ཞོལ་རྡོ་རིང་ཕྱི་མའི་ཡི་གེའི་ངོ་བཤུས།

2018-10-15
383

  

   ཞོལ་རྡོ་རིང་ནི་བཙན་པོས་སྟག་སྒྲ་ཀླུ་ཁོང་བོད་དམག་ཁྲི་ཉི་ཤུ་དང་བཅས་རྒྱ་ནག་རྒྱལ་པོའི་ཕོ་བྲང་ཁྲང་ཨན(དེང་སང་ཞི་ཨན་ཟེར་བ)ལ་དཔུང་འཇུག་བྱེད་པར་བཏང་ནས་སླར་ཕྱིར་ལོག་རྗེས། བཙན་པོས་ཀླུ་ཁོང་གི་དམག་འཐབ་བྱས་རྗེས་ལ་བསྟོད་བསྔགས་བྱེད་ཕྱིར་རྡོ་རིང་འདི་བཙུགས་པ་རེད། 

  ངོ་སྤྲོད། 

  《ཞོལ་རྡོ་རིང་ཕྱི་མ》ནི་ལྷ་སའི་པོ་ཏ་ལའི་མདུན་ན་བཙུགས་ཡོད།  རྩེ་མོར་ཆར་ཁེབས་དང་ཏོག་ཡོད་པའི་རྡོ་རིང་དེའི་ངོས་གསུམ་ལ་བོད་ཡིག་འཁོད་ཡོད་པ་ལས།  བྱང་ངོས་སུ་ཡིག་ཕྲེང68དང་།  ཤར་ངོས་སུ་ཡིག་ཕྲེང16། ལྷོ་ངོས་སུ་ཡིག་ཕྲེང74ཡོད་ཅིང་།  ནུབ་ངོས་སུ་ཡི་གེ་འཁོད་མེད། (ཞོལ་རྡོ་རིང་ཕྱི་མ)ཟེར་བའི་མིང་དེ《ཞོལ་རྡོ་རིང་ནང་མ》ཟེར་བ་ཞིག་ཡོད་པར་བལྟོས་ནས་བཏགས་པ་རེད།

  སྟག་སྒྲ་ཀླུ་ཁོང་ནི་བཙན་པོ་ཁྲི་སྲོང་ལྡེ་བརྩན(སྤྱི་ལོ755~797)གྱི་བློན་ཆེན་གཙོ་ཆེ་བ་ཞིག་ཡིན་ཞིང་།  སྤྱི་ལོ763ལ།  བཙན་པོས་སྟག་སྒྲ་ཀླུ་ཁོང་བོད་དམག་ཁྲི་ཉི་ཤུ་དང་བཅས་རྒྱ་ནག་རྒྱལ་པོའི་ཕོ་བྲང་ཁྲང་ཨན(དེང་སང་ཞི་ཨན་ཟེར་བ)ལ་དཔུང་འཇུག་བྱེད་པར་བཏང་ནས་སླར་ཕྱིར་ལོག་རྗེས། བཙན་པོས་ཀླུ་ཁོང་གི་དམག་འཐབ་བྱས་རྗེས་ལ་བསྟོད་བསྔགས་བྱེད་ཕྱིར་རྡོ་རིང་འདི་བཙུགས་པ་རེད།  དེའི་དོན་རྣམས་རྒྱ་ཡིག་གི་ལོ་རྒྱུས《སྐྱོང་རོགས་གསལ་བའི་མེ་ལོང》ཞེས་པར་གསལ་བར་མ་ཟད།  《 ཏུན་ཧོང་ནས་ཐོན་པའི་བོད་ཀྱི་གནའ་རབས་ལོ་རྒྱུས་ཡིག་ཆ》ཤོག་གྲངས32ནང་དུའང་འཁོད་ཡོད་པ་འདི་ལྟར། “སྟགི་ལོ་ལ་བབསྟེ། ……ཞང་རྒྱལ་ཟིགས་དང་།  བློན་སྟག་སྒྲ་དང་ཞང་སྟོང་རྩན་དང་ཞང་བཙན་བ།  ལས་སྩོགས་པས། ཀེང་ཤིར་དྲ་མ་དྲང་སྟེ། ཀེང་ཤི་ཕབ། ། རྒྱ་རྗེ་བྲོས་ནས། རྒྱ་རྗེ་གསར་དུ་བཅུག་ནས། དྲ་མ་སླར་ལོག་ནས། །”ཞེས་པའི་ལོ་རྒྱུས་ཀྱི་གནས་ཚུལ་དེ་དག་ལ་བལྟས་ན།  རྡོ་རིང་འདི་ནི་ཕལ་ཆེར་སྤྱི་ལོ765ལོ་ལ་བཙུགས་ཡོད་པ་འདྲ།

  བཙན་རྒྱལ་རིང་ལུགས་པ་རྣམས་ཀྱིས་སྔ་མོའི་རྡོ་རིང་ཚིག་དོན་ཙམ་ལ་བརྟེན་ནས།  རྒྱ་བོད་མི་རིགས་གཉིས་ཀྱི་བར་ལ་དཀྲུག་ཤིང་བརྒྱབ་ནས། མེས་རྒྱལ་གྱི་གཅིག་གྱུར་ལ་གཏོར་བཤིག་གཏོང་བསམ་པའི་དམིགས་ཡུལ་དེ་ནི་དུས་ནམ་ཡང་འགྲུབ་ཐབས་མེད།  རང་རྒྱལ་ནི་མི་རིགས་ཁག་མང་པོ་འདུས་པའི་གཅིག་གྱུར་གྱི་རྒྱལ་ཁབ་ཅིག་ཡིན་ཞིང་།  ལོ་རྒྱུས་ཐོག་མི་རིགས་བར་སྐབས་འགར་ཟང་ཟིང་དང་འཁྲུག་པ་བྱུང་མྱོང་ཡང་།  དེ་ཚོ་ནི་གཅིག་གྱུར་རྒྱལ་ཁབ་ནང་ཁུལ་གྱི་བྱ་བ་ཡིན་པ་ལས།  ཁ་བྲལ་གྱི་རྒྱུ་རྐྱེན་དུ་མི་འགྲོ །

  ང་ཚོས་རྡོ་རིང་འདིའི་ཐོག་ནས་སྐབས་དེའི་བོད་ཀྱི་དམག་ཤུགས་གང་འདྲ་ཡིན་མིན་གྱི་གནས་ཚུལ་དང་།  སྔ་མོའི་ཐོན་སྐྱེད་འབྲེལ་བ་གང་འདྲ་ཡིན་མིན་གྱི་གནས་ཚུལ་ཤེས་ཐུབ་པས།  རྡོ་རིང་འདིའང་བོད་ཀྱི་གནའ་རབས་སྤྱི་ཚོགས་ལ་དབྱེ་ཞིབ་བྱེད་ཡས་ཀྱི་ཡིག་ཆ་གལ་ཆེན་ཞིག་ཡིན།

