ས་ཆ་དང་བེ་རི་ཚྭ་མཚོའམ་དུག་མཚོ་ཞེས་པའི་ཡུལ་མིང་ཡོད་པ་གསལ་པོར་བཀོད་ཡོད་ལ། དེ་མ་ཟད་མདོ་སྨད་དུ་བེ་རི་ཁྲི་སྐོར་གསུམ་དང་བེ་རི་རྒྱ་གླིང་དང་ཙོང་ཀའི་བེ་རི་ཞེས་པའི་མིང་རྙིང་པ་མང་པོ་ཡང་མཐོང་རྒྱུ་ཡོད་པ་འོག་ཏུ་འབྱུང་ལ། དེ་མིན་མདོ་སྨད་ཆོས་འབྱུང་དུ་ད་དུང་ཤིས་ཚང་བེ་རི་དང་། ཀིརྟིའི་རྣམ་ཐར་དུ་བེ་རི་ཤོར་མ་ཟེར་བ་སོགས་གང་མང་མཐོང་རྒྱུ་ཡོད་པ་ལྟར་དང་། ཡང་བར་ཁམས་ཕྱོགས་སུ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱི་བཀའ་ཆེམས་མཐོང་བ་དོན་ལྡན་བྱ་བར། “ལྷ་ཤངས་པ། འུ་ཡུག །བི་རི་གསར་རྙིང་། སྦྲ་མོ་ཆེ་དང་བཅས་པ་”ཞེས་དང་། ཡང་། “ལྷ་ཤངས། འུ་ཡུག་བྱང་བི་རི་གསར་རྙིང་། སྦྲ་མོ་ཆེ་དང་བཅས་……”[15]ཞེས་ཕག་གྲུའི་དཔོན་དབོན་བར་ལྷ་སྡེ་མི་སྡེ་འབངས་སུ་གཅོད་སྐབས། བི་རིའམ་བེ་རི་གསར་རྙིང་དང་བྱང་བེ་རི་ཞེས་པའི་ཡུལ་མིང་བཀོད་ཡོད་པ་ལྟ་བུ་དང་། ཡང་ཁམས་ཕྱོགས་སུ་བེ་རི་ཡུལ་མིང་ལ་བྱས་པ་ཡོད་དེ། དཔེར་ན། ཁྱུང་པོ་སྟེང་ཆེན་ཞེས་པའི་དེབ་ནང་སྟེང་ཆེན་ཁོངས་སུ་བེ་རི་ཞེས་པའི་ཡུལ་མིང་ཡོད་ཚུལ་དེ་ཉིད་ལས། “སྟེང་ཆེན་རྫོང་ཁོངས་ཀྱི་ཆུས་ཁག་བརྒྱད་ཀྱི་ཁོངས་གཏོགས་ཤང་ཁག །གཏམ་སྟོད་ཤང་ཁོངས་སུ་གཏམ་སྟོད་ཤང་དང་སྲིབ་རོང་ཤང་། བེ་རི་ཤང་། ནུ་ཁུག་ཤང་དང་དབྱིངས་གཤིས་ཤང་བཅས་ཤང་ལྔ་”[16]ཞེས་པ་ལྟ་བུ་བར་ཁམས་སུ་ཐོ་བེ་རི་མིན་པའི་ཡུལ་མིང་ལ་བེ་རི་ཤང་བྱས་པ་ཡོད་ལ། ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་རྗེ་ཀརྨ་པ་ཕེབས་ཚུལ་གསུང་སྐབས། “དེ་ནས་སྙེ་བོ། རྔོད། པོ་བོ་རྣམས་བརྒྱུད་མདོ་ཁམས་ཀྱི་ལྷོ་རོང་ནས་ལྷོ་ལུང་ཆེན་བཅོ་བརྒྱད། འདན་མ། གླིང་། བེ་རི་ལ་སོགས་པའི་བར་དུ་རྨ་ཆུའི་རྒྱུད་ཀྱི་སྐྱེ་བོ་སོ་སོས་སྤྱན་དྲངས་ཤིང་།”[17]ཞེས་དང་། ཡང་ཡུལ་ཤུལ་དང་ནག་ཆུ་ཁུལ་དུའང་བེ་རི་ཞེས་པའི་སྡེ་ཚོ་མང་སྟེ། དཔེར་ན་འཛམ་གླིང་རྒྱས་བཤད་དུ། “ནག་ཆུའི་ཤར་དུ་ཨ་གྲགས། རྫ་དམར། སོག་སྡེ་སོགས་འབྲོག་སྡེ་མང་པོ་དང་། དེ་དག་གི་ཤར་དུ་འབྲོང་མ། དགེ་རྒྱས། རྡོར་ཤུལ། གླིང་སྟོད་མ། བི་རི་ཁ་འགའ་དང་།”[18]ཞེས་དང་། ཡང་དེ་མིན་མདོ་སྟོད་ཡུག་བེ་རི་དགོན་པ་ལྟ་བུ་སོགས་ཀྱིས་མཚོན། དེ་བཞིན་བོད་ཡུལ་གང་སར་བེ་རི་ཞེས་པའི་མིང་ཐོབ་པ་མང་དུ་ཡོད་ཚོད་འདུག་ལ་རྒྱས་པ་རྗེས་སུ་དཔྱད་འོས་ཀྱི་གནས་དང་། ཡང་བེ་རི་ཞེས་པའི་མིང་འདི་སྡེ་ཚོ་ལ་བྱས་པ་ནི་འཆད་འགྱུར་བར་ཁམས་ཐོ་བེ་རི་འདི་དང་། དེ་ལས་གྱེས་པར་བཤད་པ་ཁམས་སྨད་ཏྲེ་བོའམ་མ་ཟུར་བེ་རི་དང་། ཁམས་སྟོད་དགེ་རྒྱལ་ཨ་གྲགས་བེ་རི་ཞེས་འབོད་པའི་མི་སྡེ་དང་ཚོ་བ་རྣམས་ཡིན་ལ། དེ་བཞིན་རྗེ་དཔོན་ལ་བྱས་པ་ནི་འཆད་འགྱུར་བར་ཁམས་བེ་རི་རྒྱལ་པོ་དང་། ཁམས་སྨད་ཏྲེ་བོའི་བེ་རི་དཔོན་པོ་ལྟ་བུ་དང་། མིའི་མིང་ལ་བེ་རི་སྦྱར་བ་ནི་དེ་བས་ཀྱང་མང་པོ་ཡོད་པ་བཤད་མ་དགོས་སོ། །

གཉིས། བེ་རིའི་མི་སྡེ་དང་མཆེད་ཁུངས་སྐོར། 

དེ་ཡང་གོང་དུ་བཤད་པ་ལྟར་བེ་རི་ཞེས་པའི་མིང་ཐོབ་པའི་མི་སྡེ་དང་ཡུལ་གྲུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་མང་པོ་ཡོད་འདུག་ལ། སྒོས་སུ་བོད་ཀྱི་ཡིག་རྙིང་དང་རྒྱལ་རབས་ཆོས་འབྱུང་དང་རྣམ་ཐར་སོགས་ལ་གཞིགས་ན། བེ་རི་ནི་ཐོག་མར་མདོ་སྨད་རྨ་ཆུའི་སྨད་རྒྱུད་དང་ཐ་ན་ཙོང་ཁའི་ཡུལ་དུ་ཡོད་ཚོད་འདུག་སྟེ། གོང་དུ་ལུང་དྲངས་པའི་དབུ་ནག་མིའུ་འདྲ་ཆགས་སུ་བེ་རི་མདོ་རི་སློག་ཀྱ་གསུམ། དབང་ཁ་ཀ་བཟུང་བའི་མི་གསུམ་ཡིན། ཞེས་དང་། ཡང་སྐྱ་དང་འུ་སི་འུ་མི་གསུམ། ཙོང་ཀ་བཟུང་བའི་བེ་རི་བཞི་ཞེས་བེ་རི་ནི་མདོ་སྨད་ཙོང་ཁའི་ཡུལ་གྲུ་བདག་ཏུ་བཟུང་བའི་མི་སྡེ་དང་པོ་ཡིན་པར་བཤད་ལ། ཡང་དེ་མ་ཟད་དུས་རབས་བཅུ་གཉིས་པའི་ནང་ད་དུང་མདོ་སྨད་རྒྱུད་དུ་བེ་རིའི་མི་སྡེ་ཡོད་དེ། ཆོས་འབྱུང་མཁས་པའི་དགའ་སྟོན་དུ། “ཨ་མདོ་བ་ཕུར་ཚ་ནང་སོ། ཧོར་སེར་གྱི་རི་ཐང་གཉིས། བེ་རིའི་སེང་གེ་མི་ལོག་གི་ཡོན་མཆོད་སོགས།”[19]ཞེས་དང་། ཡང་། “བེ་རིའི་ཁྲི་དཔོན་ཁག་གསུམ། སེང་གེ་མི་ལོག་གི་ཕུར་བ་ཐར་སོགས་ཀྱིས་……”[20]ཞེས་མདོ་སྨད་ན་བེ་རིའི་མི་སྡེ་ཡོད་པར་མ་ཟད། སྡེ་མིང་ལའང་“སེང་གེ་མི་ལོག་”ཅེས་བཀོད་ཡོད་ལ། ཚུལ་དེ་འབའ་རོམ་བཀའ་བརྒྱུད་རྣམ་ཐར་དུ། “འདི་སྐབས་བེ་རི་ཕྱི་ནང་གི་ལྐོག་གཡོ་ངན་འཕྲུལ་གྱིས་སྨད་ཀྱི་བེ་རིའི་མི་ལོག་གིས་མདོ་སྨད་ཕལ་ཆེར་བཅོམ་ནས་ངན་སྟོབས་རྒྱས་པའི་དབང་གིས་……”ཞེས་དང་། ཡང་། “བེ་རི་ཆུང་ཤེས་ཀྱི་ཕ་མེས་བེ་རི་སེང་གེ་མི་ལོག་སྨད་ནས་དགེ་ལྡན་དང་འཁྲུགས་ནས་འདི་པའི་སྐུ་རིང་ལ་སྐུ་འབུམ་དགོན་དུ་ཕྱིན།”[21]ཞེས་པ་ལྟ་བུ་མ་ཟད། དེ་ལས་ཀྱང་ཆེ་བའི་མི་སྡེ་བེ་རི་ཁྲི་དཔོན་ཁག་གསུམ་ཞེས་པ་ཁྲི་དཔོན་གྱི་མིང་འཛིན་པའི་མི་སྡེའང་ཁག་གསུམ་ཙམ་ཡོད་པར་བཤད་འདུག་པ་དང་། ཚུལ་དེ་ཀརྨ་རོལ་པའི་རྡོ་རྗེའི་རྣམ་ཐར་ནང་དུ། ཁོང་མདོ་སྨད་ཕྱོགས་སུ་ཕེབས་སྐབས་ལམ་བར་ནས་བེ་རི་རྒྱ་གླིང་ཞེས་པའི་མི་སྡེས་གདན་དྲངས་ཚུལ་སོགས་གསལ་པོར་བཀོད་འདུག་སྟེ། “དེ་ནས་ཡུལ་སྐྱོང་ཁྲི་སྐོར་དང་བེ་རིའི་རྒྱ་གླིང་གིས་གདན་དྲངས་ཏེ། དཔེལ་མདོ་དང་། སོ་འཇམ་ཁ་གསུམ་དང་ཁྲི་ཁར་བྱོན།”ཞེས་དང་། ཡང་། “དེ་དུས་དབང་རྒྱལ་དབེན་ཤྲིས་[22]དམག་ཁྲི་ཕྲག་ཙམ་ཁྱེར་ནས། ཡུལ་སྐྱོང་ཁྲི་བསྐོར་དང་བེ་རི་རྒྱ་གླིང་འདེབས་སུ་བྱུང་བ་ལ། ཞལ་ནས་བཟློག་གོ །”[23]ཞེས་པའི་བེ་རི་རྒྱ་གླིང་ནས་སོ་འཇམ་ཁག་གསུམ་བརྒྱུད་ཁྲི་ཁར་ཕེབས་ཚུལ་ལ་བརྟགས་ན། དེང་གི་ཁྲི་ཀ་རྫོང་གི་ཕྱོགས་རྨ་ཆུའི་སྨད་རྒྱུད་ཀྱི་ཡུལ་འདིར་བེ་རི་ཡུལ་སྐྱོང་ཁྲི་སྐོར་དང་བེ་རི་རྒྱལ་གླིང་ཞེས་པའི་མི་སྡེ་མི་ཆུང་བ་ཡོད་པ་ཧོར་དམག་ཁྲི་ཕྲག་ཙམ་གྱིས་བཅོམ་ཉེ་ཡོད་པ་བཟློག་ཚུལ་བཅས་གསལ་པོར་བཀོད་འདུག་པ་འདི་ཡིན་ལ། ཡང་མདོ་སྨད་དུ་བེ་རི་བྱ་བ་ཡོད་ཚུལ་དེ་ལས་གསལ་བ་ནི་ཁམས་སྤྲུལ་བཞི་པའི་རང་རྣམ་དུ། “ཆེ་རྒྱུད་ལྡོང་ལ་ཡོད། མང་སྣ་དབྲ་ལ་ཡོད། དཔའ་རྩལ་འདྲུ་ལ་ཡོད་པར་གྲགས་པའི་ནང་ནས་བདག་གི་རུས་ནི་ཆེ་རྒྱུད་སྨུག་པོ་ལྡོང་། རིགས་ནི་མདོ་ཁམས་བྱང་འབྲོག་གི་རྒྱལ་ཕྲན་རིགས་དྲག་པ་ཞིག་སྟེ། དེ་ཡང་རྨ་ཡུལ་གྱི་ས་ཡི་ཆ་བེ་རི་དམར་[24]དུ་གྲགས་པར་སྡོད་གནས་ཆགས་པས་བེ་རི་དང་།”[25]ཞེས་མདོ་སྨད་རྨ་སྟོད་ཡུལ་དུ་བེ་རི་དམར་བྱ་བའི་ཡུལ་གྲུའམ་དཔོན་ཁག་སྒེར་བཙན་པའི་རྒྱལ་ཕྲན་ལྟ་བུ་ཡོད་ཚུལ་སོགས་གསལ་པོར་བཀོད་འདུག་མོད། འོན་ཀྱང་ཡ་མཚན་དགོས་པ་ཞིག་ནི་དེང་སང་མདོ་སྨད་རྨ་སྟོད་དང་རྨ་སྨད་ནས་ཁྱད་པར་ཙོང་ཁའི་ཡུལ་བཅས་སུ་བེ་རི་ཁྲི་དཔོན་ཁག་གསུམ་དང་རྒྱལ་ཕྲན་མ་ཟད། བེ་རིའི་མིང་ཐོབ་པའི་མི་སྡེ་དང་ཡུལ་མིང་ས་མིང་གྲགས་ཆེ་བ་ཞིག་ཀྱང་ལུས་མེད་པའི་ཚོད་དུ་འདུག །འདི་ལ་རང་རེའི་ལོ་རྒྱུས་སྨྲ་བ་རྣམས་དང་སྒོས་སུ་ཡུལ་ཕྱོགས་དེ་གའི་མཁས་པ་རྣམས་ཀྱིས་ཀྱང་དེ་ལ་དོ་སྣང་མཛད་ཡོད་པ་གཅིག་ཀྱང་ད་སྔ་མ་མཐོང་བས་རྗེས་སུ་མཉམ་འཇོག་བྱ་རིགས་སོ། །

