ལས་དང་པོའི་གང་ཟག་རྣམས་ལ་ཉེ་བར་མཁོ་བའི་ཡིག་བསྐུར་གྱི་རྣམ་བཞག་མཁས་པའི་རྣ་རྒྱན་བཞུགས་སོ། ༼ ༡ ༽

2015-12-03
142

ལས་དང་པོའི་གང་ཟག་ལ་ཉེ་བར་མཁོ་བའི་ཡིག་བསྐུར་གྱི་རྣམ་བཞག་ས་བཅད་བཀོད་པ། དང་པོ་མཐོ་དམན་གྱི་རིགས་མཐུན་དབྱེ་བ། གཉིས་པ་དྲུང་ཞུའི་བཟོ་སྒོ་དང་འབེབས། གསུམ་པ་ལན་གྱི་མིང་སྨོས། བཞི་པ་འཇུག་བསྡོམས་ཀྱི་རྗོད་བྱེད། ལྔ་པ་ཁ་ཡིག་དང་ཧུང་ལའི་རྒྱ་སྡོམས། དྲུག་པ་དཔེར་བརྗོད་ཀྱི་རིམ་པ་བསྟན་པ་དང་དྲུག་ལས། ། 

  དང་པོ་ནི། མཐོ་དམན་དབྱེ་བ་ནི་འབུལ་ཡུལ་དང་བསྟུན་དགོས་ལ། འགྲོ་བ་ཀུན་ལ་མ་འདྲེས་པའི་མཛའ་བཤེས་ས་གསུམ་ཡིད་ཅན་ཡོངས་ཀྱི་གཉེན་གཅིག་པུ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བསྟན་འགྲོའི་གཙུག་རྒྱན་དམ་པ་རང་ཅག་གི་བསྟན་པ་བླ་ན་མེད་པ་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་། གཟིགས་པ་མཆོག་འདི་ཉིད་སྟོང་གསུམ་འཇིག་རྟེན་གྱི་ཁམས་སུ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་པ་ཡིན་ལ། དེ་འོག་སྲས་གྱི་ཐུ་བོ་བགྲང་ཡས་ཀུན་གྱི་ནང་ནས་གཙོ་བོར་གྱུར་པ་བཅས་སྐྱེ་དགུའི་རྣམ་འདྲེན་དམ་པ་རིས་མེད་བསྟན་པའི་མངའ་བདག་པཎ་ཆེན་མཆོག་གི་སྤྲུལ་སྐུན་རིན་པོ་ཆེ་འགྲོ་བའི་འདྲེན་པ་འཁོན་སྟོན་བདག་ཆེན་གྱི་ཆོས་ཀྱི་རྗེ་གོང་འོག་ལྷ་གཟིགས་མིའི་དབང་པོ། བསྟན་འགྲོའི་དཔལ་མགོན་ཆ་མདོ་འཕགས་པ་ལྷ། གདན་ས་ཆེན་པོའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་གདན་ཟུར། རྗེ་བཙུན་དམ་པ་ཁལ་ཁ་འཇམ་དབྱངས་ཞབས་དྲུང་། སྒམ་འབྲུག་སྤྲུལ་པའི་སྐུ། ཞྭ་དམར་ནག འབྲི་སྟག མཚར་བུ་དྲུང་པ་སོགས་བཀའ་བརྒྱུད་བསྟན་པའི་གསལ་བྱེད་ཀྱི་སྤྲུལ་སྐུས་མཚོན་ཡོངས་གྲགས་ཀྱི་བླ་ཆེན། བ་སོ་རྗེ་དྲུང་། རྡོ་རྗེ་བྲག གནས་རྙིང་། དེ་མོ། སྦྱོར་ར། སྟོང་འཁོར། བྱམས་པ། བྲག་ཡགས། ལྕགས་ཟམ། བསམ་སྡིངས་པ་རྣམས་ཀྱི་སྤྲུལ་སྐུ། གསང་ཕུ་གླིང་སྟོད་སྨད། སྐྱིད་ཤོད་དང་རྒྱ་རིའི་ཞབས་དྲུང་ཆོས་རྗེ། ཧོར་ཚང་གིས་མཚོན་པའི་ཆོས་རྗེ་ཆེ་ཁག ཞ་ལུ་དང་ཚོགས་སྡེ་བཞིའི་མཁན་ཆེན། སེམས་དཔའ་ཆེན་པོ། རྒྱལ་ཁང་རྩེ་པ། རྒྱལ་སྲས་སྤྲུལ་སྐུ། ཆབ་མདོ་རྗེ་དྲུང་། གསུང་སྤྲུལ་ཐུགས་སྲས་ཉི་སྡེ། དཔའ་བོ་བཅས་པའི་སྤྲུལ་སྐུ། རས་ཆུང་ཕུག་དང་། བདེ་ཆོས། སྡོངས་པོ་ཆེ་སོགས་ཀྱིས་མཚོན་སྤྲུལ་སྐུ་ཆེ་འབྲིང་། ཆོས་འཁོར་རྒྱལ། དགའ་ལྡན་ཤར་བྱང་། ཅོ་ནེ། བྱ་ཁྱུང་བཅས་པའི་ཆོས་རྗེ་དང་། རྭ་སྒྲེང་། རྫིང་ཕྱི། སྡེ་དྲུག ལྔ་མཆོད། རི་བོ་བདེ་ཆེན། སྤྱན་གཡས། སྐྱོར་ལུང་། བྱམས་གླིང་། དཔལ་འཁོར་ཆོས་སྡེ། ངོམས་རིངས། ངོར་སྣར་ཐང་ལྷུན་རྩེ། སྐྱེད་ཚལ་གོང་འོག འཕགས་སྡེ་བཞི། མངའ་རིས་ཁྲི་རྩེ། ཁམས་ལི་ཐང་སོགས་ཀྱིས་མཚོན་མཁན་པོའི་རིགས། བཅོ་བརྒྱད། གནས་གསར། ལྕགས་ཟམ་དབོན་བཅས་ཀྱི་ཆོས་རྗེ་དང་། གཏེར་བདག་གླིང་པ། སྤོས་དགའ། དུང་དཀར། ཆེ་ཆེན་ཆོས་རྗེ། དཔལ་རི་བས་མཚོན་པའི་མཁས་སློབ་ཆོས་རྗེ་ཆེ་གེ་མོའི་སྐུ་སྐྱེའི་རིགས། སེ་འབྲས་དགེ་གསུམ་གྱི་གཙོས་ཆོས་སྡེ་གྲྭ་ཚང་ཆེ་འབྲིང་གི་སློབ་དཔོན་ཞལ་ལྔ་ཡི་རིགས་སྐྱབས་མགོན་གོང་ས་མཆོག་གི་མཆོད་དཔོན་གཟིམས་དཔོན་བཅས་ཉེ་འཁོར་འཕགས་པའི་མཆོག་དམ་པ། བྱང་ཕྱོགས་དཔོན་ཁག་གི་ཏི་ཤྲིར་བཀུར་བའི་ཆོས་རྗེ་དཀྱུས་མའི་རིགས། དགོན་སྡེ་ཆུའི་བླ་མ་དང་སྐུ་སྐྱེའི་རིགས། གསང་འུག སྨྲ་ཅོག སྐྲ་བཟང་། བྲག་སྣ། སྒྲོལ་མ། བསམ་ཡས་དཀར་པོ་བས་མཚོན་པའི་ཆོས་རྗེའི་རིགས། གཞན་ཡང་དར་སྡིངས། ཞང་སྟོན། ཤེལ་བྲག་པས་མཚོན་སྔགས་བོན་གདུང་འཛིན་གྱི་རིགས། འདུས་ཚོགས་ཀྱི་དབུ་ཆོས། རབ་ཏུ་བྱུང་བ་སོགས་དགེ་འདུན་མདོར་ན་སེར་གཟུགས་སྔགས་བོན་ལྷ་སྡེར་གཏོགས་པ་མཐའ་དག་གོ། 

   གཉིས་པ་དྲུང་ཞུའི་བཟོ་སྒོ་དང་འབེབས་ནི། དཔལ་གནམ་པའི་དཀྱིལ་འཁོར་ཀུན་གྱི་དབང་ཕྱུག་གོང་མ་མི་དབང་ཆེན་པོ། སའི་ཚངས་པ་ཆེན་པོ་བསྟན་འཛིན་དྷ་ལས་ཁང་། ས་ལ་སྤྱོད་པའི་བརྒྱ་བྱིན་དགའ་ལྡན་བསྟན་འཛིན་བོ་ཤོག་ཐུ་རྒྱལ་པོ། སྟོབས་ཀྱི་དབང་ཕྱུག་ཤེ་ཡེ་ཐུ་རྡོ་རྗེ་རྒྱལ་པོ། ནོར་འཛིན་ཆོས་བཞིན་སྐྱོང་བ་ཨོར་ཏི་ནི་དྷ་ལས་ཧོང་ཐའི་ཇི། ཛ་སག་ཐུག་ཁང་གིས་མཚོན་པའི་འཁོར་ལོས་བསྒྱུར་བའི་རྒྱལ་རིགས། དེ་འོག་བྱང་ཕྱོགས་ཁལ་ཁ་ཨོ་རོད་ཀྱི་རྒྱལ་པོའི་གདུང་དང་རིགས་ཆོས་ཀྱིས་མངོན་པར་མཐོ་བའི་དཔོན་ཁག