གསུམ་པ་འཕྲིན་ལན་མིང་སྨོས་ཀྱི་གོ་རིམ་ལ་ཡང་བཅུ་ལས། དང་པོ་གཉིས་པ་འདྲ་བར་བཀའ་ཤོག་རིན་པོ་ཆེ་ཡན་ལག་མཆོག་གི་རྩེ་མོར་ཕེབས་ཞེས་པའམ། སྤྱི་བོར་ཕེབས་པའི་བཀའ་དྲིན་ཆེ་ཚུལ་སོགས་བརྗོད། གསུམ་པར་བཀའ་ཐོན་རིན་པོ་ཆེ་ཕེབས་ཚུལ། བཞི་པར་བཀའ་ཐམ་རིན་པོ་ཆེ་ཕེབས་ཚུལ། ལྔ་པར་གསུངས་ཤོག་ཕེབས་ཚུལ། དྲུག་པར་གསུང་བྲིས་ཕེབས་ཚུལ། བདུན་ཕྱག་བྲིས་རྟེན་ལྡན་འབྱོར་བས་ལེགས་ཚུལ། བརྒྱད་པར་རི་མོ་མཛད་པ་འབྱོར་པས་ལེགས་ཚོགས་ཆེ་ཚུལ། དགུ་པར་མིང་ཐོག་ཏུ་ཞེ་ས་ཕྲན་བུ་སྦྱར་བའི་ཡི་གེ་མཛད་པ་འབྱོར་བས་ལེགས་ཚུལ། བཅུ་པར་ཡི་གེ་རྟེན་ལྡན་འབྱོར་ཚུལ་བརྗོད། དེའང་བླ་མའི་རིགས་ལ་ཐུགས་དམ་རིན་པོ་ཆེ་ཕེབས་ཞེས་བརྗོད་པ་ཡང་སྔར་གྱི་ཆབ་ཤོག་ལ་སྣང་ངོ་། །གཞན་ཡང་ཆེན་པོའི་རིགས་ལ་བཀའི་གླེགས་བུ་དང་ཆབ་ཤོག་བར་པའི་རིགས་ལ་ཕྱག་དམ་སོགས་བརྗོད་པ་ཡང་དོན་གཅིག་མིང་གི་གྲངས་སུ་མཁས་པས་གསུངས་སོ། །དེ་ཡང་གོང་གི་ས་བཅད་དྲུག་པ་ཡན་གྱི་རྟེན་ཚུར་བྱུང་ལ་གནང་རྟེན་སོགས་གང་རུང་ཕེབས་ཚུལ་བརྗོད་པའི་བཀའ་དྲིན་ཆེ་ཚུལ་དང་། བདུན་པ་ནས་རྟེན་འབྱོར་བས་ལེགས་ཚུལ་བརྗོད་པ་འོག་གི་དཔེར་བརྗོད་ཀྱང་གསལ་ལོ། །
བཞི་པ་མཇུག་བསྡོམས་གྱི་ཞུ་མཆིད་སྦྱོར་ཚུལ་ཡང་གོང་དང་བསྟུན་པའི་རིམ་པ་བཅུ་ལས།
དང་པོ་དང་གཉིས་པ་འདྲ་བར། སླད་ནས་ཐུགས་རྗེས་འཛིན་ཚུལ་བརྗོད་པའི་མཐར་དཀའ་བསྩལ་སློབ་སྟོན་གྱི་རིམ་སྩོལ་མཁྱེན་ལགས། ཞུ་ཡིག་འདེབས་མཚོན་ཙམ་གྱིས་བཏེགས་ཏེ་ཚེས་གཤམ་ལ་རང་གི་མིང་སྨོས་པ་འདི་དང་འདིས་ཕུལ་བའི་ཞུ་ཡིག ཅེས་ཞུ་ཡིག་འོག་ཏུ་འབེབས། དེ་ཡང་ཚེས་གཤམ་དང་ཁ་ཡིག་ཏུ་རང་གི་དངོས་མིང་མི་རྒྱག་པ་ནི་འབུལ་ཡུལ་གཉན་པའི་ཆེ་བ་བཀུར་བཟོས་བླ་མེད་ཡིན་ཞེས་མཁས་པ་རྣམས་ཀྱི་བཞེད་དོ། །གསུམ་པར་སླད་ནས་སྐྱབས་ཡུལ་ལ་བྱམས་བརྩེའི་གཟིགས་པ་ནས་མི་འདོར་ཚུལ་བརྗོད་འོས་བཀའ་མཆིད་སློབ་སྟོན་གྱི་ཚོགས་རིམ་ཡོད་མཁྱེན་ལགས། ཞུ་ཡིག་འདེགས་བྱེད་ཙམ་ལ་རྒྱ་ཞུས། ཚེས་ལ་འབུལ་པའི་ཞུ་ཡིག་འབེབས། བཞི་པར་དགོངས་ཁྱིམ་ནས་མི་འདོར་ཚུལ་བརྗོད་ངེས། ཕེབས་འོས་སློབ་སྟོན་གྱི་ཚོགས་རིམ་ཡོད་པ་མཁྱེན་ལགས། ཞུ་ཡིག་འདེགས་རྟེན་ཙམ་ལ་རྒྱ་ལྡན་བཅས་ཚེས་ལ་ཕུལ་བའི་ཞུ་ཡིག ཅེས་ཞུ་ཡིག་འབེབས་ཕབ་ཙམ། ལྔ་པར་ཐུགས་ཉེ་འདོར་མེད་ཀྱི་ཕེབས་ཚོགས་རིམ་ཡོད་ཞུ་ཞུ། ཞེས་དང་རྒྱ་ཞུས་མེད་པའི་ཞུ་ཐོ་རྟེན་དང་བཅས། ཚེས་ལ་འབུལ་བའི་ཞུ་ཐོ། ཞེས་ཞུ་ཐོ་ཕབ་ཙམ། དྲུག་པར་གསུང་འོས་རིམ་ཡོད་ཚད་འཚལ། རྟེན་དང་བཅས་ཞེས་ཕུལ་ཕབ་ཙམ། བདུན་པར་རིམ་མོལ་མཆིད་རིམ་ཡོད་འཚལ། རྟེན་དང་བཅས་ཚེས་ལ་ཕུལ། ཞེས་ཕུལ་ཐད་བྲིས། བརྒྱད་པ་དང་དགུ་པ་འདྲ་བར། འཕྲོས་འོས་རིམ་ཡོད་མཛོད། རྟེན་དང་བཅས་ཚེས་ལ། ཞེས་པ་ལས་ཕུལ་སོགས་མི་སྦྱོར། བཅུ་པར་བསྲིངས་འོས་རིམ་ཡོད་གྱིས། རྟེན་དང་བཅས་ཚེས་ལ། ཞེས་ཐད་བྲིས་བྱིངས་འགྲོ། དེ་ཡང་དྲུང་ཞུ་ཡོད་རིགས་ལ་བཀའ་འདོམས་སོགས་ཀྱང་གང་ཐད་སྦྱར་ཏུ་རུང་།།
ལྔ་པ་ཁ་ཡིག་དང་ཧུང་ལའི་སྡོམས་གཉིས་ལས། དང་པོ་ནི་ཧུང་ལའི་མདུན་ཡིག་ཏུ་སོ་སོའི་བསྔགས་བརྗོད་མཚན་རྒྱས་བསྡུས་སོགས་ནང་དུ་མཚན་སྨོས་གང་བཀོད་པ་བྲིས་ངོས་གོང་གིས་ས་བཅད་དང་བསྟུན་པའི་རིམ་པ་བཅུ་ལས། དང་པོ་གཉིས་པ་གསུམ་པ་རྣམས་འདྲ་བར་མདུན་ཡིག་གི་ཞབས་དྲུང་དུ་ཞེས་གང་རུང་ཡོད་པའི་འོག་དུ་ཕུལ་ཆུག་པ་འབེབས། རྒྱབ་ཡིག་ལ་རང་གི་མིང་དངོས་བྲིས་ནས་འདི་ལྟ་བུའི་ཞུ་ཡིག་ཅེས་ཞུ་ཡིག་འོག་ཕབ་ནས་འགོད། བཞི་པར་མདུན་ཡིག་གི་དྲུང་དུའི་འོག་ཐད་དུ་ཕུལ་ཕབ་པ། རྒྱབ་ཡིག་ལ་དངོས་མིང་མེད་པའི་རང་གནས་གང་ཡིན་ཞུ་ཡིག