
ལོ་སུམ་ཁྲི་སྔོན་ནས་མདོ་དབུས་མཐོ་སྒང་དུ་མིའི་རིགས་ཀྱི་འགུལ་སྐྱོད་ཡོད་པའི་དཔང་རྟགས།
རྩོམ་འབྲི་བ། ཡུལ་ཤུལ་བ།
འཛམ་གླིང་གི་སྒལ་ཚིག་དང་། ས་སྒང་གི་སྣེ་མོ་གསུམ་པ། འཛམ་གླིང་གི་ཆེས་མཐའ་མའི་དག་ཞིང་སོགས་སུ་གྲགས་པའི་མདོ་དབུས་མཐོ་སྒང་ནི་ས་ཁྱོན་རྒྱ་ཆེ་ཞིང་། གནམ་གཤིས་དང་ས་བབས།ཁོར་ཡུག་སྐྱེ་དངོས་བཅས་པའི་ཐད་རང་བྱུང་ཁམས་ཀྱི་གསང་བ་མང་པོ་ཞིག་ཉར་ཚག་བྱས་ཡོད་པར་བརྗོད།
མང་པོ་ཞིག་གིས་མདོ་དབུས་མཐོ་སྒང་ནི་ས་བབས་མཐོ་ཞིང་། འཚོ་དབུགས་སྲབ་པ། གྲང་ཞིང་སྐམ་ཤས་ཆེ་བས་འགྲོ་བ་མི་འཚོ་གནས་བྱ་བར་འགྲན་སློང་རང་བཞིན་གྱི་དཀའ་ཁག་ཆེ་བས་མདོ་དབུས་མཐོ་སྒང་དུ་མིའི་རིགས་ཆེས་སྔ་མོར་འཚོ་གནས་བྱས་མིན་ཐད་དོགས་གནས་ཆེན་པོ་ཡོད་པའི་ལྟ་སྟངས་བཟུང་ཡོད།
ད་རེས་ནག་ཆུ་གསེར་གླིང་མཚོ་ས་ཁུལ་གྱི་གནའ་ཤུལ་གསར་དུ་རྙེད་པ་དེས་རྡོ་ཆས་རྙིང་པའི་དུས་རབས་སུ་མདོ་དབུས་མཐོ་སྒང་དུ་འགྲོ་བ་མིའི་རིགས་འཚོ་སྡོད་བྱས་ཡོད་པ་མ་ཟད། སྐབས་དེ་དུས་ཀྱི་གནམ་གཤིས་དང་རིག་གནས་ལག་རྩལ། ཕྱོགས་གཞན་གྱི་རིག་གནས་བརྗེ་རེས་བཅས་པར་དཔང་རྟགས་རང་བཞིན་གྱི་གོ་གནས་གལ་ཆེན་བཟུང་ཡོད་འདུག།

ས་འོག་ནས་བུད་པའི་རྡོ་གཡའ་མའི་ལག་ཆ།

གནའ་ཤུལ་སྔོག་འདོན་གྱི་ཡུལ་ངོས།
གནའ་ཤུལ་འདི་ནི་མདོ་དབུས་མཐོ་སྒང་གི་ལོ་རབས་རིག་པའི་ངེས་གཏན་གྱི་རྨང་གཞི་ཡོད་པའི་རྡོ་ཆས་རྙིང་མའི་གནའ་རྟོག་ཤུལ་བཞག་ཡིན་ཞིང་། མིག་སྔར་རྡོ་ཆས་རྙིང་པའི་ཤུལ་བཞག་འདི་ཀྲུང་གོའི་2016ལོའི་ལོ་གཅིག་གི་གནའ་རྟོག་གསར་རྙེད་ཆེན་མོ་25ནང་དུ་བདམ།
དུས་མཇུག་དངོས་བརྟག་ཐད་མིའི་རིགས་དུས་ནམ་ཙམ་ནས་མདོ་དབུས་མཐོ་སྒང་དུ་ཐོན་པ་དང་། གང་ནས་ཡོང་བ། ཅིའི་ཕྱིར་ཡོང་བ་བཅས་ཀྱི་ཐད་གསང་བ་འབྱེད་རྒྱུའི་རེ་བ་ཡོད་པ་རེད།