དེ་ལྟར་གོང་སྨྲས་བཞིན་བི་རིའམ་བེ་རི་ཁྲི་སྐོར་གསུམ་ཟེར་བ་རྣམས་ཐོག་མར་ཕལ་ཆེར་མདོ་སྨད་ཡུལ་དུ་ཡོད་ཚོད་འདུག་ལ། དེས་ན་ས་པཎ་སྨད་ཕེབས་ཀྱི་སྐབས། “ངས་བི་རི་ཁྲིད་ནས་ངོ་བལྟས། འདིར་ཤིན་ཏུ་ངོ་བལྟ་ལེགས་པས། སྟོད་མངའ་རིས། དབུས་གཙང་བ་རྣམས་ངོ་བལྟས། བི་རི་ཐ་ཐད་ཚོ་ཡང་ངོ་བལྟ་བར་ཡོད་བྱས་པས། ད་བར་ལ་དམག་མ་སོང་བ་དེས་ཕན་པ་ཡིན་ཏེ། སྟོད་ཀྱི་མི་རྣམས་དེ་ཚོ་མི་ཤེས་ཏེ་མཆིས།”[26]ཞེས་པའི་བི་རིའམ་བེ་རི་དེ་ཡང་སྔར་ཁོ་བོས་དེང་གི་ཆབ་མདོའི་བེ་རི་འདི་ཡིན་པ་གཞིར་བཞག་བྱས་ཐོག །དེ་ལ་ཞིབ་འཇུག་གནད་དུ་ཕུག་པ་བྱ་འདོད་ཀྱིས་ཆེད་དུ་ཁམས་སུ་བསྐྱོད་ནས་ཞིབ་འཇུག་དང་འབྲེལ་བོད་ཡིག་ཡིག་ཚང་མང་པོ་ཞིག་ཀློག་སྐབས། ཡང་ཁོ་བོའི་སྔར་གྱི་དམ་བཅའ་དེའང་བྱེ་མའི་འཆང་བུར་འགྱུར་ཉེ་ཡོད་པ་ཚོར་ཚུལ་གོང་དུ་ཞུས་ཟིན་པ་ལྟར་ཏེ། གང་ཞེ་ན། ས་པཎ་གྱིས་ཁྲིད་པའི་བི་རིའམ་བེ་རི་དེ་ནི་དེང་གི་ཆབ་མདོའི་ཐོ་བེ་རིའི་སྡེ་འདི་ཡིན་པར་ཐེ་ཚོམ་མི་ཟ་ཐབས་མེད་བྱུང་། རྒྱུ་མཚན་ནི་ཆབ་མདོའི་བེ་རི་འདི་གཙོ་བོ་བེ་རི་རྒྱལ་པོ་ཆོས་འབུམ་བྱ་བ་ནས་མི་སྡེ་མགོ་འཚོས་ཏེ་བེ་རི་མི་བརྒྱ་རྟ་བརྒྱ་[27]ཟེར་བའི་དམག་དཔོན་བཙན་དྲག་ཅན་དག་གི་སྟོབས་ཤུགས་ལ་བརྟེན་ནས། བེ་རི་རྒྱལ་པོ་དོན་ཡོད་རྒྱལ་གྱི་བར་དུ་མི་རབས་གསུམ་ཙམ་ལ་བར་ཁམས་སུ་དབང་སྒྱུར་བ་ཡིན་འདུག་ལ། དེའི་སྔོན་དུ་བེ་རི་འདི་ལ་བཤད་རྒྱུན་ཙམ་ལས་[28]ལོ་རྒྱུས་གང་ཡོད་ཡིག་ཐོག་ཏུ་བཀོད་འདུག་པ་བཙལ་རྒྱུ་མ་རྙེད། དཔེར་ན། ལྷ་ཐོག་དཔོན་པོ་དང་ངོམ་ས་སྒང་སྡེ་པ་ལྟ་བུ་ཡིན་ན་ནི་སྔོན་བོད་བཙན་པོའི་དུས་སྐབས་ནས་བར་ཁམས་ཕྱོགས་འདིར་ཡོད་ཚུལ་ཁོང་ཚོའི་ལོ་རྒྱུས་ལྷ་ཐོག་རྒྱལ་རབས་དང་ངོམ་པ་ལྡོང་གི་ལོ་རྒྱུས་སོགས་སུ་བཀོད་ཡོད་པ་ལྟར་དང་། དེ་ལས་བེ་རི་ལ་མཚོན་ན་དེ་ལྟ་བུའི་ལོ་རྒྱུས་རིང་མོ་གླེང་རྒྱུ་མི་འདུག་ལ། ནང