ཅེས་ཞུ་ཡིག་འབེབས། ལྔ་པར་མདུན་ཡིག་རིན་པོ་ཆེ་ཟེར་པའི་འོག་ཏུ་མ་ཆུག་པའི་གསེགས་འགྲོས་ཀྱི་ཕུལ་ཕབ་པ། རྒྱབ་ཡིག་ལ་རང་གནས་ཁང་གང་ཡིན་ནས་ཞུ་ཐོ་ཕབ་ཙམ་བྱེད། དྲུག་པར་མདུན་ཡིག་ཏུ་བསྔགས་བརྗོད་ཆོས་ཀྱི་རྗེས་ཕུལ། མཁྱེན་པའི་དབང་ཕོར་ཕུལ། ཞེས་པ་ལྟ་བུའི་འབུལ་ཡུལ་དང་བསྟུན་པའི་མཚན་གྱི་མཐའི་ཕུལ་གསེགས་འགྲོས་སུ་ཕུལ་ཙམ་དང་། རྒྱབ་ཡིག་ལ་ར་གནས་གང་ཡིན་ནས། ཞེས་པ་ལ་ས་ཞུ་ཐོ་མི་བརྗོད། བདུན་པར་བསྐུར་ཡུག་ཡུལ་གྱི་མིང་སྨོས་བསྔགས་བརྗོད་གང་ཡིན་གྱི་མཐར་ཕྱག་ཏུ། ཕུལ་ཞེས་པ་དང་། གསེགས་འགྲོས་ཆེ་བའི་ཕུལ་ཕབ་ཙམ་དང་། རྒྱབ་ཡིག་མེད། རྒྱབ་ཡིག་མེད་ཅིང་། མདུན་ཡིག་ལ་བསྔགས་བརྗོད་མིང་སྨོས་རྒྱས་བསྡུས་གང་བཀོད་པའི་མཐར་ཕུལ་ཐད་བྲིས། དགུ་པར་ཞེ་ས་མིང་སྔོན་དུ་སྨོས་ཙམ་བྱས་པའ་བསྐུར་ཡུལ། དགེ་སློང་། རབ་འབྱམས་བཀའ་བཅུ། དབོན་པོ། ཆོས་མཛད། དགེ་བཤེས་སོགས་དང་། དེ་བཞིན་དུ་སྡེ་པ། ཞལ་ངོ། ནང་པོ། སྲས་པོ་ལྟ་བུའི་སྐབས་ཐོབ་མིང་གི་ཞེ་ས་ཟུར་ཙམ་སྦྱར་བའི་ལ་ཡིག་ཁོ་ནའོ། །བཅུ་པར་ཐད་བྲིས་མིང་སྨོས་ཀྱི་ཁ་ཡིག་བྱིངས་འགྲེ། དེ་ཡང་ཁ་ཡིག་དྲུང་དུ་ཡོད་པའི་རྒྱབ་ཡིག་ལ་ཞུ་ཐོ་སྦྱོར་བ་དང་། ནང་གཤམ་དུ་ཞུ་ཞུ་འགོད་པ་དང་། ནང་དུ་འབེབས་བཟོས་ཡོད་པ་འགའ་ཞིག་ལ་རྒྱབ་ཡིག་མེད་གནང་ཞིང་། ནང་ཐམས་ཅད་གནང་བ་སོགས་གོང་ས་ཡས་ཕྱིན་གྱི་བཀའ་ཤོག་ཏུ་བསྩལ་བ་འགའ་ཞིག་གནང་བཀག་གི་རྒྱུ་མཚན་བཤད་དུ་རུང་བ་ཡོད་ལ། གཞན་མ་མཐའ་དག་གི་དཔེ་བྱར་མི་འོས་པས་མཐོ་དམན་གོ་རིམ་དང་བསྟུན་དྲུང་ཞུའི་བཟོས་སྒོ་ས་བཅད་བཅུ་པོ་མཆོག་དམན་བར་གསུམ་དུ་བསྟན་པ་བཞིན་མགོ་མཇུག་ཚང་ཙམ་དགོས་པར་བསྟན་ནོ། །གཞན་ཡང་འབུལ་ཡུལ་གཉན་པར་ཞུ་ཡིག་རྒྱབ་ཡིག་དངོས་མིང་གི་ཐོག་ཏུ་ཞབས་པད་རིན་པོ་ཆེར་ཟེར་བ་བཀོད་པ་ནི་བཀུར་བཟོས་དཔལ་ཐལ་ལས་འབྲེལ་ཁུངས་མེད་ཚུལ་ཆོས་བློན་ཆེན་པོ་རྟག་ཏུ་ནས་གྱི་གསུང་ལས་ཐོས་སོ། །