ཤུལ་བཞག་འདི་བོད་ལྗོངས་རིག་དངོས་ཞིབ་འཇུག་སོའོ་དང་། ཀྲུང་གོ་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིག་དང་མིའི་རིགས་ཞིབ་འཇུག་སོའོ་མཉམ་འབྲེལ་གྱིས་བསྔོག་འདོན་བྱས།
2013ལོར་ཕྱོགས་གཉིས་ནས་མཚོ་འཕགས་4600ལྷག་ཙམ་གྱི་བོད་བྱང་ས་ཁུལ་དུ་བས་མཐར་བརྟག་ཞིབ་དུས་སུ་ནག་ཆུ་གསེར་གླིང་མཚོ་ས་ཁུལ་ནས་ཤུལ་བཞག་འདི་རྙེད། དེ་རྗེས་ཞག་30རིང་ལ་བས་མཐའི་ལས་ཀ་བྱས། ཤུལ་བཞག་ལ་ཤར་ནུབ་དུ་མ་མཐའ་སྨི་500དང་ལྷོ་བྱང་དུ་2000ལྷག་ཡོད་པ་ཐོག་མའི་ཐག་གཅོད་བྱས་པ་དང་། ས་ངོས་སུ་རྡོ་ཆས་འབོར་ཆེན་ཁ་འཐོར་དུ་གནས།
ཀྲུང་གོ་ཚན་རིག་ཁང་སྒལ་ཚིག་དང་མིའི་རིགས་ཞིབ་འཇུག་སོའོ་ཞིབ་འཇུག་པ་གཞོན་པ་ཀྲང་ཧྲོ་ལན་ནས་ངོ་སྤྲོད་བྱས་པ་ལྟར་ན། འོད་འགྲེལ་གཞི་གྲངས་འཇལ་གཅོད་ཀྱི་ཐོག་མའི་འཇུག་འབྲས་ལྟར་ན། གསེར་གླིང་མཚོ་ཁུལ་ཤུལ་བཞག་ལ་ཉུང་མཐར་ཡང་ད་ལྟའི་ཡན་ལ་ལོ་ཁྲི་གསུམ་ཟིན། ཅེས་བཤད་འདུག།

རིག་གནས་ངོ་བོ་དམིགས་བསལ་དང་ཐོན་དངོས་མང་བ།
2016ལོར་རྒྱལ་ཁབ་རིག་དངོས་ཅུའུ་ནས་ཆོག་མཆན་བཀོད་ནས་བོད་ལྗོངས་རིག་དངོས་ཞིབ་འཇུག་སོའོ་དང་།ཀྲུང་གོ་ཚན་རིག་གླིང་གི་གནའ་བོའི་སྒལ་ཚིག་དང་མིའི་རིགས་ཞིབ་འཇུག་སོའོ་གཉིས་ནས་གནའ་ཤུལ་སྔོག་འདོན་གྱི་གནའ་རྟོག་འགོ་ཚུགས་ཤིང་། མི་སྔར་ས་འོག་ནས་ཐོན་པའི་རིག་དངོས་ལྔ་སྟོང་ཡར་མར་ཡོད་པ་དང་། དེ་དག་ནང་རྡོ་གཡམ། རྡོ་གཡམ་རྡོ་རྐོས་སོགས་དང་། གཞོག་གཏུབ་བྱེད་ཆས། འབིགས་བྱེད་ལག་ཆ། བརྐོས་རྒྱག་ཆས། གཤོང་ལྡན་ཡོ་བྱད་སོགས་ཀྱི་ཉེར་སྤྱོད་ཡོད་འདུག་ཀྱང་ད་ལྟའི་བར་དུ་མིའི་རིགས་ཀྱི་རུས་པ་ཐོན་མེད།
གནའ་ཤུལ་འདི་རྡོ་ཆས་གཙོ་བོར་གྱུར་པའི་རིག་གནས་ཀྱི་ཁྱད་ཆོས་དམིགས་བསལ་ཡོད་པ་དང་། ལག་རྩལ་འདིའི་རིགས་གཙོ་བོ་ཧྥེ་གླིང་དང་ཡོ་རོབ་ཕྱོགས་སུ་དར་ཁྱབ་ཆེ་བ་རེད་འདུག།
