ན་མོ་གུ་རུ་བྷྱཿ། སྣ་ཚོགས་སྒྱུ་མའི་འཕྲུལ་འཁོར་ལ་བརྟེན་ནས། ། སྣ་ཚོགས་སྤྲོས་པའི་སྣང་བ་འབུམ་འཆར་ཞིང་། ། སྣ་ཚོགས་དུཿཁའི་དགྲ་བོ་བཅོམ་དང་ལྷན། ། སྣ་ཚོགས་བདེ་དགའ་རྒྱས་པའི་དཔལ་དེ་བསྔགས། ། འདིར་གླིང་སེང་ཆེན་ནོར་བུ་དགྲ་འདུལ་འཛམ་གླིང་གེ་སར་རྒྱལ་བོ་ཞེས་གྲགས་པ་དེའི་དངོས་དོན་གྱི་ལོ་རྒྱུས་འགའ་ཞིག་བརྗོད་པར་བྱ་སྟེ། གླིང་གེ་སར་འདི་ནི་མདོ་ཁམས་སུ་སྐུ་འཁྲུངས་ཏེ། དཔའ་རྩལ་རབ་ཏུ་རྒྱས་ནས་ཕྱོགས་བཞིའི་དགྲ་འདུལ་མཁན་གྱི་བོད་ཀྱི་མི་དཔའ་བོ་ཞིག་ཡིན་པས་སྙན་པའི་གྲགས་པ་ཡོངས་ལ་ཁྱབ། དེ་ནི་མི་ངོ་མ་ཡིན་མིན་གྱི་དོགས་པ། སྔོན་གྱི་མཁས་མཆོག་སུ་ལའང་སྐྱེས་མ་མྱོང་། འོན་ཀྱང་། བར་སྐབས་ཤིག་ནས་བཟུང་། དངོས་དོན་ལ་ཞིབ་འཇུག་མེད་པའི་གཏམ་སྣ་ཚོགས་ཤིག་སྨྲ་བ་རྣ་བའི་ལམ་དུ་སོན་པ་འགའ་ཞིག་བརྗོད་ན།
ཁ་ཅིག་གིས། འདི་ལྷ་སྒྲུང་ཞིག་ཡིན་པ་ལས། དོན་དངོས་ལ་འདི་ལྟ་བུའི་མི་ཞིག་མེད་དོ་ཟེར། དེ་ནི་མི་འཐད་དེ། གླིང་མི་རེའི་ཁ་ན་སྒྲུང་རེ་ཟེར་བ་ལྟར། གཡུལ་འགྱེད་རེ་རེའི་སྐབས་སུ་དམག་མི་རང་རང་གི་སྣང་ཚུལ་དང་ལྟ་ཚུལ་ཅུང་རེ་མི་འདྲ་བའི་དབང་གིས་སྒྲུང་གླུ་དག་ལ་ཁྱད་པར་ཅུང་རེ་ཡོད་པ་དང་། མཁས་པ་སོ་སོས་ལེགས་བཅོས་བྱས་པ་དང་། ལྷ་སྒྲུང་བསྲེས་པ་འགའ་རེ་ཡོད་པ་མ་གཏོགས། གཞི་རྩའི་ཐོག་སྒྲུང་ནང་དུ་བཤད་པ་བཞིན། མི་དཔའ་བོ་ལག་རྗེས་ཅན་ཞིག་ཡིན་པ་ནི། དེའི་ལག་རྗེས་དང་། རྗེས་ཤུལ་གྱི་དངོས་རྫས། ཕ་ཡུལ། མི་རྒྱུད། མི་སྡེ་དང་བཅས་པ་ད་དུང་མངོན་སུམ་དུ་ཡོད་པ་འོག་ཏུ་འཆད་པར་འགྱུར་རོ། །
ཡང་ཁ་ཅིག་གིས་དེབ་ཐེར་དུ་བཀོད་པ་ལྟར་ན། བོད་ཀྱི་གེ་སར་ཟེར་བ་དེ་ནི་མི་རིགས་གཞན་ཞིག་ཡིན་ཏེ། བོད་ཀྱི་བྱང་ཕྱོགས་ཀྱི་མི་རིགས་ཤིག་ཡིན་པ་དང་། དྲག་རྩལ་ཅན་གྱི་མིང་རེད། མི་རིགས་དེ་ནི་རྒྱུན་པར་བོད་ལ་བཙན་འཛུལ་བྱེད་མཁན་ཞིག་རེད། དེབ་ཐེར་མཁས་པའི་དགའ་སྟོན་ལས། རྒྱ་ནག་རྒྱལ་བོ་ཤིང་ལ་སྦྲུལ་འཁྱིལ་འདྲ། །གེ་སར་རྒྱལ་བོ་ཤིང་ལ་རྟ་བཏགས་པ་འདྲ། །ཞེས་དང་། པད་མ་བཀའ་ཐང་དུ་རྒྱ་གར། རྒྱ་ནག