གཉིས་པ་ཧུང་ལའི་རྒྱ་ལྡེམས་ལ་གོང་ས་མཆོག་གི་བཀའ་ཤོག་རིན་པོ་ཆེའི་རྒྱ་ལྡེབས་ཉིས་ལྟབ་ཤོག་ཐག་མདུན་ཡིག་གི་མགོ་ཐོག་ཏུ་ལྟག་ཟེར། ཞལ་དམ་ཞལ་རིས་ཀྱི་ཡིག་མགོ་ཧུང་ལའི་མདུན་ལྟག་ཕྱོགས་སུ་ཡི་གེའི་འགྲོས་བཞིན་དང་། རྒྱབ་ཟུར་སློག་གི་འབེབས་ཤིང་ཞལ་བྱང་མིང་མཐར་སྤྲོད་པ་དང་། ནང་དུ་ཡིག་མགོ་སྒོར་མོ་བྲིས་སྟེང་འབར་སྒོ། ནང་ཡིག་ཐོ་འབྱོར་ཐོ་དོན་ལྟ་བུ། ཚེས་གཤམ་དུ་བྲིས་ཞེས་པ་དང་། གཤམ་ཤོག་འཇོག་ཆེ་བ་སོགས་གནང་སྲོལ་ཡོད་པ་ནི་གོང་ས་སྐྱབས་མགོན་རྒྱལ་དབང་མཆོག་གི་བཀའ་ཤོག་རིན་པོ་ཆེ་ཁོ་ན་མ་གཏོགས། སྲིད་པ་གསུམ་ན་ལྷ་མི་ཐམས་ཅད་ཁེངས་པ་དོར་ནས་ཕྱག་བྱ་བའི་ཡུལ་གཅིག་ཏུ་གྱུར་པས་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་སུ་མཚུངས་པ་དང་བྲལ་བ་ཡིན་ཞིང་། གཞན་མ་རྒྱ་ལྡེམས་ལྟག་གཟེར་དང་གཤམ་ཤོག་འཇོག་པ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་རིགས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་མི་བདག་དང་། ཡོངས་གྲགས་ཀྱི་བླ་ཆེན་རྒྱལ་རིགས། དཔོན་ཆེན་མ་གཏོགས་དེ་ཕྱིན་གྱི་འབུལ་བསྐུར་གང་ལའང་ཡང་གཤམ་ཤོག་དང་ལྟག་གཟེར་སོགས་མི་འོས་ལ། དེ་ཡང་ས་བཅད་གོང་གི་འགྲོས་འབུལ་ཡུལ་དང་པོ་ལ་བཞི་ལྟབ་ཙམ། གཉིས་པར་ཕྱེད་བཞི་ལྟབ། གསུམ་པར་གསུམ་ལྟབ་རྩེ་ཁུག བཞི་བར་གསུམ་ལྟབ་ཁེར་རྐྱང་། ལྔ་པར་གསུམ་ལྟབ་མ་མ་ལོར་ཙམ། དྲུག་པ་ཕྱེད་གསུམ་ལྟབ། བདུན་པ་མན་ནས་ཉིས་ལྟབ་རྩེ་བཀུག་ཙམ་གྱི་ལྟབ་ཁ་བྱེད། ཐེའུ་རྣམས་གང་དུའང་ཤོག་བུའི་འགུགས་པའི་ཕྱོགས་སུ་ཐེའུའི་མགོ་གཏད་ནས་རྒྱག ཐེའུའི་གོ་རིམ་དང་བརྡ་ཆད་སོགས་ལེགས་བཤད་ནོར་བུའི་འདྲེན་པའི་གྲུ་གཟིངས་སུ་གསལ་ལ་བཀའ་ཤོག་ལ་བཀའ་ཐམ། བཀའ་བསྩལ་ལ་བཀའ་མཆིད། གསུང་ཤོག་ལ་གསུང་བྲིས་སོགས་དོན་གཅིག་མིང་གི་རྣམ་གྲངས་ལས་བརྗོད་བྱར་མཐོ་དམན་མི་འདྲ་རུང་། ཕྱིས་རྣ་བར་འཇེབས་མ་འཇེབས་གྱི་སྒྲ་འཇམ་རྩུབ་ལ་བལྟ་ཕྱོགས་སུ་ཁྱེར་བའི་གོ་རིམ་མཐོ་དམན་དུ་བྱེད་པ་ད་ལྟའི་མཁས་པ་རྣམས་ཀྱི་ལུགས་སྲོལ་དུ་བཞེད་པ་ལྟར་དཔེར་བརྗོད་དང་ས་བཅད་གོ་བདེར་བསྣན་པ་ཡིན་ནོ། །
དྲུག་པ་དཔེར་བརྗོད་ནི། དེ་ཡང་འབུལ་བ་པོ་རང་ཉིད་གོང་གི་རིགས་མཐུན་དབྱེ་བའི་གོ་རིམ་གང་ཡིན་གྱི་གྲས་སུ་གཏོགས་པ་ནས་བརྩི་ཞིང་མཆོག་དམན་ཀུན་ལ་སྙན་ཚིག་ཅུང་ཟད་སྦྱར་ཏེ་ཧ་ཅང་རྒྱལ་པ་མ་ཡིན་པའི་གོ་བདེའི་དཔེར་བརྗོད་སོ་སོར་བསྟན་པ་ལ་ཆོས་སྲིད་གཉིས་ལས། དང་པོ་ནི། གོང་ས་སྐྱབས་མགོན་ནས་རིམ་བཞིན་ས་བཅད་གོང་གི་འགྲོས་ལྟར་ནང་གསེས་བཅུ་ལས། དང་པོ། ལྷར་བཅས་འགྲོ་བ་ཡོངས་ཀྱི་གཙུག་རྒྱན་དམ་པ་རིན་པོ་ཆེའི་ཞབས་སྟེགས་ཨུཏྤལ་རྣམ་པར་བཞད་པ་མཆོག་གི་དྲུང་དུ། སྒོ་གསུམ་གུས་པས་སོར་བཅུ་སྤྱི་བོར་བཀོད་དེ་ཞུ་བ། དེང་གི་དུས་སྲས་བཅས་རྒྱལ་བ་ཀུན་གྱི་མཁྱེན་བརྩེའི་ནུས་པའི་རང་གཟུགས་མ་ལུས་པ་གཅིག་ཏུ་གྱུར་བའི་མཚན་པའི་སྣང་བརྙན་རྡོ་རྗེ་གསུམ་གྱི་རིན་ཆེན་སྣང་མིའི་སྐྱེ་དགུ་མཐའ་དག་གི་གཙུག་རྒྱན་ནོར་བུའི་དོ་ཀེར་གྱིས་བཏེགས་པའི་ཁྲི་འཕང་མཐོན་པོ་ནས་ནམ་ཡང་གཡོ་བ་མེད་པར་འཚོ་ཞིང་གཞེས་པ་དང་ལྷན་ཅིག་བཀའ་ཤོག་རིན་པོ་ཆེ་གནང་སྐྱེས་བཟང་པོ་བཅས་བསྩལ་པ་སྤྱི་བོར་ཕེབས་པས་ས་གསུམ་ཡིད་ཅན་གྱི་སྤྱི་དཔལ་དུ་གྱུར་པས་སླར་ཡང་ལག་པས་སྙིང་གར་ཟུམ། རང་གི་གནས་ཚུལ་མེད་ཀྱང་ཆོག་ལ། བྱེད་ནའང་ཟུར་ཙམ་ལས་མི་བྱེད་པ་ནི་འབུལ་ཡུལ་གཉན་པས་མི་སྤོབས། མཚམས་ཀྱི་ཞུ་མཆིད། དོན་གཉེར་སོགས་ཡོད་ན་འདི་མཚམས་སུ་འགོད། སླད་ནས་རིས་མེད་བསྟན་འགྲོའི་དཔྱིད་དཔལ་དུ་ཞབས་ཟུང་འཁོར་ལོའི་རབ་གཟུགས་བསྐལ་བརྒྱར་བརྟན་ཅིང་། ཡིད་ཅན་སྤྱི་དང་བྱེ་བྲག་ལ་བྱང་ཆུབ་བར་དུ་རྗེས་སུ་འཛིན་པའི་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོ་ནས་མི་འདོར་ངོས་བཀའ་སྩོལ་སློབ་སྟོན་སྐལ་ལྡན་ཤིང་རྟའི་བགྲོད་པ་ལྟར་མཁྱེན་ལགས། ཞུ་ཡིག་འདེགས་མཚོན་ཙམ་དུ་ལྷ་རྫས་མངྒའི་རྟགས་ཅན་གྱིས་བཏེགས་ཏེ་ཡར་ཚེས་ལ་བློ་བཟང་བསྟན་པ་དང་རྒྱས་ཀྱིས་ཕུལ་བའི་ཞུ་ཡིག