གོང་ས་མཆོག་ནས་ཆེ་འདོན་དང་ལུང་ལས་ཀྱི་ཐམ་ཀ་སོགས་བསྩལ་བའི་དཔོན་པོ་ ཆེ་ཁའི་རིགས་དང་། བོད་དུ་རྒྱ་རི་བ། སྐྱིད་ཤོད་མི་རྗེ་ཁག་གསུམ། བྱ་ནག་རིགས་ཀྱི་ཐིག་ལེ། འབྲོག་ཁྲི་དཔོན་ཁག གོར་རེ་ལྷ་པས་མཚོན་པའི་སྡེ་དཔོན་ཆེ་ཁག ཁལ་ཁ་ཨོ་རོད་ཀྱི་རིགས་ཆོས་ཀྱིས་མཐོ་བའི་གོང་ནས་ཆེ་འདོན་དང་ཆོ་ལོ་ཐམ་ག་སོགས་བསྩལ་བའི་དཔོན་པོ་འབྲིང་པོའི་རིགས་དང་། ཨ་མདོའི་ནང་སོགས་ཁག་ལྔ། བོད་དུ་བཞེད་རྩས་མཚོན་དཔོན་པོ་འབྲིང་བར་གཏོགས་པ། བྱང་ཕྱོགས་བསྟན་སྐྱོང་གི་ཆོ་རིགས་བཙུན་པའི་དཔོན་ཆུང་ཁག་རིགས་དང་། བོན་དུ་ཐོན་པ། ཤག་ལྷོའི་མཚོན་པའི་སྡེ་དཔོན་ཆུང་ཁག་བླ་ཆེན་གོ་རིམ་ལྟར་གྱི་ཕྱག་མཛོད། འབོག་གོང་མདར་གདོང་། བྱིང་སྣམ། སྦྲུག་ལྕགས། སྲད་འབྲིང་། སྤུན་རྫོང་། དཔལ་དེ། ཀོང་པོ་དཔོན་ཁག་གིས་མཚོན་ནང་སྣམ་ཆེ་ཁག རྒྱལ་ཁབ་ཆེན་པོའི་མདུན་ན་འདོན་དང་། ནང་སྣང་དཀྱུས་མ་སྤུལ་སྐུ་ཆེ་འབྲིང་གི་དབོན་ཕྱག་མཛོད། གྲྭ་ཚང་ཆོས་སྡེ་ཆེ་ཁག་གི་གཉེར་སོར་མོ་བ་དང་། དྲུང་འཁོར་དྲག་གི་འབྲིང་དཀྱུས་གསུམ། ལྡིང་དཔོན། རྟགས་འདུ། བརྒྱ་དཔོན། ནང་གཟན་དྲག་ཞན། རྒན་བཅུ་དམངས་སོགས་སྲིད་སྡེའི་རིགས་མཐའ་དག་གོ། 

   གཉིས་པ། དྲུང་ཞུ་དང་འབེབས་བཟོས་དངོས་ལ་ཆོས་སྲིད་ཀྱི་བསྔགས་པ་སོ་སོར་ཡོད་མོད་ཀྱང་། དྲུང་དུ་དང་འབེབས་བཟོས་མཐོ་དམན་གོ་རིམ་བྱེད་ལུགས་ཁྱད་མེད་རིམ་བཞིན་སྦྱོར་དུ་རུང་བའི་རིམ་པ་ནང་གསེས་བཅུ་ལས། དང་པོ་ནི། འབུལ་ཡུལ་མཚན་དོན་གྱི་བསྔགས་པ་རྒྱལ་བསྡུས་གང་རུང་བའི་མཐར། ཞབས་སྟེགས། ཨུཏྤལ་རྣམ་པར་བཞད་པ་མཆོག་གི་དྲུང་དུ། དྲུང་ཞུའི་འབེབས་མཐོ་གང་ཙམ་ནས། སྒོ་གསུམ་གུས་པས་སོར་བཅུ་སྤྱི་བོར་བཀོད་དེ་ཞུ་བ། ཕྱོགས་དེར་གདོང་ཕྱོགས་སྤོས་བསྲེགས་ཐལ་མོ་སྦྱར་ཏེ་ཞུ་བ་དང་། ཡང་ན་གུས་པ་ཆེན་པོས་ཕྱག་དང་བཅས་ཏེ་ཞུ་བ་འོག་ཏུ་ཆུད་ངེས། གཉིས་པ་འབུལ་ཡུལ་གྱི་བསྔགས་བརྗོད་མཚན་སྨོས་ཀྱི་མཐར་ཞབས་དྲུང་དུ་འབེབས་སོར་བཅུ་ཙམ་ནས། ཐལ་མོ་སྙིང་ཁར་སྦྱར་ཏེ་ཞུ་བའམ། གུས་པ་ཆེན་པོས་ཞུ་བ་ཞེས་གང་རུང་སྦྱར་བའི་བརྗོད་ཚིག་སྙན་འཇེབས་རྒྱས་བསྡུས་ཙམ་ལས་གོང་དང་ཆ་འདྲ་ཙམ། གསུམ་པ། བསྔགས་བརྗོད་མཚན་སྨོས་ཇི་ལྟར་བརྗོད་པའི་མཐར། ཞབས་དྲུང་དུ། འབེབས་སོར་བརྒྱད་ནས་ཞུ་བ་འོག་ཏུ་ཆུད་པ་བྱེད། བཞི་པ་མཚན་གྱི་བསྔགས་པ་གང་བརྗོད་ཀྱི་མཐར་དྲུང་དུ། འབེབས་སོ་དྲུག་བཞག་པའི་ཐད་འབྲངས་ནས་ཞུ་བ་འགོད། ལྔ་པ་མཚན་སྨོས་བསྔགས་པའི་མཐར་རིན་པོ་ཆེར། འབེབས་སོར་ལྔ་པ་ནས་ཞུ་བར་འོག་ཏུ་ཆུད་པ་འབྲི། དྲུག་པ་དངོས་མིང་བསྔགས་པ་གང་ཡང་མ་བྱས་པར། ལགས་ཞེས་སྨོན་ངོས་འབེབས་སོར་གསུམ་གསེག་འགྲོས་ནས། ཆེད་འབུལ་ལྟ་བུ། བདུན་པ་དངོས་མིང་སྙན་འཇེབས་ཀྱི་མཐར་ཕྱག་ཏུ། ཞེས་པའི་མིག་མཇུག་སྐྱུར། འོག་མའི་ཕྲེང་ཐོགས་གསེགས་འགྲོས་ཆེ་ཙམ་ནས་ཕུལ་དོན་ལྟ་བུ་དང་བརྗོད་མཛོད་སྦྱར་པ་ལས་ཐད་བྲིས་བྱིངས་དཀྱུས་འགྲེ། བརྒྱད་པར་དངོས་མིང་ལ་ཞེ་ས་ཅུང་ཟད་བཏགས་པའི་སྐུ་འཚོ་བདེ་བ་སོགས་ཀྱི་བཀའ་མི་བཅག་གི་ཐད་བྲིས། དགུ་པར་དངོས་མིང་ལ་ཞེ་ས་ཕྲན་བུ་མཛད། བཅུ་པར་ཐད་བྲིས་མིང་སྨོས་ཀྱི་དཀྱུས་འགྲེ་བྱེད་པ་དམན་པ་ལའོ། དེའང་ཆོས་རྒྱལ་མེས་དབོན་རྣམས་ཀྱི་དུས་ཤིས་བརྗོད་ཕྱག་བྱ་དངོས་པོ་ངེས་བསྟན་དང་། མཐར་དགེ་བ་བསྔོ་བའི་རྟེན་འབྱུང་ངམ་སྨོན་པ་སོགས་སྙན་ཚིག་གི་གཞུང་ལྟར་ལས་འབེབས་དང་དྲུང་ཞུ་སོགས་མེད་འདྲ་ཞིང་། སྣེའི་གདོང་པའི་དུས་སུ་སྙན་དྲུང་དང་སྐུ་དྲུང་སོགས་མཛད་སྲོལ་གྱི་རྒྱུན་དེང་སང་ཡང་ཡོད་པ་ནི་དྲུང་དུ་ཞེས་པའི་ཁོངས་སུ་འཐུས་པར་སེམས་སོ། །ཡང་གཙང་ལུགས་ལ་མིང་དང་བསྔགས་བརྗོད་གང་ཡང་མེད་པར་དྲུང་ཞེས་བརྗོད་པ་ནི་ཆེ་ཁྱད་ཀྱི་བཀུར་བཟོས་བླ་མེད་ཡིན་ཞེས་སྨྲ་བ་ཁུངས་དང་མི་འབྲེལ་བའི་སྟབས་བདེ་ཡིན་ཚུལ་ཁོ་བོའི་བླ་མ་རྣམ་སྲས་གླིང་པ་མ་ཧཱ་པཎྟི་ཏའི་གསུང་ལས་ངེས་སོ། ། 

  • 顶