མངའ་རིས་ས་ཁུལ་རྫོང་ཁག་གི་མིང་ཇི་ལྟར་བྱུང་ཚུལ་རགས་ཙམ་གླེང་བ།

2016-09-21
262
  ༡ སྤུ་ཧྲེང་རྫོང་།

 

  སྤུ་ཧྲེང་ཞེས་པ་ནི་ཞང་ཞུང་གི་སྐད་ཡིན་པས་སྤུ་ནི་གངས་དང་། ཧྲེང་ནི་རི་ཡིན་པས་ཡུལ་དེར་གངས་རིས་བསྐོར་ཡོད་སྟབས་གངས་རིའི་དོན་ཅེས་དང་།ཡང་ཁྱུང་ལུང་གྱི་བུ་འབྲིང་བ་ར་སྐྱོང་ཨོ་ནག་ཞེས་པས་ང་སྤྲིན་པུར་པུར་བྱེད་སའི་ཡུལ་དུ་འགྲོ་གི་ཡིན་ཞེས་བརྗོད་པས་པུ་རངས་ཞེས་པའི་མིང་དེ་ལྟར་བྱུང་ཚུལ་སོགས་མདོར་ན་པུ་རངས་དང་། སྤུ་རངས་སྤུ་ཧྲང་། སྤུ་ཧྲེང་བཅས་བྲིས་སྲོལ་མི་འདྲ་བ་ཙམ་ལས་དོན་གཅིག་ཡིན།

  ༢ རྩ་མདའ་རྫོང་།

  རྩ་མདའ་ཞེས་པ་ནི་སྔོན་གྱི་རྩ་རང་རྫོང་དང་མདའ་པ་རྫོང་གཉིས་མིང་མཉམ་དུ་སྒྲིལ་ནས་རྩ་མདའ་ཞེས་གསར་དུ་བཏགས་པའི་མིང་ཡིན།

  ༣ སྒར་རྫོང་།

  སྒར་རྫོང་ཞེས་པ་ནི་ཁང་པ་མེད་པར་སྦྲ་གུར་སོགས་ཕུབ་པའི་སྡེ་ཚོའམ་དམག་སྒར་ལ་སྒར་ས་ཞེས་ཟེར།  

  འདིར་སྒར་རྫོང་ཞེས་པ་ནི་རྒྱལ་པོ་དགའ་ལྡན་ཚེ་དབང་གིས་ལ་དྭགས་བཙན་བཛུལ་པ་མཐར་སྐྲོད་གཏོང་བའི་སྐབས་ཀྱི་དམག་སྒར་དབྱར་ས་དགུན་ས་ཞེས་བྱུང་བ་ལས་འདིའི་སྒར་ས་ནི་སེང་གེ་གཙང་འགྲམ་གྱི་དགུན་ སར་གོ་བ་ཡིན།

  ༤ རུ་ཐོག་རྫོང་།

  རུ་ཐོག་ཅེས་པ་ནི་ཐོག་མར་ཧོར་ཤན་པ་རྨེ་རུ་རྩེའི་མཁར་རྫོ་མོ་རུ་རྫོང་ཞེས་པ་གནས་འདིར་ཡིན་པ་ལ་རྗེས་སུ་དེར་རྫོང་དགོན་བཏབ་པས་རུ་ཐོག་རྫོང་ཞེས་པ་དེ་ལྟར་བྱུང་ཞེས་དང་། ད་ལྟའི་རུ་ཐོག་རྫོང་ཡང་སྔར་མིང་རང་སོར་བཞག་པའི་རྫོང་ཞིག་ཡིན།

  ༥ དགེ་རྒྱས་རྫོང་།

  དགེ་རྒྱས་ཞེས་པ་ནི་སྔོན་མདོ་སྨད་དགེ་རྒྱས་ཞེས་པའི་ཡུལ་ནས་སྡེ་ཚོ་འཆམ་མཐུན་མ་བྱུང་བར་ཁག་གཅིག་གནས་འདིར་ཁྱིམ་གཞིས་ཆགས་པས་ཐོག་མར་སྡེ་ཚོ་དེར་དགེ་རྒྱས་དང་དེ་ནས་རིམ་བཞིན་ཡུལ་ལུང་ཡོངས་ལ་དགེ་རྒྱས་ཞེས་ཐོགས་པ་ཡིན་ཞེས་ཟེར།

  ༦ སྒེར་རྩེ་རྫོང་།

  སྒེར་རྩེ་ཞེས་པ་ནི་སྔོན་མདོ་སྨད་སྒེར་རྩེ་ཞེས་པའི་ཡུལ་ནས་མི་ཁག་ཅིག་གནས་དེར་ཡོངས་ནས་འབྲོག་སྡེ་ཆགས་པས་རྗེས་སུ་སྡེ་ཚོ་འདིར་སྒེར་རྩེ་ཞེས་མིང་ཐོགས་པ་ཡིན་ཞེས་ཟེར།

  ༧ མཚོ་ཆེན་རྫོང་།

  མཚོ་ཆེན་ཞེས་པ་ནི་བཀྲ་རི་གནམ་མཚོའི་ནུབ་ངོས་སྤྱི་ལེ་བཅུ་ལྷག་ཙམ་གྱི་སར་གནས་ཡོད་སྟབས་མཚོ་མིང་རྫོང་ལ་ཐོགས་པས་མཚོ་ཆེན་ཞེས་དང་། ད་ལྟའི་རྫོང་གི་གནས་ཡུལ་ནི་སྨན་སྡོང་ཞེས་པར་ཆགས་ཡོད།

  ཚེ་དབང་དཔལ་འབྱོར་གྱིས《གངས་ཅན་བོད་ཀྱི་གནས་ཡིག་ལམ་ཡིག་གསར་མ》ལས་ལེགས་སྡུད་བྱས།
 

 

  

  • 顶