བཞི་པ་ནི་མདོ་རྒྱུད་ཀུན་ལ་ཐོག་མེད་སྨྲ་བའི་འབྱུར་གནས་དམ་པ་རིན་པོ་ཆེའི་དྲུང་དུ། ཞུ་བ། དེང་དུས་སྐུ་རིན་པོ་ཆེ་ཉིན་མོར་བྱེད་པའི་དཀྱིལ་འཁོར་རབ་ཏུ་གསལ་ཞིང་། ཆོས་ཕུང་བརྒྱད་ཁྲིའི་ལེགས་བཤད་ཀྱི་འོད་སྣང་དུ་འབར་བས་ཐུབ་བསྟན་ཨུཏྤལའི་ཚལ་ཀུན་འབུམ་ཕྲག་ཏུ་བཞད་པའི་ངང་ནས་བཀའ་ཐོག་རིན་པོ་ཆེ་གནང་རྟེན་དང་བཅས་ཕེབས་པས་བཀའ་དྲིན་གྱི་དཔལ་དུ་གྱུར། འདིར་ཡང་འདུ་བ་སྙོམས་ལྡན་ཁུལ་དུ་མཆིས་ལགས། མཚམས་ཞུ་སོགས་བྱ། སླད་ཆར་ལེགས་པར་བཤད་པའི་ཟབ་མཆིས་ལགས། མཚམས་ཞུ་སོགས་བྱ། སླད་ཆར་ལེགས་པར་བཤད་པའི་ཟབ་ཆོས་གྱི་སློབ་སྟོན་ཕེབས་འོས་འབབ་ལྡན་རྒྱུན་བཞིན་མཁྱེན་ལགས། ཞུ་ཡིག་རྟེན་ཙམ་ལ་རྒྱ་ལྡན་བཅས་ཚེས་ལ་ཕུལ་བའི་ཞུ་ཡིག ཅེས་ཞུ་ཡིག་འབེབས། ལྔ་བ་ནི་གནས་བསྟན་འདུལ་བ་འཛིན་པ་བསྟན་པའི་གསལ་བྱེད་རིན་པོ་ཆེར། ཞུ་བ། དེང་ཡང་ཚོགས་གཉིས་ཀྱི་ཆུ་གཏེར་ལས་འོངས་པའི་སྐུའི་ཟླ་ཞལ་ལྷག་པར་གསལ་ཞིང་། ཐོས་བསམ་ལུང་རིགས་ཀྱི་འོད་བརྒྱ་འབར་བཞིན་པ་ནས་གསུང་ཤོག་རྟེན་གནང་བཅས་ཕེབས་པ་བཀའ་དྲིན་ཆེ། འདིར་ཡང་ལུས་འཚོ་བདེ་ལྡན་དུ་གནད་ལགས། དོན་སོགས་བྱ། སླད་ནས་ཐུགས་ཉིད་རྡོ་རྗེ་ཕ་ལམ་གྱི་དྲ་བ་ཆད་མེད་ངོས་ཕེབས་འོས་པ྇ཀྵུའི་ཀླུང་བཞིན་ཞུ། ཞུ་ཐོ་རྟེན་དང་བཅས། ཚེས་ལ་འབུལ་བའི་ཞུ་ཐོ། ཞེས་ཞུ་ཐོ་ཕབ་ཙམ། དྲུག་པ་ནི་ལགས་ཆེད་འབུལ། དེང་ཡང་དགེ་ལེགས་རྒྱ་མཚོའི་མངའ་ཁུར་ལས་བལྟམས་པའི་སྐུ་འཚོ་དེ་ཝ་ད་རུའི་ལྗོན་པ་མཆོག་ཏུ་རྒྱས་ཤིང་། ཞི་ལྷག་ཏིང་ངེ་འཛིན་གྱི་འབྲས་བུ་གཡུར་དུ་ཟ་བ་ནས་གསུང་བྲིས་རྟེན་གནང་བཅས་ཕེབས་པས་སྤྲོ། འདིར་ངོས་ཀྱང་འདུ་ཕུང་དུས་འཛིན་རྐྱེན་གྱི་མ་རེག་ཙམ་དུ་གནས། སླད་ནས་ཉེར་ལེན་གྱི་འཕྲོད་བཞེས་གསེང་མེད་ནས་སྙིང་པོའི་དོན་གྱི་གསུང་འོས་རིམ་ཡོད་འཚལ། རྟེན་ལྷ་རྫས་བཅས་ཚེས་ལ་འབུལ། ཞེས་ཕུལ་ཕབ་ཙམ། བདུན་པ་ནི་དགེ་བའི་བཤེས་གཉེན་ཆེན་པོའི་ཕྱག་ཏུ། ཕུལ་དོན། དེང་ཡང་སྐུ་འཚོ་གཉིས་འཐུང་དབང་པོའི་ལུས་སྟོབས་ལྷག་པར་རྒྱས་ཤིང་། ཚུལ་ཁྲིམས་བསླབ་གསུམ་གྱི་མྱོས་བུམ་གཟེངས་སུ་མཐོ་བ་ནས། ཕྱག་བྲིས་རྟེན་ལྡན་འབྱོར་བས་ཡིད་ཀྱི་གསོས་སུ་གྱུར། འདིར་ཡང་འཚེ་བ་མེད་ངོས་ཐོས་བསམ་འཇུག་པ་དམན་ཁུལ་དུ་མཆིས། སླད་ནས་དགེ་བའི་མོལ་མཆིད་རིམ་ཡོད་འཚལ། རྟེན་དང་བཅས་ཚེས་ལ་ཕུལ། ཞེས་ཕུལ་ཐད་བྲིས། བརྒྱད་པ་ནི་བཀའ་བཅུ་ཤེས་རབ་འོད་ཟེར་ལེགས་བྱས་སྐུ་འཚོའི་ཆུ་སྐྱེས་མཆོག་ཏུ་རྒྱས་ཤིང་། མཛད་བཟང་འདབ་བརྒྱའི་ཕྲེང་པ་ཕང་ཕུང་དུ་དགོད་བཞིན་པ་ནས་རི་མོ་རྟེན་ལྡན་འབྱོར་པས་ལེགས་ཚོགས་ཆེ། འདི་ནའང་འདུ་བའི་འཕེལ་འཁྲུག་ཆ་སྙོམས་ནས་ཆོས་འོས་ལྡན་གྱི་བགྱི་བ་ལྷོད་མེད་ཁུལ་དུ་གནས། སླད་ཆར་རིང་མིན་གྱི་འཕྲིན་རིམ་ཡོད་མཛད་དོ། །རྟེན་དང་བཅས་ཚེས་ལ། ཞེས་པ་ལྟ་བུ། དགུ་པ་ནི་ཆོས་རྗེ་ལེགས་པ་རྒྱལ་མཚན་དེང་འཚོ་བ་ཀོ་བི་དྷ་རའི་ལྗོན་པ་ལྟར་ལྷུན་ཆགས་ཤིང་། ཁྱབ་ཆ་ཡར་ལྡན་ནས་ཡེ་ཤེས་རྟེན་ལྡན་འབྱོར་པས་ལེགས་ཤིང་སྤྲོ། འདི་ནའང་འཚོ་བ་བདེ་ཞིང་བགྱི་འོས་མིན་དམན་པར་གནས། སླད་ནས་བསྲིངས་འོས་རིམ་ཡོད་མཛད་དོ། །རྟེན་དང་བཅས་ཚེས་ལ། ཞེས་པ་ལྟ་བུའི་མཚོན་ཞིང་ཁ་ཡིག་འབེབས་བཟོས་སོགས་ས་བཅད་སོ་སོའི་འགྲོས་ལྟར་གོང་དུ་སྨོས་པ་ནས་ལེན་ནོ། །དེ་ཡང་རང་ཅག་དམངས་རིགས་རྣམས་ལ་དྲུང་ཞུ་ཡིན་མ་གཏོགས་བྱིང་ལ་དགོས་དོན་མི་འདུག་ཀྱང་། ཡིག་བསྐུར་ས་བཅད་གོ་བདེའི་ཕྱིར་དུ་དཔེར་བརྗོད་བཀོད་དོ། །གཉིས་པ་ནི་དབྱིངས་མཆོག་ནས་བཟུང་ནང་གསེས་བདུན་ལས། དང་པོ་ནི་དཔལ་གནམ་སའི་འབྱུང་གནས་ཆོས་བཞིན་དུ་སྐྱོང་བ་ཆེན་པོའི་ཞབས་བརྟན་པདྨོ་དམ་པ་མཆོག་གི་དྲུང་དུ། གུས་པ་ཆེན་པོའི་ཕྱག་དང་བཅས་ཏེ་ཞུ་བ། དེང་གི་དུས་ནའང་ལེགས་བྱས་ཀྱི་བགོ་སྐལ་མཐའ་དག་གཅིག་ཏུ་གྱུར་པའི་གཟུགས་སྐུའི་སྣང་བརྙན་གཞོམ་གཞིག་མི་མངའ་བར་འཇིག་རྟེན་ཆེ་དགུའི་དཔལ་ཡོན་བླ་ལྷག་ཏུ་གྱུར་པས་བཀའ་དྲིན་མཆོག་ཏུ་ཆེ། འདིར་ཕྲན་ཡང་གང་གི་བཀའ་དྲིན་གྱིས་བདེ་བར་འཚོ་ལགས། མཚམས་ཀྱི་ཞུ་མཆིད། དོན་ཡོད་ན་འདི་མཚམས་སུ་སྦྱར་ཏེ། སླད་ཆར་བརྩེ་བ་ཆེན་པོའི་དབྱིངས་ནས་ནམ་ཡང་མི་འདོར་ངོས་བཀའ་སྩོལ་སློབ་སྟོན་གསེར་ལྡན་རྒྱུན་བཞིན་མཁྱེན་ལགས། ཞུ་ཡིག་འདེགས་མཚོན་དུ་ལྷ་རྫས་ཙཀྲའི་རྟགས་ཅན་གྱིས་བཏེགས་ཏེ། ཚེས་ལ་ཆེ་གེ་མོས་ཕུལ་བའི་ཞུ་ཡིག ཅེས་ཞུ་ཡིག་འབེབས། གཞན་ཡང་བྱང་ཕྱོགས་རྒྱལ་རིགས་ལ། གནམ་བསྐོས་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོའི་ཞབས་པད་རིན་པོ་ཆེའི་དྲུང་དུ། ཞུ་བ། དེང་དུས་སྐུ་རིན་པོ་ཆེ་རྒྱལ་ཐབས་གསེར་གྱི་ཁྲི་འཕང་མཐོན་པོ་ལས་མི་གཡོ་ཞིང་། རྒྱལ་བསྟན་ཉི་མའི་དལ་གྱེན་དུ་འདེགས་པའི་ཤིང་རྟ་ཆ་མེད་ངོས་ཆབ་འབངས་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་འགོད་བཞིན་པའི་རིང་ནས་བཀའ་ཤོག་རིན་པོ་ཆེ་གནང་སྐྱེས་བཟང་པོ་དང་བཅས་བསྩལ་བ་སྤྱི་བོར་ཕེབས་པས་བཀའ་དྲིན་ཤིན་ཏུ་ཆེ། འདིར་ཕྲན་བུ་ཡང་གོང་ས་སྐྱབས་མགོན་མཆོག་གི་ཐུགས་རྗེ་དང་མཆོད་ཡོན་རྣམས་ཀྱི་བཀའ་དྲིན་ཆེན་པོར་རྟེན་བདེ་བར་གནས་ལགས། སླད་ནས་སྔར་རྒྱུན་བཟང་པོའི་བརྩེ་གཟིགས་ངོས་བཀལ་སྩོལ་སློབ་སྟོན་ཆུ་རྒྱུན་ལྟར་མཁྱེན་ལགས། ཞུ་ཡིག་