
དར་མདོའི་ཕག་མོ་རི།
ཕག་མོ་རི་བོའི་རི་སྐེད་ན་ཐང་ཆུང་ཞིག་ཡོད་པ་དེ་ལ་གདན་ཐོག་ཟེར། བསྐྱག་སྟོན་དེའི་ཐོག་ཏུ་གནའ་དུས་སུ་མཆོད་རྟེན་དང་ལྷ་ཁང་ཆུང་ངུ་ཞིག་བཅས་ཡོད་འདུག་ལ་གནས་དེར། བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་སངས་རྒྱས་འཁྲུངས་སྐར་ལ་དུས་མཆོད་གཏོང་སྲོལ་ཡོད་པའི་ལུགས་སྲོལ་དེ་ད་ལྟའང་མ་ཉམས་པར་ཡོད་ཅིང་། དུས་ཆེན་དེ་ཁྲིམས་མཐུན་གྱི་དུས་ཆེན་གཏན་འབེབས་བྱས་སྟབས། དེང་དུས་དར་མདོ་ས་ཁུལ་གྱི་ལས་བྱེད་དང་མི་དམངས་རྣམས་ལ་ཉིན་དེ་ཁྲིམས་མཐུན་གྱི་ངལ་གསོ་ཉིན་གཅིག་ཡོད་པ་རེད། །

གདན་ཐོག་གླིང་ག
དར་མདོའི་ལོ་རྒྱུས་ཤེས་མཁན་གྱི་ཡུལ་མི་རྒན་རབས་རྣམས་ཀྱིས་ཀྱང་རི་བོ་འདི་རྡོ་རྗེ་ཕག་མོའི་གནས་རི་ཡིན་པར་བཤད་ཅིང་ཡོད་པར་མངོན་ཏེ། དུས་རབས་ཉི་ཤུ་པའི་དུས་མཇུག་ཏུ་གདན་ཐོག་རི་བོ་ལྗོངས་རྒྱུའི་མཛེས་ལྗོངས་འཆར་འགོད་འཛུགས་སྐྲུན་སྐབས་སུ། གནས་འདིར་རྡོ་ཀ་མ་རུ་པས་བཟོས་པའི་མཆོད་པའི་ལྷ་མོའི་རྣམ་པ་མང་པོ་ཞིག་བཞེངས་འདུག་པ་དེ་ནི་གནས་འདི་རྡོ་རྗེ་ཕག་མོའི་གནས་རི་ཡིན་སྟབས་ལྷ་མོའི་སྐུ་འདི་དག་ནི་ཡི་དམ་རྡོ་རྗེ་ཕག་མོའི་སྐུ་གཟུགས་ཡིན་ཞེས་ལྗོངས་རྒྱུ་སྣེ་ཤན་པ་རྣམས་ཀྱི་ངག་ལས་ཐོས། དེ་ལྟར་ན་རི་བོ་འདིའི་མིང་ལ་ཕག་མོ་རི་ཞེས་པ་དེ་མཁས་དབང་མི་ཉག་མགོན་པོ་གཅིག་པུ་མ་ཡིན་པར་ཡུལ་འདིའི་རྒན་རབས་ཀུན་གྱིས་བཤད་སྲོལ་ཡིན་པར་ཤེས་ཐུབ། །