་སྒོས་ཡིག་རིས་སུ་བཀོད་པ་དེ་བས་ཀྱང་མིག་མཐོང་ལག་ཟིན་གང་ཡང་མ་བྱུང་བས་ད་དུང་རྗེས་སུ་བཙལ་དགོས་ལ། འོན་ཀྱང་ས་པཎ་གྱིས་ཁྲིད་པའི་བེ་རི་མདོ་སྨད་དུ་ཡོད་པར་བྱས་ན་ཡང་དཀའ་ངལ་ཞིག་ཕྲད་པ་ནི་གོང་དུ་སོང་བའི་བེ་རི་ཁྲི་སྐོར་དང་བེ་རི་རྒྱལ་གླིང་། བེ་རི་དམར། ཙོང་ཀའི་བེ་རི་ལྟ་བུའི་བེ་རི་ཐ་དད་རྣམས་ཀྱི་མིང་ཙམ་ལས་ད་ལྟ་དེའི་རྒྱུད་པ་དང་། ཡང་ན་སྡེ་ཚོའམ་ས་ཆ་འདི་དང་འདི་ཡིན་ཟེར་བའི་ཡུལ་སྡེ་ཞིག་ཀྱང་མཛུབ་མོ་འཛུགས་རྒྱུ་མེད་སྟབས། དེ་ལའང་འགྲེལ་བཤད་རྒྱག་ཁག་པོ་བྱུང་འདུག་པས། བར་སྐབས་སུ་སྤྱང་ཁུ་སྐྱ་བོའི་རྗེས་སུ་སོང་སྣང་ན། འདིའི་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཤིན་ཏུ་མང་ལ། སྒོས་སུ་རྒྱའི་ཡིག་ཚང་ཁག་དང་བསྡུར་ཏེ་དཔྱད་ན་ལེགས་མོད། འོན་ཀྱང་ཁོ་བོར་མཚོན་ན་ལོ་རྒྱུས་ཡིག་ཆ་དང་བློས་འཁེལ་བའི་རྒྱུ་ཆ་ད་སྔ་ཅི་ཡང་མ་རྙེད་པས་རེ་ཞིག་བཏང་སྙོམས་སུ་འཇོག་པ་ལས་འོས་མ་ཡོད་ལ། ཕྱིས་སུ་ཆ་རྐྱེན་འཛོམས་ན་ཁོ་བོས་མུ་མཐུད་ནས་རྒྱ་ཡིག་གི་ལོ་རྒྱུས་རྒྱུ་ཆ་བཙལ་ཏེ་ཞིབ་འཇུག་བགྱི་བ་མ་གཏོགས་ད་ལྟ་འདི་ཡིན་འདི་མིན་ཞེས་ཁ་ཚོན་གཅོད་མི་ནུས་པས། རེ་ཞིག་བེ་རི་སྔོན་མའི་ལོ་རྒྱུས་འདི་ཙམ་ཞིག་དྲན་སློང་གི་ཚུལ་དུ་ཞུས་པ་ལགས། 

གཉིས་པ། གཙང་སྲིད་སྐབས་ཀྱི་བར་ཁམས་བེ་རི་རྒྱལ་པོའི་སྐོར་བཤད་པ། 

དེ་ལྟར་བེ་རིའི་སྔོན་བྱུང་གི་གཏམ་དང་གནས་ཚུལ་རགས་རིམ་ཙམ་སོང་རྗེས། འདིར་གཙོ་བོ་བར་ཁམས་བེ་རི་རྒྱལ་པོ་དང་སྒོས་སུ་བེ་རྒྱལ་དོན་ཡོད་རྒྱལ་གཙོས་པའི་བྱུང་བ་གཙོ་ཆེ་བ་འགའ་ངོ་སྤྲོད་དང་མཐའ་དཔྱོད་ཀྱི་ཚུལ་དུ་ཅུང་ཟད་ཞུས་ན། 

གཅིག །རྒྱལ་པོའི་མིང་དང་གནས་ཡུལ་སོགས་ཀྱི་སྐོར། 

དེ་ཡང་ང་ཚོས་དུས་རྒྱུན་པར་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྣམས་སུ་བི་རིའམ་བེ་རི་རྒྱལ་པོ་ཞེས་པའི་མིང་མཐོང་དུས། རྟག་པར་གཙང་པ་སྡེ་སྲིད་སྐབས་ཀྱི་བེ་རི་རྒྱལ་པོ་དོན་ཡོད་ཅེས་པའི་ལོ་རྒྱུས་དང་མིང་ལ་འབྲེལ་བ་བྱས་ཏེ་བརྗོད་བཞིན་ཡོད་པ་དང་། སྒོས་སུ་བོད་རྒྱའི་མཁས་པ་ཚང་མས་བེ་རི་འདི་དཀར་མཛེས་ཏྲེ་བོའི་བེ་རི་དང་འཁྲུལ་ནས་བཀོད་ཡོད་ཚུལ་གོང་དུ་ཞུས་ཟིན་པ་ལྟར་དང་། དེའང་གཙོ་བོ་བར་ཁམས་བེ་རི་རྒྱལ་པོ་དང་། སྒོས་སུ་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་ནི་དུས་སྐབས་དེ་ལ་བོད་ཀྱི་ལོ་རྒྱུས་སྤྱིའི་ཐད་བྱས་པ་འདྲ་མིན་སྣ་ཚོགས་བཞག་མྱོང་མཁན་ཞིག་ཡིན་པར་མ་ཟད། ཆོས་ཕྱོགས་སུ་བན་བོན་གྲུབ་མཐའི་ལ་རྒྱ་དང་རྒྱལ་པོ་རང་གི་བྱས་ཉེས་བཅས་ལ་བརྟེན། བེ་རི་རྒྱལ་པོ་ནི་ཆབ་མདོ་ཤེས་རབ་ཀྱིས་བཤད་པ་ལྟར། བཟང་གྲགས་ངན་གྲགས་ཇི་ལྟར་བྱས་ཀྱང་རུང་གང་ལྟར་མིང་གྲགས་ཤིན་ཏུ་ཆེ་བ་ཞིག་ཡིན་པ་བསྙོན་དུ་མེད་མོད། འོན་ཀྱང་བོད་རྒྱའི་མཁས་པ་ཚོས་གསུངས་པའི་རྒྱལ་པོ་འདི་བའི་མིང་དང་གནས་ཡུལ་དང་། ཐ་ན་ཐུའུ་སི་ཞེས་པའི་ཐོབ་གོ་ཡོད་ཚུལ་སོགས་ཀྱི་ཐད་ལ་མཐའ་དཔྱོད་བྱ་རྒྱུ་ཅུང་ཟད་མང་སྟེ། རུས་ཡིག་སྣ་ཚོགས་པད་མ་དཀར་པོའི་སྐྱེད་ཚལ་ཞེས་པར། “སྔོན་ཁམས་བེ་རི་རྒྱལ་པོ་ཞེས་བར་ཁམས་ཀྱི་རྒྱལ་པོ་ཆེན་པོ་དེའི་གདུང་རིགས་ནི། ལྷ་ལྡོང་དཀར་པོའི་རྒྱུད་པ་དངོས་དེ་ཡིན་ལ། བར་སྐབས་སུ་བེ་རི་རྒྱལ་པོ་དོན་ཡོད་རྒྱལ་བློན་ནས་བླ་མ་དང་དགོན་པ་སྤྱི་བ་ཁྱད་པར་དུ་དགེ་ལུགས་པ་ལ་གནོད་ཚབས་ཆེ་བས། དགེ་ལུགས་ཀྱི་སྦྱིན་བདག་ཆེན་པོ་སོག་པོ་ཨུ་ལོད་རྒྱལ་པོ་གོ་ཤྲིར་ཧན་དཔུང་བཅས་ཀྱིས་བཅོམ་ནས། རྒྱལ་ས་འཁོར་བཅས

  • 顶 0