འདེགས་མཚོན་བཅས་གོང་དང་འདྲ་ཙམ། གཉིས་པ་ནི་ས་དབང་དམ་པ་མཆོག་་གི་ཞབས་པད་རིན་པོ་ཆེའི་དྲུང་དུ། གུས་པས་ཞུ་གསོལ། དེང་ལེགས་བྱས་ཀྱི་དོག་པ་ཡོངས་སུ་ཕྱུར་བའི་སྐུའི་སྣང་བརྙན་རྡོ་རྗེའི་ཁྲི་འཕང་ལ་གཡོ་བ་མེད་ཅིང་། རྒྱལ་ཐབས་བདེ་ལེགས་ཀྱི་སྒོ་འཕར་བརྒྱ་ཕྲག་ཏུ་འབྱེད་བཞིན་པ་ནི་བཀའ་དྲིན་བླ་ལྷག་ཏུ་ཆེ། འདིར་ཕྲན་བུ་ཡང་ལུས་འཚོ་ཟུག་རྔུས་མ་གཙེས་ཙམ་དུ་གནས་ལགས། མཚམས་ཞུ་མཆིད། དོན་གཉེར་སོགས་བྱ། སླད་ནས་བརྩེ་དབྱིངས་དམ་པའི་ལྕགས་ཀྱུས་མི་འབྲལ་བ་ནས་བཀའ་སྩོལ་སློབ་སྟོན་ཉི་ཟླའི་བགྲོད་པ་ལྟར་མཁྱེན་ལགས། ཞུ་ཡིག་འདེགས་བྱེད་ཙམ་ལ་རྒྱ་ཞུས་ཚེས་ལ་ཆེ་གེ་མོས་ཕུལ་བའི་ཞུ་ཡིག ཅེས་ཞུ་འབེབས་ཤིང་། འབུལ་བ་པོ་རང་གི་དངོས་མིང་རྒྱག་པས་མཚོན་ནོ། །གསུམ་པ་ནི་སྡེ་སྲིད་རིན་པོ་ཆེ་མཆོག་གི་ཞབས་དྲུང་དུ། ཞུ་བ། དེང་གི་དུས་དགེ་ལེགས་ཆུ་གཏེར་ཆེན་པོའི་འཇིངས་ཟབ་ལས་བསྐྲུན་པའི་སྐུ་རིན་ཆེན་བཅུ་དྲུག་ཆ་ལྡན་གྱི་ངོར་རི་ལ་རྒོལ་ངན་དལ་འབབ་འཛིན་པས་རྒྱང་བསྲིངས་ཤིང་། ལུགས་ཟུང་མཁྱེན་པའི་འོད་བརྒྱ་འབར་བཞིན་པ་ནི་བཀའ་དྲིན་ལྷག་པར་ཆེ། ཕྲན་བུའང་མཆོག་གསུམ་དང་པའི་ཐུགས་རྗེས་འཚེ་བ་མ་མཆིས་ཙམ་དུ་གནས་ལསག མཚམས་ཞུས་བྱ། སླད་ནས་དགོངས་ཁྱིམ་དམ་པ་མཆོག་ནས་མི་འདོར་ངོས། བཀའ་གནང་སློབ་སྟོན་ཚངས་པའི་རལ་ཀླུང་ལྟར་མཁྱེན་ལགས། ཞུ་ཡིག་འདེགས་བྱེད་ཙམ་ལ་རྒྱ་ཞུས་ཚེས་ལ་ཕུལ་བའི་ཞུ་ཡིག ཅེས་ཞུ་ཡིག་འབེབས། བཞི་པ་ནི། སྡེ་པ་རིན་པོ་ཆེ་མཁྱེན་ལྡན་མཆོག་གི་ཞབས་དྲུང་དུ། ཞུ་བ། དེང་གི་དུ་ཚོགས་གཉིས་འོ་མཚོ་གསར་པའི་མཛེས་སྐུ་རྙོག་པ་དང་བྲལ་ཞིང་། གཙུག་ལགས་བྱེ་བའི་རླབས་ཕྲེང་ཕྱོགས་དུས་ཀུན་ཏུ་གཡོ་བཞིན