ཅེས་པ་ལྟ་བུའི་རང་ཉིད་འབུལ་བ་པོའི་དངོས་མིང་རྒྱག་པས་མཚོན་ཞུ་ཡིག་འབེབས། ཁ་ཡིག་རྒྱབ་ལྡེམས་འབེབས་བཟོས་ཤིན་ཏུ་ཆེ་བའི་ས་བཅད་དང་པོ་ལྟར་རོ། །གཞན་ཡང་སྤྲོས་བཅས་ཀྱི་རྒྱས་བྱེད་ན་དཎྟིའི་གཞུང་ལ་སྦྱོང་པ་བསྐྱེད་ནས་བཅད་ལྷུག་སྤེལ་མ་སོགས་ནས་བསྔགས་པ་བརྗོད་ན་འདི་ཕྱིའི་ལེགས་བྱས་ཀྱི་ཚོགས་འཕེལ་བ་ཡིན་ཏེ། མདོ་སྡེ་བསྐལ་བཟང་ལས། དེ་བཞིན་གཤེགས་པ་དུས་མཁྱེན་རྒྱལ་པོ་ནི། །སྙན་དངགས་མཁན་ཚེ་བདེ་གཤེགས་རྩ་མཆོག་ལ། །ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྟོད་ནས་ཀྱང་། །དང་པོ་བྱང་ཆུབ་ཏུ་ནི་སེམས་བསྐྱེད་དོ། །ཞེས་དང་། ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ནས། །མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལ་སངས་རྒྱས་སུ་དྲན་བྱོས། ། ཞེས་གསུངས་པ་ལྟར་དང་། གཞན་ཡང་བུ་མོ་མ་ཏིག་འཁྲི་ཤིང་། དགེ་སློང་རབ་གསལ་གཞོན་ནུ་སོགས་ཀྱང་འཕྲིན་གྱི་སྒོ་ནས་བདེན་པ་ཐོབ་ནས་མཚོན་དད་མོས་གདུང་ཤུགས་དྲག་པོས་གསོལ་བ་འདེབས་པ་དང་ལྷན་ཅིག་བརྗོད་དེ་ཕུལ་ན་ངག་གི་སྡིག་སྒྲིབ་འདག་པར་མ་ཟད་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་དུ་གྱུར་སོགས་བཀའ་བསྟན་་དུ་མར་གསུངས་སོ། །གཉིས་པ་ནི་ལྷར་བཅས་སྐྱེ་དགུའི་འདྲེན་པ་ཆེན་པོའི་ཞབས་པད་དམ་པ་རིན་པོ་ཆེའི་དྲུང་དུ། སྒོ་གསུམ་གུས་པ་ཆེན་པོས་ཕྱག་བྱས་ཏེ་ཞུ་བ། དེང་དུས་གསང་གསུམ་མི་ཟད་པ་རྒྱན་གྱི་འཁོར་ལོ་ཅན་བསྙེངས་བྲལ་གདོང་ལྔས་བཏེགས་པའི་ཁྲི་འཕང་ལས་གཡོ་བ་མེད་ཅིང་། མཁྱེན་བརྩེ་ནུས་པའི་འཕྲིན་ལས་ཀྱི་འོད་སྟོང་འཕྲོ་བས་འགྲོ་བ་ཀུན་གྱི་ཅོད་པན་དུ་འབར་བཞིན་པ་ནས་བཀའ་ཤོག་རིན་པོ་ཆེ་གནང་སྐྱེས་དང་བཅས་བསྩལ་བ་སྤྱི་བོར་ཕེབས་པས་བསྟན་འགྲོ་སྤྱི་དང་བྱེ་བྲག་ཏུ་མཚུངས་ཟླ་ཅི། འདིར་ཕྲན་བུ་ཡང་གང་གི་ཐུགས་རྗེའུ་གྲིབ་བསིལ་ལས་ལྔ་ལམ་དུ་མ་གྱུར་ཙམ་དུ་གནས་ལགས། མཚམས་ཞུ། དོན་འགོད་པ་སོགས་འདི་མཚམས་སུ་བྱ། སླད་ནས་རྣམ་པར་ཀུན་ཏུ་ཡེ་ཤེས་ཀྱི་བསྐྱབ་ཡུལ་ནས་འདོར་མེད་ངོས་བཀའ་སྩོལ་སློབ་སྟོན་གངྒཱའི་རྒྱན་བཞིན་མཁྱེན་ལགས། ཞུ་ཡིག་འདེགས་རྟེན་གོང་དང་ཆ་འདྲ་ཙམ་མི་རུང་སྙིང་ནས་སྐྱོན་མེད་དོ། །འཕགས་ཆེན་བྱང་ཆུབ་སེམས་དཔའ་རྣམས་དེ་བཞིན་གཤེགས་པ་དང་སྤངས་རྟོགས་མི་མཉམ་ཙམ་མ་གཏོགས། འཇིག་རྟེན་གྱི་ལྷ་མཐུ་བོ་ཆེས་བཏུང་ཅིང་ཉན་རང་གི་བསྐྲུན་པ་མི་ནུས་པའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱི་ཐུགས་རྗེ་མཆོག་ཏུ་མངའ་བས་ན་དེ་ཚུལ་སྦྱོར་དུ་རུང་ཞེས་ལེགས་བཤད་ལའང་གསོལ་ལོ། །གསུམ་པ་ནི་མཚུངས་མེད་སྐྱབས་མགོན་དམ་པ་རིན་པོ་ཆེའི་ཞབས་དྲུང་དུ། ཞུ་བ། དེང་དུས་མཚན་དཔེའི་སྣང་བརྙན་རྡོ་རྗེའི་ཁྲི་འཕང་མཐོན་པོ་ལས་གཡོ་མ་མེད་ཅིང་། རིས་བྲལ་གྱི་གདུལ་བྱ་མ་ལུས་པ་ཐར་པ་ཆེན་པོའི་ལམ་བཟང་དུ་འགོད་བཞིན་པ་ནས་ཐུགས་དམ་རིན་པོ་ཆེ་གནང་རྟེན་བཅས་སྤྱི་བོར་ཕེབས་པས་བཀའ་དྲིན་མཚུངས་མེད་དུ་གྱུར། འདིར་ཕྲན་བུ་ཡང་གོང་གི་སྐྱབས་རོལ་ལས་བདེ་བར་འཚོ་ལགས། མཚམས་ཞུ་སོགས་བྱ། སླད་ཆད་ཐུགས་རྗེ་དང་ཡེ་ཤེས་ཀྱི་གཟིགས་པ་ཆེན་པོས་ནམ་ཡང་འདོར་བ་མེད་ངོས་བཀའ་སྩོལ་སློབ་སྟོན་མཐོ་རིས་ཀླུང་ལྟར་མཁྱེན་ལགས། ཞུ་ཡིགའདེགས་རྟེན་གོང་དང་ཆ་འདྲ་ཞིང་། འབེབས་ས་བཅས་གསུམ་པ་ནས་ལེན། གཞན་ཡང་། སྐྱབས་གནས་དམ་པ་ཆོས་ཀྱི་རྗེ་ཞལ་སྔ་ནས་རིན་ཆེན་ཞབས་དྲུང་དུ། ཞུ་བ། དེང་གི་དུས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་མཆོག་ཏུ་བརྟན་ཅུང་སྐྱེ་འགྲོ་སྨིན་་གྲོལ་གྱི་ལམ་བཟང་པོར་འགོད་པའི་འཁོར་ལོ་གསུམ་གྱི་ཕྲིན་ལས་ཡར་ངོའི་ཟླ་ཞལ་ལྟར་འཕེལ་བའི་ངང་ནས་བཀའ་ཐམས་ཅད་རིན་ཆེན་གནང་རྟེན་དང་བཅས་ཉམས་མེད་ཕེབས་པས་བཀའ་དྲིན་བླ་ལྷག་ཏུ་ཆེ། འདིར་ཕྲན་ཆུང་ཡང་འབྱུང་བ་ཆ་སྙོམས་ཤིང་དམ་པའི་རྣམ་ཐར་ཡིད་ལ་འདོར་མེད་ཀྱི་ཁུལ་དུ་གནས་ལགས། མཚུམས་ཞུ། དོན་གཉེར་སོགས་བྱ། སླད་དུའང་ཐུགས་དམ་སྐྱབས་ཡུལ་རྡོ་རྗེའི་ར་བ་ནས་མི་འདོར་ངོས་བཀའ་མཆིད་སློབ་སྟོན་གྱི་ཚོགས་ཤིང་རྟའི་བགྲོད་པ་ལྟར་མཁྱེན་ལགས། ཞེས་སོགས་གོང་འདྲ། དེ་ཡང་ཆོས་སྡེ་གྲྭ་ཚང་ཁག་གི་སློབ་དཔོན་ཞལ་སྔ་ནས་རིགས་ལ་གོང་བཞིན་དང་། མཁན་པོའི་རིགས་ལ་རྡོ་རྗེ་འཆང་མཁན་རིན་པོ་ཆེ་དང་། ཆོས་རྗེའི་རིགས་ལ་མཚུངས་མེད་ཆོས་ཀྱི་རྗེ། སྔགས་རིགས་ལ་རིག་འཛིན་དམ་པ་སོགས་བྱ། སྤྱི་བོའི་རིགས་ལ་ཆོས་སྡེ་ཆེན་པོ་སྤྱི་བོ་རིན་པོ་ཆེ་སོགས་བརྗོད་ཅིང་། དེ་དག་སྐྱབས་ཡུལ་ཁོ་ན་ཡིན་པས་སྐྱབས་གནས་དམ་པ་ཞེས་མགོར་སྦྱར་དགོས་ཏེ། མདོ་སྡེ་མྱང་འདས་ལས། དཀོན་མཆོག་གསུམ་ལ་སྐྱབས་སོང་ན། འཇིགས་པ་མེད་པར་ཐོན་པར་འགྱུར། ཞེས་དང་། གཞན་ཡང་རང་གི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་སློབ་དཔོན་དང་། དེ་ལྟ་མིན་པའི་མཁས་གྲུབ་ཀྱི་དམ་པ་ཕྱག་བྱ་འོས་པ་སོགས་རང་གི་དབང་ཁྲིད་ལུང་གསུམ་ཞུས་པའི་དམ་པ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་བསྔགས་བརྗོད་རིགས། འཇམ་མགོན་ཙོང་ཁ་པ་ཆེན་པོས། འཇིག་རྟེན་དང་འཇིག་རྟེན་འདས་པའི་དགེ་གཤེགས་ཀྱི། ཡོན་ཏན་ཀུན་གྱི་དྲིན་ལེན་རྗེ། །ཡིད་ལ་དྲན་པ་ཙམ་གྱི་དུས་ཀུན་ཏུ། །མོས་གུས་རྩོལ་མེད་སྐྱེ་བར་བྱིན་གྱིས་རློབས། །ཞེས་གསུངས་ཤིང་། །གཞན་ཡང་། བླ་མ་སངས་རྒྱས་ཀུན་དང་མཉམ་ཞེས་དང་། བསྐལ་པ་སྟོང་གི་སངས་རྒྱས་དེ། ཞེས་སོགས་གསུངས་པས་བསྔགས་བརྗོད་བླ་མེད་བྱའོ། །
འཕྲིན་སྟེགས། weikangba