ལྗོངས་རྒྱུ་སྤྱི་གཉེར་གྱིས་བཞེངས་པའི་ཕག་མོའི་སྐུ་བརྙན།
གནའ་བོའི་ཡིག་ཆ་རྙིང་པ་དག་ལས་ཀྱང་དེ་བཞིན་རི་བོ་འདི་ལ་ཕག་མོ་རི་ཞེས་བྲིས་པ། མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ་《གཞན་ལ་ཕན་པའི་ཉི་མའི་འོད་ཟེར་ཞེས་བྱ་བ་བཞུགས་སོ།》 འབོ་རྩེའི་རིི་སྐེད་ནས་ལོ་གཅིག་ཡུལ་དུ་མི་འགྲོ་བའི་ཞེ་བཅད་གནང་སྟེ་ནི་གུ་ཆོས་དྲུག་གི་ཉམས་ལེན་ཏུ་སྐུ་མཚམས་བཞུགས་པས་ཉམས་དང་རྨི་ལམ་གྱི་ལྟས་ཡ་མཚན་ཅན་ཐོབ། ཕག་མོ་རི་མཁའ་འགྲོའི་བྲག་ཕུག་ན་བསྒྲུབ་པ་བྱེད་དུས་མཚན་ཕྱེད་གློ་བུར་མགྲིན་པ་འགགས་ཤིང་ཐོ་རེངས་ཙམ་ཡང་མི་བརྟན་པ་འདྲ་བ་ལ། གྲོགས་ནི་མི་འདུག ད་འཆི་བ་ནི་སླ་སྙམ། ཚེ་བློས་བཏང་ནི་སྔ་ནས་བྱེད་སྙམ་ནས་མལ་དུ་གོག་གིས་ལངས་ཏེ་འདུག་ནས་བླ་མ་ལ་གསོལ་བ་བཏབ། དེའི་ངང་དུ་གཉིད་ར་རིབ་གཅིག་བྱུང་བར། འགྲོན་པོ་འགའ་ཞིག་ཕྱིན་སོང་རྨིས་པས་གཉིད་སད་པ་དང་བདེ་བར་བྱུང་གསུངས་སོ། དེ་ནས་ཀུན་མཁྱེན་ཡེ་ཤེས་རྡོ་རྗེ་དང་། མཁན་པོ་ཤཱཀྱ་དཔལ་རྣམ་གཉིས་ཀྱི་མདུན་ནས་གདམས་ངག་གང་མང་ཞུས་པས་བཅོས་མིན་གྱི་ངེས་འབྱུང་སྐྱེས་ཏེ། ཕྱིན་ཆད་བློ་ཕུགས་སྤྲང་ལ་གཏད་དགོས་སྤྲང་པོ་བཞིན་མི་ཚེ་སྡུག་ལ་གཏོང་དགོས་སྙམ་པ་བྱུང་ནས། འགྲོ་མགོན་རྒྱ་རས་ཀྱི་ཞལ་གསུང་། མཐའ་རུ་སྡུག་གྲིར་ཤི་ན་དགའ། །རོ་ལ་ཁྱི་ཡིས་འདྲད་ན་དགའ། །བྱིས་པའི་རྡོ་ཆོག་བྱེད་ན་དགའ། །གསུམ་པོ་དེ་ལ་ཡིད་སྨོན་བྱེད། ཅེས་གསུངས་པ་དེ་ཡང་ཡང་བརྗོད་ཅིང་། གནས་ཡུལ་ངེས་པ་མེད་པ་རབ་སྒང་ཡུལ་གྱི་རི་ཁྲོད་རྣམས་སུ་ལོ་མཚམས་དང་། ཟླ་མཚམས་ངེས་མེད་བཞུགས་པར་སྐབས་འགར་ལྟོ་གོས་ཀྱི་འཚོ་ཐབས་ལའང་སྐུ་ངལ་བྱུང་བ་སྟེ་ར་ཏི་བསྒྲུབ་པ་བྱེད་དུས་ཆུ་རྡོར་ཆད། ལ་མོ་རྩེར་བསྒྲུབ་པ་བྱེད་དུས་ཡུན་རིང་བར་གཏན་རྒྱགས་ཆད་པ་སོགས་བྱུང་ཡང་དཀའ་སྤྱད་ཀྱིས་བསྒོམས་ལ་ཞུགས། ཞེས་གསལ་ལོ། དེས་ནས་ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་གོང་ནས་རི་བོའི་འདིའི་མིང་ལ་ཕག་མོ་རི་ཞེས་འབོད་སྲོལ་ཡོད་པ་དེང་དུས་རྒན་རབས་ཀྱི་ངག་ཐོག་ཏུ་ཡོད་པར་མ་ཟད། སྐབས་དེར་བྲིས་པའི་ཡིག་རྙིང་ནང་དུའང་མཐོང་ཐུབ། །

མི་ཉག་འཇམ་དབྱངས་གྲགས་པའི་རང་རྣམ།
ཡ་མཚན་པ་ཞིག་ལ། ཉེ་ཆར་ཡང་རི་འདིའི་མིང་ལ་རྒྱ་སྐད་དུ་ 跑马山ཟེར། རྟ་རྒྱུག་རི་བོའི་དོན་ཡིན་པ་དང་། རི་བོའི་དེའི་ངོས་སུ་བསྐྱག་སྟོན་ཆུང་ངུ་ཞིག་ཡོད་པ་དེ་ནི་དུས་སྟོན་སྐབས་སུ་རྟ་རྒྱུག་ས་ཡིན་པས་ན་མིང་དེ་ལྟར་ཐོགས་པ་རེད་ཅེས་ཨུ་ཚུགས་རྒྱབ་ནས་བཤད་མཁན་ཡོད་པར་ཐོས། གལ་སྲིད་ཕག་མོ་རི་བོའི་མིང་ལ་རྟ་རྒྱུག་རི་ཞེས་འདོགས་པའི་རྒྱུ་མཚན་ཡིག་ཆ་གང་དང་། ཤོག་ངོས་གང་དུ་ཡོད་པ་གསལ་པོར་གསུང་རྒྱུ་ཡོད་ན་ནི་ང་ཚོས་རྗེས་སུ་ཡི་རངས་ཀྱིས་དང་ལེན་ཞུ་རྒྱུ་ཡིན། མ་མཐའ་ཡང་གནའ་དུས་ས་མིང་འདི་ཐོགས་ཚུལ་ལ་བཞེད་སྲོལ་མི་འདྲ་ཡོད་པའི་ཁུངས་ལུང་ཞིག་གསར་རྙེད་ཐུབ་པ་ང་ཚོ་ལའང་ཞིབ་འཇུག་གི་འབྲས་བུ་གསར་པ་ཞིག་ཐོབ་པ་རེད། ད་མིན་ཡིག་ཆ་སོགས་ཁུངས་ལུང་གང་ཡང་མེད་ན། དེ་ནི་ཉིད་ཀྱི་དགོངས་གཏེར་ཡིན་ངེས། དགོངས་གཏེར་ནི་དག་སྣང་གི་བརྒྱུད་པ་ཡིན་སྟབས་ཐུན་མིན་ཁྱེད་ཀྱི་རྗེས་འཇུག་འགའ་ཞིག་ལས་དེ་རིགས་ལ་ཡིད་ཆེས་མཁན་སུ་ཡོད།

ཕག་མོ་རི་བོའི་རི་སྐེད་དུ་ཡོད་པའི་གདན་ཐོག་ནི་གནའ་དེང་གཉིས་སུ་སྟོན་པ་ཤཱཀྱ་ཐུབ་པའི་འཁྲུངས་སྐར་ལ་སྤྲོ་སྐྱིད་ཀྱི་གླིང་ག་གཏོང་ས་ཡིན་པ་ལས་རྟ་རྒྱུག་མཁན་དང་། རྒྱུག་ས་ཡིན་པའི་ཡིག་ཆ་དང་བཤད་སྲོལ་གཉིས་ཀ་ད་བར་ཁོ་བོས་ནི་མ་ཐོས། སྤྱི་ལོ་༢༠༠༨ལོར་དབྱར་ཁའི་གུང་སེང་སྐབས་སུ་མི་ཉག་སྤྱི་དང་། ཨ་ཀྱ་ཁ་པའི་ལོ་རྒྱུས་ལ་བརྩད་ཞིབ་བྱས་ནས་ཟླ་བ་གཅིག་ལྷག་ཙམ་དར་མདོར་བསྡད། དེའི་རིང་ལ་ལྕགས་ལ་རྒྱལ་པོ་དང་། རྡོ་བྲག་སྤྲུལ་སྐུ་བུ་ཕྲུག ས་སྐས་སྒང་པའི་སྐུ་ཞབས་པོ་ཁམས་ནིང་། ཞབས་པད་རྨོ་བོ་རིག་འཛིན་དབང་མོ་སོགས་དགུང་ལོ་བརྒྱད་ཅུ་ལྷག་ལོན་པའི་རྒན་རབས་བཅུ་སྐོར་ཞིག་ལ་བཅར་འདྲི་ཞུས་ཀྱང་གད་བསྐྱག་འདི་རྟ་རྒྱུག་ས་རེད་གསུང་མཁན་གཅིག་ཀྱང་མ་འཕྲད། རིག་པས་དཔྱད་ནའང་མ་གྲུབ་སྟེ། གདན་ཐོག་གི་ཐང་རྒྱ་ཆེ་ཆུང་དེ། ཆུ་ཞེང་དུ་གོམ་པ་བརྒྱ་རེ་ཙམ་ལས་མེད་པ་མངོན་སུམ་ཚད་མའི་སྣང་ཡུལ་རེད། གནས་དེར་རྟ་རྒྱུག་ས་ཕར་ཞོག ར་རྒྱུག་སའི་ཐང་ཞེང་མེད་པ་མི་སུས་ཀྱང་བལྟས་ན་མཐོང་ཐུབ། །

གཟིགས་དང་། འདི་ན་རྟ་རྒྱུག་དང་ར་རྒྱུག
ཕག་མོ་རི་ཞེས་གནས་རི་སྤྱི་ཡི་མིང་། །
གདན་ཐོག་ཅེས་པ་གླིང་ག་གཏོང་བའི་གནས། །
གཅིག་ཏུ་འཁྲུལ་ནས་ལོག་འགྲེལ་འདི་འདྲ་བ། །
བོད་ཀྱི་ལོ་རྒྱུས་གཏོར་བའི་དུག་རྫས་ཡིན། །
ཞེས་པ་ཕག་མོ་རིའི་རྣམ་བཤད་བདེན་པའི་རང་སྒྲ་ཞེས་པ་འདི་ནི་བོད་ཀྱི་ལོ་རྒྱུས་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། སྤྱི་ལོ་༢༠༡༥ལོའི་ཟླ་བ་དྲུག་པའི་ཚེས་ལྔ་ཉིན་གྱི་ཞོགས་པ་རྒྱ་ནག་ཁྲེན་ཏུའི་གྲོང་ནས་པེ་ཅིང་དུ་བསྐྱོད་པའི་མཁའ་ལམ་དུ་བྲིས་སོ། །