མདོ་དབུས་མཐོ་སྒང་དུ་གནའ་ཤུལ་འདི་ལྟ་བུ་ཐོན་པ་ནི་མིའི་རིགས་ཀྱི་རིགས་གནས་བརྗེ་རེས་དང་སྤོ་སྐྱོད་ལ་ཞིབ་འཇུག་བྱ་རྒྱུའི་ཐད་རིན་ཐང་ཧ་ཅང་ཆེ་བར་བརྗོད། རྡོ་ཆས་འདི་དག་ལས་ཚོད་དཔག་བྱས་པ་ལྟར་ན་ལོ་ཁྲི་གསུམ་སྔོན་ནས་འཛམ་གླིང་ཤར་ནུབ་བར་དུ་རིག་གནས་བརྗེ་རེས་བྱུང་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག་ཅིང་། ཡིན་ནའང་གཏན་ཁེལ་བའི་ཐག་ཆོད་བྱེད་པ་ལ་མུ་མཐུད་ཚན་རིག་གིས་ཞིབ་འཇུག་དགོས་པར་བཤད།
བོད་ཡུལ་རྡོ་ཆས་རྙིང་པའི་དུས་རབས་ཀྱི་སྟོང་ཆ་བསྐངས།
མིག་སྔར་བོད་ལྗོངས་གནའ་རྟོག་གསར་རྙེད་ལྟར་ན་རྡོ་ཆས་གསར་རྙེད་ས་ཆ་95ཡོད་འདུག། དེ་དག་ལས་མཁས་པ་རྣམས་ཀྱིས་ཁས་ལེན་པའི་རྡོ་ཆས་རྙིང་པའི་ས་ཁུལ་8ཡོད། ཡིན་ནའང་དེ་དག་ཚང་མ་ས་ངོས་ནས་རྙེད་པ་ཡིན་པས་གཏན་ཁེལ་བའི་དཔང་རྟགས་བྱེད་དཀའ་ཞིང་། ལོ་གྲངས་གསལ་བོར་ཐག་མི་ཆོད།
དེར་རྟེན་ཐེངས་འདིའི་གནས་ཤུལ་ལ་དོན་སྙིང་ཧ་ཅང་ཆེ་སྟེ། འདི་ནི་མདོ་དབུས་མཐོ་སྒང་གི་ལྟེ་བ་ནས་ཐོན་པ་དང་།ས་རིམ་དང་ལོ་རབས་རིག་པའི་རྨངས་གཞི་ཡོད་པའི་རྡོ་ཆས་རྙིང་པའི་གནའ་རྟོག་ཤུལ་བཞག་ཏུ་གྱུར། ཚན་རིག་གི་བརྟག་ཐབས་བརྒྱུད་ཐོག་མའི་ཐག་ཆོད་མཇུག་འབྲས་ལྟར་ན་ད་ལྟའི་བར་དུ་ལོ་ངོ་ཁྲི་གསུམ་ལྷག་ཕྱིན་ཡོད་ཅིང་། ཞིབ་ཕྲའི་ལོ་རབས་ཀྱི་མཇུག་འབྲས་ཞིབ་འཇུག་ཁང་གི་དབྱེ་གཅོད་འཇུག་འབྲས་ལས་ཤེས་རྒྱུ་ཡིན་འདུག།
འདིས་བོད་རིགས་ནི་ང་ཚོའི་སྲོལ་རྒྱུན་ལོ་རྒྱུས་ནང་གི་ཆང་མིའི་རྒྱུད་པ་ཡིན་པ་དང་། རྒྱལ་པོ་རུ་པ་ཏིའི་དཔུང་ཚོགས་ཀྱི་རྒྱུད་པ་ཡིན་པ་སོགས་ཀྱི་ལྟ་ཚུལ་དེ་དག་གི་ཁུངས་བརྟོལ་ཡོད།
ཡུལ་ཤུལ་བས་བོད་ལྗོངས་འཕྲིན་དྲྭ་དང་གསར་འགྱུར་ཁག་ལས་བཏུས་ཏེ་བསྒྱུར།
འཕྲིན་སྟེགས། weikangba