་པར་བཞུགས་པའི་སྙན་པ་ཐོས་འཛིན་གྱི་བདུད་རྩིར་གྱུར་པས་བཀའ་དྲིན་མཆོག་ཏུ་ཆེ། འདིར་ཕྲན་བུ་ཡང་ལུས་ཀྱི་ཆུ་སྐྱེས་དང་སྣང་སེམས་གྱི་བུང་བ་མ་བྲལ་ཙམ་དུ་གནས་ལགས། མཚམས་ཞུ། སླད་ཆར་དགོངས་ཁྱིམ་ནས་འདོར་མེད་ངོས་ཕེབས་འོས་སློབ་སྟོན་དལ་འགྲོའི་རྒྱུན་བཞིན་མཁྱེན་ལགས། ཞུ་ཡིག་འདེགས་རྟེན་ཙམ་ལ་རྒྱ་ལྡན་བཅས་ཚེས་ལ་ཕུལ་བའི་ཞུ་ཡིག ཅེས་ཞུ་ཡིག་འབེབས། ལྔ་པ་ནི་མཆོག་རིན་པོ་ཆེ། ཞུ་བ། དེང་སྐུ་འཚོ་གཉིས་འཐུང་གི་དབང་པོ་ལྷག་པར་རྒྱས་ཤིང་། སྙིང་སྟོབས་འཕོངས་རྐྱེན་གྱི་སྣ་ཞགས་རིང་པོས་ཕྱོགས་གཞན་ཟིལ་གྱིས་གནོན་བཞིན་པའི་གྲགས་སྙན་ཐོས་པས་བཀའ་དྲིན་ཆེ། འདིར་ཡང་གསར་འཚེས་མེད་པའི་སྙོམས་ལྡན་ཁུལ་དུ་གནས་ལགས། མཚམས་སུ་ཞུ་གསོལ། སླད་ཆར་ཐུགས་ཉེ་འདོར་མེད་ནས་ཕེབས་ཚོགས་ཀྱང་སི་ཏའི་འགྲོས་བཞིན་ཞུ་ཞུ། ཞུ་ཐོ་རྟེན་དང་བཅས་ཚེས་ལ་ཕུལ་བའི་ཞུ་ཐོ། ཞེས་ཞུ་ཐོ་ཕབ་ཙམ། དྲུག་པ་ནི་ལགས་ཆེད་འབུལ། དེང་ལེགས་བྱས་སྐུ་འཚོའི་རི་དབང་མཆོག་ཏུ་བརྟན་ཅིང་། ལུས་ཟུང་དཔྱོད་ལྡན་གྱི་བ་གམ་བཀྲ་བ་ནི་བཀའ་དྲིན་ཆེ། འདིར་ཡང་འདུ་བ་སྙོམས་ལྡན་ཁུལ་དུ་གནས། སླད་ཆར་གསུང་འོས་ཀྱང་རིམ་ཡོད་འཚལ། རྟེན་དང་བཅས་ཚེས་ལ་ཕུལ་ཞེས་ཕུལ་ཕབ་ཙམ། བདུན་པ་ནི་གྲོགས་མཆོག་དམ་པའི་ཕྱག་ཏུ། ཕུལ་དོན། དེང་སྐུའི་ཟླ་སྣང་ལྷག་པར་གསལ་ཞིང་། མཛད་བཟང་ཡར་ལྡན་དུ་ཡོད་པ་ལེགས། འདིར་ཡང་འདི་ཕུང་བྲོ་འཚལ་གྱིས་མ་གོས་ཙམ་དུ་གནས། སླད་ནས་ཉེ་བའི་ལམ་བཟང་ཆད་མེད་ཀྱི་འཕྲོས་འོས་གང་གཱའི་རྒྱུན་བཞིན་མཛོད། རྟེན་དང་བཅས་ཚེས་ཞ་ཕུལ། ཞེས་པ་ལྟ་བུས་མཚོན་ཞིང་ཁ་ཡིག་འབེབས་བཟོས་རྒྱ་སྡོམས་སོགས་གོང་གི་ས་བཅད་ནས་ལེན།། །།
འཕྲིན་སྟེགས། weikangba