 མ་ཡིག

   བྱང་ངོས་སུ། 

  1.༄།། བློན་སྟག་སྒྲ་ཀླུ་ཁོང་།

  2.དཀུ་རྒྱལ①གཙིགས་གནང་

  3.བའྀ་མདོ་རྡོ་རིངས་ལ་ཡྀག་གྲུ་

  4.བྲིས་པའ། །

  5.༄།། བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་

  6.གྱི་ཞ་སྔ་ནས་དབུ་སྙུང་གནང་

  7.སྟེ།  བློན་སྟག་སྒྲ་ཀླུ་ཁོང་གི་བུ་ཚ

  8.རྒྱུད་འཕེལད་ལ་ནམ་ནམ་ཞ་ཞར་

  9.དངུལ་གྱྀ་ཡི་གེ་ཆེན་པོ②གཅིག །།

  10.ན་མྱྀ་དབབ་པར་གཡུང་དྲུང་།

  11.དུ་སྩལད་ཕར་གནང་ངོ་། །

  12.བརྩན་པོ་སྲས་དབོན་སྐུ་ཚེ་རབས

  13.རེ་ཞིང་ཡང་། ཟླ་གོང་གྀ་བུ་ཚ་རྒྱུད།

  14.འཕེལད་ལས་གཅྀག ། ཞམ་འབྲིང③

  15.ན་ནང་ཀོར④ཡན་ཅད་དུ་གཞུག

  16.ཅིང་ཚལ་ཟར⑤རྟག་དུ་མཆྀས་པར་

  17.གནང་ངོ་། ། ཟླ་གོང་གི་བུ་ཚ་རྒྱུད་

  18.འཕེལད་ལ་རྗེ་བླས⑥གྱྀ་རྔོ་ཐོག་པའྀ⑦

  19.རྣམས་ཇྀ་ཙམ་དུ་རྔོ་ཐོག་པར་བཀས་

  20.བཀུར་ཞྀང་བསྟོད་པར་གནང་ངོ་།

  21.ཟླ་གོང་གྀ་བུ་ཚ་རྒྱུད་གྱིས། ། བཙན་པོ་

  22.ཞ་སྔར། ། གློ་བ་མ་རྀངས⑧ན། ནོངས་

  23.མྱིག⑨གཞན་ཅྀ་བྱུང་ཡང་རུང་།  སྲོག །

  24.སྲིད⑩ལ་མྱྀ་དབབ་པར། བཀའ་གྱོད11གྱི་

  25.ཚིགས་ཅྀ་ལ་བབ་པ་ལས།  བཀའ་གྱོད་

  26.ན་གཅྀག་གིས་སྨད་ཅྀང་བསྐྱང་བར་

  27.གནང་ངོ་། །  ཟླ་གོང་གི་བུ་ཚ་པེལད12ལས་

  28.ལ་ལ་ཞིག ། རབས་ཆད་ན་རབས་ཆད་

  29.གྱྀ་ཁོལ་ཡུལ་དང་།  ནོར་ཕྱུགས། བླར་མྱི་

  30.བཞེས་པར།  བུ་ནུ་བོ་གང་ཉེ་བ་སྩལད་

  31.པར་གནངོ། །  བློན་སྟག་སྒྲ་ཀླུ་ཁོང་།

  32.གི་བུ་ཚ་རྒྱུད་པེལད། དཀུ་རྒྱལ་གྱི་ཡི་གེའ

  33.ལག་ན་འཆང་བ་ཞྀག་རབས་ཆད་

  34.དམ་བཀྱོན་བབ13ན་ཡང་།  དངུལ་གྱྀ་ཡི་གེ་

  35.བླར་མྱྀ་བཞེས་པར།  བློན་སྟག་སྒྲ་ཀླུ་ཁོང་།

  36.དང་།  ཟླ་གོང་གི་བུ་ཚ་རྒྱུད་གང་ཉེ་བ་གཅྀག

  37.དངུལ་གྱྀ་ཡི་གེ་ཆེན་པོ་གཡུང་དྲུང་དུ་སྩལད་

  38.པར་གནང་ངོ་། །  བློན་སྟགས་སྒྲ་ཀླུ་ཁོང་གི་

  39.ཕ་ཟླ་གོང་གི་བུ་ཚ་རྒྱུད་འཕེལད་གྱི་རྣམས་

  40.ཞང་ལོན་ཡི་གེ་པའྀ་ཐང14དང་།  དམག་སུམ་རྒྱར་

  41.གནང་ངོ་། །  སྐུ་སྲུངས་འཕན་ཡུལ་བའི།

  42.སྟོང་དཔོན་དུ་གཞས་སུ་ཡང་མྱི་གཞུག་པར་

  43.བློན་སྟག་སྒྲ་ཀླུ་ཁོང་གྀ་མྱེས་པོ་གསས་སླེབས་

  44.གྱི་བུ་ཚ་རྒྱུད་པེལད་ལས་གང་རྔོ་ཐོག་པའ་།

  45.དམངས་འདྲང་བ་གཅིག ། སྐུ་སྲུངས་འཕན་

  46.ཡུལ་བའྀ་སྟོང་དཔོན་གཡུང་དྲུང་དུ་སྩལད་

  47.པར་གནང་ངོ་། ། ངན་ལམ་གསས་སླེབས་

  48.གྱི་བུ་ཚ་རྒྱུད་འཕེལད།  ནམ་ཞར་གྱང་སྡེ་སྐུ །

  49.སྲུངས་སུ་གནང་བ་ལས།  སྡེ་ཆ་གུདུ་མྱྀ་སྤོའ15མྱི

  50.བསྒྱུར་བར་གནང་ངོ་། ། ཟླ་གོང་གི་བུ་ཚའ་

  51.རྒྱུད་འཕེལད་གྱྀ་ལག་ན་བྲན་ཞིང་འབྲོག་སོག(ཟོག)

  52.ཚལ་ལས་སྩོགས་ཏེ་དབང་ངོ་ཅོག  ། བླར་མྱི་བཞེས་

  53.མྱི་དབྲྀ16གཞན་གྱིས་མྱི་དཕྲོག17ཁོང་ཏ18བདག་མྱྀ་

  54.དགའ་ན་ཉེ་རིང་དང་བཟང་ངན་མྱྀ་བརྗེ་བར་

  55.གནང་ངོ་། །  ཟླ་གོང་གི་བུ་ཚ་རྒྱུད་འཕེལད་ལ

  56.ལ་ལ་ཞིག་གྀས་ཤ་ཁོན་གྱི་བག་དུ་སྲོག་སྲིད་ལ།

  57.དམའ་བར19བྱེད་པ་ཞྀག་ཡོད་ན།  བཀའ་ནོན20བླ།

  58.ནས་མཛད་པར་གནང་ངོ་། ། ཟླ་གོང་གི་བུ་ཚ་

  59.རྒྱུད་ཕེལད་གྱྀས་གློ་བ་མ་རིངས་ན་ཕྲ་མ་མྱི་གསྩནྡ21

  60.གླན་ཀ་མྱི་བཙལ་མྱྀ་བཀྱོན་བར་གནང་ངོ་། །

  61.བུ་ཚ་འཕེལད་གྱྀ་ནང་ནས་ལ་ལ་ཞིག ། བཙན་པོ་

  62.ཞ་སྔར་གློ་བ་རིངས་ཡང་དག་པར་གྱུརད་ན་གང་

  63.ཉེས་པའྀ་སྒོར།  བཀའ་གྱོད་རྨའོ22། ། ཕུ་ནུ་བོ་གཞན་

  64.ཁྲིན23ལ་མྱྀ་གདགས་སྲོག་སྲིད་ལ་མྱྀ་དབབ་པར་གནང་

  65.ངོ་། །

  66.༄།། མདོར་ནའ་བློན་སྟག་སྒྲ་ཀླུ་ཁོང་གི་ཕ་ཟླ་གོང་

  67.གི་བུ་ཚ་རྒྱུད་ཕེལད་སྲོག××དང་སྲིད་དེ(བདེ)བར་ཐུགས་

  68.གོང24མཛད་དེ×××   ×××  ×××

   ཤར་ངོས་སུ།

  1.༄། ། བློན་སྟག་སྒྲ་ཀླུ་

  2.ཁོང་།  ནང་བློན་ཆེན་

  3.པོ་དང་ཡོ་གལ་འཆོས་

  4.པ་ཆེན་པོར25། བཀའ་

  5.སྩལད་ཀྱིས་ཀྱང་།

  6.བཀའ་ལུང་དང་འདྲ་

  7.བར་རྗེ་བླས་དཀའ་

  8.དགུ་ཉམསུ་བླངས26

  9.ཏེ་ཕྱི་ནང་གཉྀས་གྱི་

  10.ཆབ་སྲིད་ཁབ་སོ×

  11.དཔེནད་པ27དང་ཆེ་

  12.ཆུང་གཉིས་ལ་དྲང་

  13.ཞིང་སྙོམས་ཏེ།  བོད་

  14.མགོ་ནག་པོའི་སྲིད་

  15.ལ་ཕན་པ་ལེགས་

  16.དགུ་བྱས་སོ། །  །

   ལྷོ་ངོས་སུ།

  1.༄། ། བཙན་ཕོ་ཁྲྀ་ལྡེ་གཙུག

  2.རྩན་གྱྀ་རིང་ལའ་། །

  3.༄། ། ངན་ལམ་ཀླུ་ཁོང་གིས། །

  4.གློ་བ་ཉེ་བའི་རྗེ་བླས་བྱས་པ་

  5.། ། འབལ་ལྡོང་ཙབ་དང་། ལང་

  6.མྱེས་ཟིགས། བློན་པོ་ཆེན་ཕོ་

  7.བྱེད་བྱེད་པ་ལས།  གློ་བ་རིངས་

  8.ནས། ། བཙན་ཕོ་ཡབ་ཁྲྀ་ལྡེ་

  9.གཙུག་རྩན་གྱི་སྐུ་ལ་དརད28ཏེ་

  10.དགོང་དུ་གཤེགས་སོ། །

  11.བཙན་ཕོ་སྲས་ཁྲྀ་སྲོང་ལྡེ་བརྩན་

  12.གྱི་སྐུ་ལ་ནི་ད་རད་དུ་ཉེ། ། བོད་

  13.མགོ་ནག་པོའི་སིད་ནྀ་འཁྲུག་དུ་

  14.བྱེད་པ་ལས།  ཀླུ་ཁོང་གིས།  འབལ་

  15.དང་།  ལང་གློ་བ་རིངས་པའྀ་གཏན་

  16.གཙིགས29། ། བཙན་ཕོ་སྲས་ཁྲྀ་སྲོང་

  17.ལྡེ་བརྩན་ཀྱི་སྙན་དུ་གསོལད་ནས་

  18.འབལ་དང་།  ལང་གློ་བ་རིངས་།

  19.བདེན་པར་གྱུརད་ཏེ།  ཁོང་ཏ་ནྀ་

  20.བཀྱོན་ཕབ་སྟེ།  ཀླུ་ཁོང་གློ་བ་ཉེའོ་

  21.༄།། བཙན་ཕོ་ཁྲྀ་སྲོང་ལྡེ་བརྩན་གྱྀ་རྀང་

  22.ལ། །  ངན་ལམ་ཀླུ་ཁོང་གློ་བ་ཉེ་བ་ལ་

  23.བཀའ་གྲོས་ཆེ་ནས།  ཐུགས་བརྟནད30

  24.ཏེ། ། ནང་བློན་བཀའ་ལ་གཏོགས་

  25.པར་བཅུག་ནས། །རྒྱའི་སྲིད་གྱྀ་ཉམ་

  26.དྲོད་རྟོག31ཅིང་།  ཁར་ཙན་ཕྱོགས་སུ་

  27.ཐོག་མ་དྲངས་པའི།  དམག་དཔོན་

  28.དུ། བཀའ་སྩལད་གྱིས་ཀྱང་།  དགྲའ

  29.ཐབས་མཁས་ལ་གྲོས་གྱིས་སོང་དེ32།

  30.རྒྱའི་ཁམས་སུ་གཏོགས་པའི་འ་ཞ་

  31.དང་པོ་བསྡུས། རྒྱ་ལས་མནངས་ཕལ(ཕྲལ)33

  32.ས་ཆ་བཅད་པས།  རྒྱ་སྤ་གོང34སྟེ།  ། རྒྱའྀ་

  33.ཁམས་སུ་གཏོགས་པ་དབྱར་མོ་ཐང35།

  34. ××× ××××ན་དང་།  ཙོང་ཀ35ཕྱོགས་

  35. ×××  ×××དང་ནས་ལས་སྩོགས་

  36.པ×××××××དང་ཕོ་གཅལད། ཀླུ་

  37.ཁོང་གིས×××××འཁྲུགས་པའྀ་དགྲ་

  38. ×××××××ཆབ་སྲིད་ཆེན་ཕོ་མཛྡ

  39. ××××××བཀའ་གྲོས་ཆེན་ཕོ་གསོལད་

  40. ××××གློ་བ་ཉེ་ཞིང་ཆབ་སྲྀད་ལ་དཔེནད་

  41.པའི་སེམས་དགའ་པ་བྱས་སོ། ། བཙན་

  42.ཕོ་ཁྲྀ་སྲོང་ལྡེ་བརྩད་ཐུགས་སྒམ་ལའ་

  43.བཀའ་གྲོས་གྱྀ་རྒྱ་ཆེ་བས།  ཆབ་སྲྀད་གར་

  44.མཛད་དོ་ཅོག་དུའང་ལེགས་སྟེ།  རྒྱའི་ཁམས་

  45.སུ་གཏོགས་པའྀ་ཡུལ་དང་མཁར་མང་པོ་

  46.བཅོམ་སྟེ་བསྡུས་ནས།   །རྒྱ་རྗེ་ཧེའུ་འགྀ་ཝང་

  47.ཏེ37རྗེ་བློན་སྐྲག་སྟེ།  ལོ་ཅྀག་ཅྀང་རྟག་དུ་དཔྱ་

  48.དར་ཡུག་ལྔ་ཁྲི་ཕུལ་ཏེ། རྒྱ་དཔྱའ་འཇལ་དུ་

  49.བཅུག་གོ །  དེའྀ་འོག་དུ།  རྒྱ་རྗེ་ཡབ་ཧེའུ་འགྀ་

  50.ཝང་དེ་གྲོངས་སྟེ།  རྒྱ་རྗེ་སྲས་ཝང་པེང་ཝང38

  51.རྒྱལ་པོར་ཞུགས་ནས།  བོད་ལ་དཔྱའ་འཇལ་

  52.དུ་མ་རུང་སྟེ།  །བཙན་ཕོ་ཐུགས་སྙུང་བའྀ་ཚེ་

  53.ངན་ལམ་ཀླུ་ཁོང་གིས། ། རྒྱ་ཡུལ་གྱྀ་ཐིལད39། རྒྱ་

  54.རྗེའྀ་ཕོ་བྲང་ཀེང་ཤིར།  བོད་གྱྀས་དམག་དྲང་

  55.བའི་བཀའ་གྲོས་གྱྀ་མགོ་ཆེན་པོ་གསོལ་ནས་

  56.ཀེང་ཤིར་དྲང་བའྀ་དམག་དཔོན་ཆེན་ཕོར།

  57.ཞང་མཆིམས་རྒྱལ་ཟྀགས་ཤུ་ཐེང་དང་། །

  58.བློན་སྟག་སྒྲ་ཀླུ་ཁོང་གཉྀས།  བཀའ་སྩལད་ཏེ།

  59.ཀེང་ཤིར་དྲངས་ནས།   །ཅིའུ་ཅྀར40གྱི་རབ་ངོགས་

  60.སུ་རྒྱ་དང་ཐབ་མོ་ཆེན་ཕོ་བྱས་ཏེ།  བོད་གྱིས་གཡུལ་

  61.བཟློག་ནས། །  རྒྱ་མང་པོ་བདུངས་པས། །  རྒྱ་རྗེ་ཀྭང་

  62.པེང་ཝང་ཡང་།  ཀེང་ཤྀའི་མཁར་ནས་ཕྱུང་སྟེའ་

  63.སྴེམ་ཅིའུར41བྲོས་ནས།  ཀེང་ཤྀ་ཕབ་སྟེ་རྒྱ་རྗེའྀ་ནང་

  64.བློན་འགྱེའུ×ནྀ་ཀེང་ལས་སྩོགས་ཏེ་དོང་ཀྭན42དང་

  65.བོ་ཀན་ཡ×××××××××བཙན་པོའི་

  66.འབངས××××××××བོད×གང་

  67.དང་ཁྲ×××××××ཏེ། ཀིམ་ཤེང་ཀོང་

  68.ཅོའི་མིང་པོ×××××××××འཁྲས་ཤྀང་

  69. ×××××××××བློན་པོ་

  70. ×××××××××××རྒྱལ་ཕོ་ཆེ་ཆུང་།

  71. ×××××××××སྲིད་ཕུགསུ

  72.གྲ་བ(སྲིང)དང་གཏམ་ཡུན་དུ་སྙན་པར་བྱས་ཏེ།  ཀླུ་ཁོང་གློ་

  73.བ་ཉེ་ཞིང་ཆབ་སྲྀད་ལ་དཔེནད་པའྀ་སེམས་དགའ་

  74.བ་བྱས་སོ།

   མ་ཡིག་གི་འབྲུ་འགྲེལ།

   བྱང་ངོས་སུ། 

  བློན་སྟག་སྒྲ་ཀླུ་ཁོང་དང་མནའ་འབྲེལ་གནང་བའི་མནའ་ཡིག་རྩ་གནད་རྡོ་རིང་ལ་བཀོད་པ།

  བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་ངོ་མས་ཞལ་བཞེས་གནང་ནས། བློན་སྟག་སྒྲ་ཀླུ་ཁོང་གི་ཕ་ཚ་བུ་རྒྱུད་ལ་དུས་ནམ་ཡང་དངུལ་གྱི་ཡི་གེ་ཆེན་པོ་གཅིག་རིམ་པ་མི་དབབ་པར་གཏན་དུ་སྩལ་པར་གནང་།

  བཙན་པོའི་བུ་རྒྱུད་རེ་རེ་ནས་སྟག་སྒྲ་ཀླུ་ཁོང་གི་ཕ་མཚན་ཟླ་གོང་གི་བུ་རྒྱུད་འཕེལ་བ་རྣམས་ཀྱི་ནང་ནས་མི་གཅིག་ཞབས་འབྲིང་གི་གྲས་ལས་ནང་འཁོར་ཡན་ཆད་ཀྱི་གོ་གནས་འཛིན་རྒྱུད་ཡོད་པ་བྱེད་དགོས་པ་དང་།  ཕོ་བྲང་ནང་མར་རྟག་ཏུ་འགྲོ་འོང་བྱས་ཆོག་པར་བཀའ་གནང་།

  ཟླ་གོང་གི་ཕ་ཚ་བུ་རྒྱུད་རྣམས་ཀྱི་ནང་ནས་སྲིད་ཀྱི་ལས་འགན་ཇི་ཙམ་ཁུར་ཐུབ་པ་དེ་རྣམས་ལ་དེ་ཙམ་དུ་གུས་བཀུར་དང་བསྟོད་བསྔགས་བྱེད་དགོས་པའི་བཀའ་གནང་།

  ཟླ་གོང་གི་ཕ་ཚ་བུ་རྒྱུད་རྣམས་ལྷ་བཙན་པོ་ཉིད་ལ་བློ་མ་ལོག་ན།  ཉེས་པ་གཞན་གང་འདྲ་བྱུང་ཡང་།  རང་ཉིད་སྲོག་དང་ཁྱིམ་རྒྱུད་རྒྱུ་ནོར་བཅས་ལ་བཀའ་ཆད་མི་གཅོད་པ་དང་།  བཀའ་ཆད་ཀྱི་རིམ་པ་གང་དང་གང་ལ་བབས་ཀྱང་རིམ་པ་གཅིག་མར་ཕབ་ནས་འཚོ་སྐྱོང་བྱེད་དགོས་པའི་བཀའ་གནང་།

  ཟླ་གོང་གི་ཕ་ཚ་བུ་རྒྱུད་འཕེལ་བ་རྣམས་ཀྱི་ནང་ནས་གལ་ཏེ་སུ་ཞིག་རིགས་རྒྱུད་ཆད་པ་ཡིན་ན་དེའི་བྲན་གཡོག་དང་།  ས་ཞིང་།  ནོར་ཕྱིགས་བཅས་གོང་ནས་མི་བཞེས་པར་སྤུན་ཟླ་གང་ཉེ་བར་སྤྲད་ཆོག་པའི་བཀའ་གནང་།

  བློན་སྟག་སྒྲ་ཀླུ་ཁོང་རང་གི་ཕ་ཚ་བུ་རྒྱུད་རྣམས་ཀྱི་ནང་ནས་གལ་ཏེ་ལག་ཏུ་མནའ་འགྲེལ་གྱི་ཡི་གེ་ཁྱེར་རྒྱུ་ཡོད་པ་ཞིག་རིགས་རྒྱུད་ཆད་པའམ།  ཡང་ན་དེ་ལ་བཀའ་ཁྲིམས་ཕོག་པ་གང་ཡིན་ཡང་རུང་།  སྔར་གནང་བའི་དངུལ་གྱི་ཡི་གེ་དེ་གོང་ནས་མི་བཞེས་པར་སྟག་སྒྲ་ཀླུ་ཁོང་དང་ཕ་ཟླ་གོང་གི་བུ་རྒྱུད་གཞན་རྣམས་ཀྱི་ནང་ནས་གང་ཉེ་བ་ཞིག་ལ་དངུལ་ཡིག་ཆེན་པོ་དུས་གཏན་དུ་འཆང་ཆོག་པར་བཀའ་གནང་།

  བློན་སྟག་སྒྲ་ཀླུ་ཁོང་གི་ཕ་ཟླ་གོང་གི་བུ་རྒྱུད་གཞན་རྣམས་ཀྱི་གྲས་ལ་ཞང་བློན་ཡི་གེ་པའི་གོ་གནས་སྤྲོད་རྒྱུ་དང་།  དམག་མི་སུམ་བརྒྱའི་དམག་དཔོན་བྱས་ཆོག་པའི་བཀའ་གནང་།

  འཕན་པོའི་སྐུ་སྲུང་དམག་གི་སྟོང་དཔོན་གྱི་གོ་གནས་དེ་ནི།  མི་གཞན་དག་སུ་ལ་ཡང་སྤྲད་མི་ཆོག་པར།  བློན་སྟག་སྒྲ་ཀླུ་ཁོང་གི་མེས་པོ་མིང་དུ་གསེས་སླེབས་ཟེར་བ་དེའི་ཕ་ཚ་བུ་རྒྱུད་རྣམས་ཀྱི་ནང་ནས་གང་ཞིག་གིས་གོ་གནས་འཛིན་ཐུབ་ཅིང་དམངས་ཀྱིས་ཀྱང་ཡིད་མཐུན་བྱེད་པ་དེ་ལ་འཕན་པོའི་སྐུ་སྲུང་དམག་གི་སྟོང་དཔོན་གྱི་གོ་གནས་དུས་གཏན་དུ་སྤྲད་ཆོག་པའི་བཀའ་གནང་།

  ངན་ལམ་གསེས་སླེབས་ཀྱི་བུ་ཚ་རྒྱུད་འཕེལ་ཀྱི་སྡེ་དེ་དུས་ནམ་ཡང་སྐུ་སྲུང་དམག་ཡོད་སའི་སྡེ་རང་བྱེད་དུ་འཇུག་པ་ལས།  སྡེ་དེའི་ཆ་ཤས་ཙམ་ཡང་གཞན་དུ་མི་སྤོ་བ་དང་མི་བསྒྱུར་བའི་བཀའ་གནང་།

  ཟླ་གོང་གི་ཕ་ཚ་བུ་རྒྱུད་ཀྱི་ལག་ཏུ་དབང་བའི་བྲན་གཡོག་དང་།  ས་ཞིང་།  རྩྭ་ཐང་།  ཕྱུགས་ནོར།  ནགས་ཚལ་སོགས་གང་དང་གང་ཡིན་རུང་།  གོང་གིས་ཡར་མི་ལེན་པ་དང་།  ཉུང་དུ་མི་གཏོང་བ།  གཞན་གྱིས་འཕྲོགས་མི་ཆོག་པ།  ཁོང་ཚོ་རང་གིས་བདག་གཉེར་བྱེད་མི་འདོད་ཚེ་ཉེ་རིང་དང་བཟང་ངན་གྱི་ཁྱད་པར་ལ་མ་བལྟས་པར་རང་གིས་སུ་ལ་སྤྲོད་འདོད་ཡོད་ན་དེ་རང་ལ་སྤྲད་ཆོག་པའི་བཀའ་གནང་།

  ལ་ལ་ཞིག་གིས་དགྲ་ཤ་ལེན་ཆེད་ཟླ་གོང་གི་ཕ་ཚ་བུ་རྒྱུད་ཀྱི་སྲོག་དང་།  ཁྱིམ་རྒྱུད།  རྒྱུ་ནོར་བཅས་ལ་གནོད་པ་བྱས་ན་གོང་ནས་རྒྱབ་སྐྱོར་མཛད་རྒྱུའི་བཀའ་གནང་།

  ཟླ་གོང་གི་ཕ་ཚ་བུ་རྒྱུད་ཀྱིས་བཙན་པོར་བློ་མ་ལོག་ན་མིས་དཀྲུག་ཤིང་བརྒྱབ་པའི་ངག་ལ་མི་གསན་པ་དང་།  རྩོད་གཞི་མི་སློང་བ།  ཁྲིམས་གཅོད་མི་བྱེད་པ་བཅས་ཀྱི་བཀའ་གནང་།

  ཟླ་གོང་གི་ཕ་ཚ་བུ་རྒྱུད་རྣམས་ཀྱི་ནང་ནས་གང་ཞིག་བཙན་པོ་སྐུ་ཉིད་ལ་བློ་ལོག་ཐག་ཆོད་ཡིན་ན།  ཉེས་པ་ཡོད་པའི་མི་དེ་རང་ལ་ཁྲིམས་གཅོད་བྱེད་པ་ལས།  གཅེན་གཅུང་སོགས་ནང་མི་གཞན་ལ་ཁྲིམས་མི་གཅོད་པ་དང་།  སྲོག་དང་།  ཁྱིམ་རྒྱུད།  རྒྱུ་ནོར་ལའང་བཀའ་ཆད་མི་གཅོད་པའི་བཀའ་གནང་།

  མདོར་ན་བློན་སྟག་སྒྲ་ཀླུ་གོང་གི་ཕ་ཟླ་གོང་གི་ཕ་ཚ་བུ་རྒྱུད་ཀྱི་སྲོག་དང་།  ཁྱིམ་རྒྱུད།  རྒྱུ་ནོར་གྱི་བདེ་བར་དགོངས་པ་བཞེས་ཏེ་

   ཤར་ངོས་སུ

  བློན་སྟག་སྒྲ་ཀླུ་ཁོང་ནི་ནང་བློན་ཆེན་པོ་དང་རྒྱལ་པོའི་བཀའ་བློན་དུ་བསྐོས་པའི་བཀའ་ཕབས་ཤིང་།  ཁོང་གིས་བཙན་པོས་བཀའ་ཇི་ལྟར་གནང་བ་བཞིན་སྲིད་དོན་དཀའ་ཚེགས་ཡོད་པ་ཚང་མ་ཁྱད་བསད་ཀྱིས་ལག་ལེན་བྱས་ཏེ་ཕྱིའི་ཆབ་སྲིད་དང་ནང་གི་ཕོ་བྲང་གི་ལས་དོན་ལ་ཕན་པ་དང་།  གོ་གནས་མཐོ་བ་དང་དམན་པ་གང་ལའང་སྤྱོད་ཚུལ་དྲང་ཞིང་སྙོམས་པར་འཛིན་པ་དང་།  མགོ་ནག་བོད་མི་ཐམས་ཅད་ཀྱི་སྲིད་དོན་ལ་ཕན་པའི་བྱ་བ་ལེགས་དགུ་བྱས་བཅས་ཡོད་པ་རེད།

    ལྷོ་ངོས་སུ།

  བཙན་པོ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ།  ངན་ལམ་སྟག་སྒྲ་ཀླུ་ཁོང་གིས་ལྷག་བསམ་རྣམ་དག་གིས་རྒྱལ་སྲིད་ལས་དོན་བསྒྲུབས་ཡོད་ཅིང་།  འབལ་ལྡོང་ཙབ་དང་ལང་མྱེས་ཟིགས་གཉིས་ཀྱིས་བློན་པོ་ཆེན་པོ་བྱེད་པའི་སྐབས་སུ་བློ་ལོག་ནས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཁྲི་ལྡེ་གཙུག་བཙན་གྱི་སྐུ་ལ་གནོད་འཚེ་བཏང་སྟེ་བཀྲོངས་པར་མ་ཟད།  བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ལའང་གནོད་འཚེ་གཏོང་ལ་ཉེ་བ་དང་།  བོད་ཀྱི་མགོ་ནག་མིའི་སྲིད་དོན་འཁྲུག་ཏུ་འཇུག་པའི་སྐབས་དེར་ཀླུ་ཁོང་གིས་འབལ་ལྡོག་ཙབ་དང་།  ལང་མྱེས་ཟིགས་གཉིས་བློ་ལོག་པའི་འཆར་ཇུས་དང་གནས་ལུགས་རྣམས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྙན་དུ་གསོལ་རྗེས་བཙན་པོས་འབལ་ལང་གཉིས་བློ་ལོག་པ་ཟེར་བ་དེ་བདེན་པ་ཡིན་པར་མཁྱེན་ནས་བློན་ཆེན་དེ་གཉིས་ལ་ཁྲིམས་གཅོད་བྱས་པ་རེད། དེའི་ཐོག་ནས་སྟག་སྒྲ་ཀླུ་ཁོང་ནི་བཙན་པོ་ལ་བསམ་པ་དཀར་ལ་ཁ་ཞེ་གཉིས་མེད་ཡིན་པ་གསལ།

  དེའང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ།  ངན་ལམ་ཀླུ་ཁོང་ནི་བཙན་པོ་ལ་བསམ་པ་དཀར་བའི་ཐོག་ཐབས་ཇུས་མཁས་ལ།  བློའང་བརྟན་ཞིང་བརླིང་པ་ཡིན་པས་ནང་བློན་བཀའ་ལ་གཏོགས་པ་ཞེས་པའི་རྒྱལ་པོའི་བཀའ་བློན་བྱེད་དུ་བཅུག་པ་རེད།  དེ་ནས་ཀླུ་ཁོང་གིས་རྒྱའི་སྲིད་དོན་ལ་ཉམས་དཔྱད་ནས་ཚོད་ལོན་རྗེས། བཙན་པོས་རྒྱའི་གྲོང་མཁར་བཙན་པོའི་ཕྱོགས་སུ་དམག་ཐོག་མར་དྲངས་པའི་དམག་དཔོན་དུ་བསྐོ་རྒྱུའི་བཀའ་ཕབ་པས་ན།  ཀླུ་ཁོང་དགྲ་ཐབས་མཁས་ལ་གྲོས་བྱས་པ་རྣམས་ཀྱང་ལག་ལེན་དུ་འཁྱོལ་བར་བརྟེན་རྒྱའི་མངའ་ཁོངས་སུ་གཏོགས་པའི་འ་ཞ་ཞེས་པ་དང་པོར་དབང་དུ་བསྡུས་ནས།  རྒྱའི་ལག་ནས་མི་དང་རྒྱུ་ནོར་ཕྲོགས་ཏེ་ས་ཆ་བཅད་བཟུང་བྱས་པས་རྒྱ་རྣམས་དཔའ་འཁུམས་ཏེ་བློ་བློང་བློང་དུ་གྱུར་པས།  རྒྱའི་མངའ་ཁོངས་སུ་གཏོགས་པའི་དབྱར་མོ་ཐང་། ……དང་།  ཙོང་ཀ་ཕྱོགས……ལ་སོགས་པ……དཔྱ་ཁྲལ་དང་པོར་བཅལ་བ་རེད།  ཀླུ་ཁོང་གིས……འཁྲུགས་པའི་དགྲ……ཆབ་སྲིད་ཆེན་པོ་མཛད……ཐབས་ཇུས་ལེགས་པར་སྟོན་ནས། ……བཙན་པོར་བསམ་པ་དཀར་ཞིང་ཆབ་སྲིད་ལ་ཕན་པ་དང་མི་རྣམས་སེམས་དགའ་བའི་བྱ་བ་བྱས་པ་རེད།

  བཙན་པོ་ཁྲི་སྲོང་ལྡེ་བཙན་ནི་ཐུགས་དགོངས་ཟབ་ཅིང་བརླིང་པ་དང་།  ཇུས་གཞི་རྒྱ་ཆེན་པོ་འདིང་ཐུབ་མཁན་ཞིག་ཡིན་པས་ཆབ་སྲིད་གང་དང་གང་དུ་མཛད་པ་དེ་དག་ཐམས་ཅད་ལེགས་པར་འགྲུབ།  རྒྱའི་མངའ་ཁོངས་སུ་གཏོགས་པའི་ས་ཆ་དང་མཁར་གྲོང་མང་པོ་བཅོམ་སྟེ་དབང་དུ་བསྡུས་པས་རྒྱ་རྗེ་ཞའོ་ཀན་ཝང་ཏི(孝感皇帝)རྗེ་བློན་རྣམས་སྐྲག་སྟེ་ལོ་ལྟར་རེ་བཞིན་དཔྱ་ཁྲལ་དུ་དར་ཡུག་ལྔ་ཁྲི་ཕུལ་ཏེ་རྒྱ་རྣམས་དཔྱ་ཁྲལ་འཇལ་དུ་བཅུག་པ་རེད།  དེའི་རྗེས་སུ།  རྒྱ་རྗེ་ཞའོ་ཀན་ཝང་ཏི་གྲོངས་ནས་དེའི་སྲས་ཀོང་ཕིང་ཝང(广平王)ཞེས་པ་རྒྱལ་སར་བཀོད་རྗེས་བོད་ལ་དཔྱ་ཁྲལ་འཇལ་དུ་མི་རུང་བསམས་ནས་མ་བཅལ་པས་བཙན་པོ་ཁྲི་སྲོང་ལྡེ་བཙན་ཐུགས་མ་བདེ་བར་ཁོང་ཁྲོ་ལངས་པའི་ཚེ་ངན་ལམ་ཀླུ་ཁོངས་གིས།  རྒྱ་ཡུལ་གྱི་མཐིལ་རྒྱ་རྗེའི་ཕོ་བྲང་ཁྲང་ཨན་ཞེས་པའི་རྒྱལ་སར་བོད་དམག་དྲང་རྒྱུའི་གྲོས་མགོ་ཆེན་པོ་བཏོན་རྗེས། བཙན་པོས་ཞང་མཆིམས་རྒྱལ་ཟིགས་ཤུ་ཐེང་དང་བློན་སྟག་སྒྲ་ཀླུ་ཁོང་གཉིས་ཁྲང་ཨན་ལ་དམག་འདྲེན་པའི་དམག་དཔོན་ཆེན་པོར་བསྐོ་རྒྱུའི་བཀའ་ཕབ་སྟེ་ཁྲང་ཨན་ལ་དམག་དྲངས་ནས།  ཀྲོའུ་ཀྲིའི(周至)རབ་ངོགས་སུ་རྒྱ་དང་དམག་འཐབ་ཆེན་པོ་བྱས་ནས་བོད་ཀྱིས་གཡུལ་ས་ལས་འཐབ་ཡ་གཡུལ་ལས་ཕྱིར་ལྡོག་ནས་རྒྱ་མང་པོ་བསད་པས་རྒྱ་རྗེ་ཀོང་ཕིང་ཝང་ཡང་ཁྲངས་ཨན་མཁར་ནས་ཐོན་ཏེ་ཧྲན་ཀྲིར་བྲོས་ནས།  བོད་དམག་གིས་ཁྲང་ཨན་ཕབ་སྟེ་རྒྱ་རྗེ་ནང་བློན་འགྱེའུ་ལ་སོགས་པ་ཐུང་ཀོང་དང་བོ་གན་ཡ……བཙན་པོ་འབངས……བོད……གང་དང་ཁྲ……ཏེ།

  གྱིམ་ཤིང་ཀོང་ཇོ་ཡི་ཚ་བོ་ཁྲེང་ཧུང་ཟེར་བ……འཁྲས་ཤིང……བློན་པོ……རྒྱལ་པོ་ཆེ་ཆུང……སྲིད་ཡུན་རིང་དུ་བསྲིངས་པ་དང་། གཏམ་གླེང་ཡུན་རིང་དུ་སྙན་པར་བྱས་ཏེ་ཀླུ་ཁོང་གིས་བཙན་པོ་ལ་བསམ་པ་དཀར་བ་དང་ཆབ་སྲིད་ལ་ཕན་ཞིང་མི་རྣམས་དགའ་བ་སྐྱེད་ནུས་པའི་བྱ་བ་བྱས་ཡོད་པ་རེད།

    མཆན་འགྲེལ།

  ①དཀུ་རྒྱལ།  མནའ་འབྲེལ།

  ②དངུལ་གྱྀ་ཡི་གེ ། དངུལ་ལས་བཟོས་པའི་བྱང་བུའི་ཐོག་གོ་གནས་སོགས་བཀོད་པའི་ཡི་གེ   དངུལ་གྱི་ཡིག་ཚང(ཡིག་གཙང)།“ཡིག་ཚང་ནི་རབ་གསེར་གཡུ་གཉིས་འབྲིང་དངུལ་དང་ཕྲ་མེན། ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་ཕྱེ་བས་བཅུ་གཉིས་སོ། །  དེ་དང་དགུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང་།  དགུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་།  དགུང་བློན་ཐ་ཆུང་དང་ནང་བློན་འབྲིང་བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ།  ནང་བློན་ཐ་ཆུང་དང་བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ་།  བཀའ་བློན་ཐ་ཆུང་ལ་ཕྲ་མེད་གྱི་ཡི་གེ་གནང་།  གཞན་ཡང་ཆོས་གྲྭའི་སློབ་དཔོན་སྐུའི་སྔགས་མཁན།  སྟོད་སྨད་ཀྱི་དབང་བློ་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་བྱིན།  སྐུ་འཚོ་བའི་བོན་པོ་གཟིམས་མལ་བརྩིགས་ཁབ་བྱང་ཐང་གི་ས་མཁན།  མཐའི་སོ་ཁ་སྲུང་བ་དང་སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ།  ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ་སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག   གཡུལ་དུ་དཔའ་བ་ལ་ལྕགས་ཡིག  ཡང་ཐ་ཤིང་སྐྱ་ཆུ་རིས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང”སྐད། (《མཁས་པའི་དགའ་སྟོན》ཤོག་ལྷེ20ཁ་པར་གསལ)

  ③ཞམ་འབྲིང་།  ཞབས་འབྲིང་།

  ④ནང་ཀོར།  ནང་འཁོར།

  ⑤ཚལ་ཟ(མཚེར་ས)།  སྐབས་འདིར་ཕོ་བྲང་ལ་གོ་དགོས།

  ⑥རྗེ་བླས། ⑴རྒྱལ་པོའི་ལས་དོན།  ⑵སྲིད་ཀྱི་ལས་དོན།

  ⑦རྔོ་ཐོགས་པ།  ནུས་པ་ཐོན་པ།

  ⑧གློ་བ་རིངས།  གློ་ལོག་པའམ་རྒྱབ་གཏོད་བྱས་པ།

  ⑨ནོངས་མྱིག(ནོངས་དམིགས)། ཉེས་དམིགས། ཉེས་པ།

  ⑩སྲིད(སྡེ)། སྐབས་འདིར་ཁྱིམ་ཚང་གི་ནང་མི་དང་རྒྱུ་ནོར་ལ་གོ་དགོས།

  11བཀའ་གྱོད།  བཀའ་ཆད།

  12བུ་ཚ(རྒྱུད)པེལད།  བུ་ཚ་རྒྱུད་འཕེལད། ཕ་ཚ་བུ་རྒྱུད།

  13བཀྱོན་བབ།  ཁྲིམས་གཅོད་བྱས་པ།

  14ཞང་ལོན་ཡི་གེ་པའྀ་ཐང་།  ཞང་བློན་གྲས་ནས་བྱས་རྗེས་བཀའ་ཡིག་ཡོད་པའི་ཐོབ་ཐང་།  སྐབས་དེར་ཞང་བློན་ནང་ནས་ཡི་གེ་པའི་གོ་གནས་གནང་ཡོད་མེད་གཉིས་ཡོད་པ་ལས།  ཞང་བློན་བྱས་རྗེས་ཅན་ལ་བྱས་རྗེས་འཁོད་པའི་བཀའ་ཡིག་དང་གོ་གནས་ཡོད་པ་དཔེར་ན།  ཟླ་གོང་གི་ཕ་ཚ་བུ་རྒྱུད་རྣམས་ལ་ཞང་བློན་བྱེད་དུ་བཅུག་པར་མ་ཟད་ཡི་གེ་པའི་གོ་གནས་ཀྱང་གནང་ཡོད་པ་ལྟ་བུའོ། །

  15གུདུ་མྱྀ་སྤོའ(གུད་དུ་མྱྀ་སྤོ། ཟུར་དུ་མི་སྤོ།  གཞན་དུ་མི་སྤོ)

  16མྱི་དབྲྀ། ཉུང་དུ་མི་བཏང་།

  17 མྱི་དཕྲོག །(དབྲོག)མི་འཕྲོག

  18 ཁོང་ཏ། (ཁོང་ལྟ)ཁོང་ཚོ།

  19 སྲོག་སྲིད་ལ་དམའ་པ།  རང་གི་སྲོག་དང་།  ཁྱིམ་རྒྱུད། རྒྱུ་ནོར་ལ་གནོད་སྐྱོན་གཏོང་བ།

  20བཀའ་ནོད(བཀའ་གནོན)། རྒྱབ་སྐྱོར།

  21མྱི་གསྩནྡ(མི་གསན)། མི་ཉན་པའི་ཞེ་ས།

  22 རྨ(སྨྲ)། བཤད་པ།

  23 ཁྲིན།  ཁྲིམས།

  24 ཐུགས་གོང(དགོངས)མཛད། དགོངས་པ་བཞེས།

  25 ཡོ་གལ་འཆོས་པ། ཡོ་འགལ་བཅོས་པ།  རྒྱལ་པོའི་བཀའ་ལ་ནོར་འཁྲུལ་བྱུང་ན་ཡོ་བསྲང་ལེགས་བཅོས་གཏོང་མཁན།

  26 ཉམསུ་བླངས། ལག་ལེན་བྱས།

  27 དཔེནད་པ། (དཔེན་པ)ཕན་པ།

  28 དརད། གནོད་འཚེ་བཏང་།

  29 གཏན་གཙིགས། གཏན་ལ་འབེབས་པ།

  30 ཐུགས་བརྟནད(བརྟན)། སེམས་འགྱུར་བ་མེད་པ།

  31 ཉམ(ཉམས)དྲོད་རྟོག  ཉམས་དཔྱད་ནས་ཚོད་ལོན་པ།

  32 གྲོས་གྱིས་སོང་དེ།  གྲོས་བྱས་པ་རྣམས་ལག་ལེན་དུ་འཁྱོལ་བ།

  33མནངས་ཕལ(ཕྲལ)། མི་དང་རྒྱུ་ནོར་ཕྲོགས་པ།

  34 སྤ་གོང་། དཔའ་ཞུམ་པ།

  35 དབྱར་མོ་ཐང་།  གཡེར་མོ་ཐང་། ⑴སྐུ་འབུམ་གྱི་ཉེ་འགྲམ་ས་ཆ་ཞིག་གི་མིང་རེད། 《ཨ་མདོ་ཆོས་འབྱུང》ནང་དུ་གསལ།  ⑵མཚོ་ཁྲི་ཤོར་རྒྱལ་མོ་དབྱར་མོ་ཐང་ན་ཡོད་ཞེས། 《ལྷ་འདྲེ་བཀའ་ཐང》ནང་དུ་གསལ།

  36 ཙོང་ཀ(ཁ)གཙོང་ཆུ་ཁ་ཟེར་བའི་བསྡུས་མིང་།  མཚོ་སྔོན་ཞིང་ཆེན་ན་ཡོད།

  37 རྒྱ་རྗེ་ཧེའུ་འགྀ་ཝང་ཏེ(ཞའོ་ཀན་ཝང་ཏི)། ཐང་རྒྱལ་རབས་ཀྱི་གོང་མ་ཐང་སུའུ་ཙུང་ཞེས་པ་དེ་ཡིན།

  38 ཝང་པེང་ཝང(ཀོང་ཕིང་ཝང)། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཏའེ་ཙུང་ཞེས་པ་དེ་ཡིན།

  39 ཐིལད། མཐིལ། དབུས།

  40 ཅིའུ་ཅྀ། དེང་སང་ཀྲོའུ་ཀྲི་ཟེར།  ཧྲའན་ཞི་ཞིང་ཆེན་ན་ཡོད།

  41 སྴེམ་ཅིའུ།  དེང་སང་ཧྲན་ཀྲི་ཟེར།  ཧོ་ནན་ཞིང་ཆེན་ན་ཡོད།

  42 དོང་ཀྭན། དེང་སང་ཐུང་ཀོན་ཟེར། ཧྲའང་ཞི་ཞིང་ཆེན་ན་ཡོད།

  དཔྱད་གཞིའི་ཡིག་ཆ།

  • 顶