ཨོ་རྒྱན། སྟག་གཟིག གེ་སར་སོགས་ཟ་ཧོར་ལ་སོང་ཞེས་བྲིས། འདི་དག་གི་ནང་དུ་གེ་སར་ནི་བྱང་ཕྱོགས་ཀྱི་རུ་དཔོན་གྱི་སྤྱི་མིང་རེད། སྲོང་བཙན་གྱིས་རྒྱ་བཟའ་ཀོང་ཇོ་སློང་དུས་ཡང་“གེ་སར་དམག་གི་རྒྱལ་བོ་ཡོད”ཅེས་བྲིས་ཏེ། མཐོང་རྒྱ་དང་ཞིབ་འཇུག་མེད་པར་ཁ་ཚོན་གཅོད་པ་ལ་དགའ་ནས། སྲོང་བཙན་དུས་ཀྱི་སོག་པོ་གེ་སར་དམག་གི་རྒྱལ་བོ་དང་། བོད་སིལ་བུར་འཐོར་བའི་དུས་ཀྱི་བོད་མི་གེ་སར་ནོར་བུ་དགྲ་འདུལ་གཉིས་གཅིག་རེད་སྙམ་པའི་རི་བོང་གནམ་རྡིབ་ཀྱི་དོགས་པ་འདྲ་བ་ཞིག་སྐྱེས་འདུག དེ་ནི་ར་མགོ་ལུག་སྦྱར་ཡིན་ཏེ། སྔོན་མཁས་མཆོག་སུ་ལ་དེ་གཉིས་གཅིག་རེད་སྙམ་པའི་འཁྲུལ་བློ་མ་སྐྱེས་ཤིང་། སྐྱེ་དོན་ཡང་མེད་དེ། གེ་སར་དམག་གི་རྒྱལ་བོ་ནི་བྱང་ཕྱོགས་སོག་པོའི་ཡུལ་གྱི་རྒྱལ་བོ་དག་ཤེད་ཅན་ཞིག་ཡིན་པས། གེ་སར་དམག་གི་རྒྱལ་བོ་ཟེར། དེའི་རྒྱལ་རྒྱུད་ནི་སོག་པོའི་ཨོ་རོད་ཚོ་དྲུག་གི་རྒྱལ་རྒྱུད་རྣམས་ཡིན་ཞིང་། རྒྱལ་དབང་ལྔ་བའི་དུས་སུ་བོད་ཡོངས་ལ་དབང་བསྒྱུར་ནས། བོད་སྲིད་རྒྱལ་དབང་ལྔ་བར་འབུལ་མཁན་“བསྟན་འཛིན་ཆོས་རྒྱལ”ཟེར་བའང་དེའི་རྒྱུད་ཡིན་ཏེ། སྡེ་སྲིད་གཙང་བའི་ལོ་རྒྱུས་ལས་“སྟག་གཟིག་ནོར་གྱི་རྒྱལ་བོ་ནི། རྒྱ་གར་ཁ་ཆེའི་མཐའ་ཡི་སོག་པོ་ཕྱིའི་རྒྱ་མཚོ་ཆེན་པོ་ལས་ནོར་བུ་ལོན་པ་འདི་རྣམས་ཡིན་ཞིང་། བྷ་ཏ་ཧོར་གྱི་རྒྱལ་བོ་ནི་སོག་པོ་གཞུང་དྲུག་ཏུ་གྲགས་པ་དེ་ཡིན་པ་དང་། གེ་སར་དམག་གི་རྒྱལ་བོ་ནི། ཨོ་རོད་ཚོ་དྲུག་གི་རྒྱལ་རྒྱུད། བསྟན་འཛིན་ཆོས་རྒྱལ་ནི་འདིའི་རྒྱུད་པ་ཡིན”ཞེས་གསུངས་པ་ལྟར་རོ། ། གནའ་དུས་བོད་མི་དག་གིས་བྱང་དང་ནུབ་ཀྱི་མི་རིགས་གཞན་པ་རྣམས་ལ་སོག་པོ་ཞེས་སྤྱི་མིང་དུ་འབོད་པས། སྟག་གཟིག་ལའང་ནུབ་ཕྱོགས་ཀྱི་སོག་པོ་ཞིག་ཅེས་འབོད་དོ། ། གེ་སར་ནོར་བུ་དགྲ་འདུལ་ལ་གེ་སར་ཞེས་པའི་མིང་ཐོགས་ཚུལ་དང་བོད་མི་ཡིན་ཚུལ་སོགས་འོག་ཏུ་འཆད་པར་འགྱུར་ལ། དེས་ན་མིང་གི་ཐོག་མ་འདྲ་བའི་མི་ཐམས་ཅད་གཅིག་ཡིན་པར་མ་སེམས་ཤིག
ཡང་ཡི་གེ་མ་མཐོང་ཡང་རྒྱུས་མེད་ཀྱི་མི་རིགས་གཞན་པ་ཁ་ཅིག་གིས། གླིང་གེ་སར་ནི་ཁྲི་སྲོང་ལྡེ་བཙན་རེད་ཟེར་གྱིན་འདུག ཅེས་པའི་གཏམ་ཐོས་སོ། དེ་ནི་མི་འཐད་དེ། དེ་ལྟ་བུའི་དོགས་པ་སྔོན་གྱི་མཁས་མཆོག་སུ་ལའང་སྐྱེས་མ་མྱོང་ཞིང་། སྐྱེ་དོན་ཡང་མེད་དེ། ཁྲི་སྲོང་དང་གླིང་སེང་ཆེན་གཉིས་བྱུང་དུས་དང་སྐྱེ་ཡུལ་དང་། ཕྱག་རྗེས་དང་། མིང་དང་། སྲིད་ཀྱི་ཁྱབ་ཁོངས་སོགས་གཏན་ནས་མི་འདྲ་བ་ཡིན་ཏེ། བྱུང་དུས། ཁྲི་སྲོང་ནི་བསྟན་པ་སྔ་དར་བོད་ཁམས་གཅིག་གྱུར་གྱི་སྐབས་ཡིན་པ་སྨྲོས་མ་དགོས། གླིང་གེ་སར་ནི་བོད་སིལ་བུར་འཐོར་ནས། དཔའ་བོ་བཙན་ཤེད་ཅན་དང་། མཁས་པ་སྙན་གྲགས་ཅན་གྱིས་ཚོ་ཤོག་གི་མགོ་བསྡུ་བ་ཙམ་ལས། བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པའི་དུས་སུ་བྱུང་བ་ཡིན་པ་ནི། དེས་བསྟེན་པའི་བླ་མ་དང་། དེའི་སྡེ་ཤོག་གི་ལམ་ལུགས། ལྷ་ལ་འབོད་བསྐུལ་དང་མཆོད་གསོལ་གྱི་སྒྲུང་གླུ་སོགས་ཀྱིས་ཤེས་ལ། སྔོན་གྱི་ལོ་རྒྱུས་རྣམས་ལས་ཀྱང་དེ་འཁྲུངས་དུས་རབ་བྱུང་དང་པོ་ཡས་མས་སུ་བཙལ་བ་ལས། བསྟན་པ་སྔ་དར་གྱི་དུས་སུ་བྱུང་བ་ཡིན་མིན་གྱི་དོགས་པ་སྔོན་གྱི་མཁས་མཆོག་སུ་ལ་མ་སྐྱེས་ཤིང་། སྐྱེ་དོན་ཡང་མེད་དོ། །
སྐྱེ་ཡུལ། ཁྲི་སྲོང་དབུས་ཀྱི་ཡར་ལུང་བསམ་ཡས་ཕྱོགས་སུ་འཁྲུངས་པ་ནི་རྩོད་མེད་མགྲིན་གཅིག་ཡིན་ལ། གླིང་སེང་ཆེན་ནི་མདོ་ཁམས་སུ་འཁྲུངས་པ་ལ་བོད་ཀྱི་མཁས་ཆེན་དག་ལ་རྩོད་པ་མེད་ཅིང་། མགྲིན་གཅིག་དབྱངས་གཅིག་ཡིན་ནོ། །
ཕྱག་རྗེས། ཁྲི་སྲོང་གི་ཕྱག་རྗེས་གཙོ་བོ་ནི། མཁན་སློབ་གཉིས་སོགས་རྒྱ་བལ་གྱི་མཁས་པ་མང་བོ་སྤྱན་དྲངས། རབ་བྱུང་གི་སྡེ་གསར་དུ་བཙུགས། གཙུག་ལག་ཁང་བཞེངས། སྒྲ་བསྒྱུར་ཁང་བཙུགས་ཏེ། བསྟན་པ་དང་རིག་གནས་ཤིན་ཏུ་དར་བར་མཛད་པར་དེ་ཡིན་ལ། དུས་མཚུངས་སུ་མཐའ་བཞི་དབང་དུ་བསྡུ་བའི་གཡུལ་ལས་ཀྱང་མཛད་དོ། །
གླིང་སེང་ཆེན་གྱི་ཕྱག་རྗེས་གཙོ་བོ་ནི། བོད་ཁ་འཐོར་དུ་སོང་བའི་སྐབས་སུ། ཕྱོགས་ཀྱི་རྒྱལ་བོ་དག་གིས་བོད་ཀྱི་རྒྱལ་སྲིད་ཉམས་ནས། གཅིག་གྱུར་མེད་པ་ཤེས་ཏེ། བོད་ལ་བརྙས་གཙེ་དང་བཙན་གནོད་བྱེད་པ་ཡིན་ལ། གླེང་གེ་སར་གྱིས་གནས་ཚུལ་དེ་མཐོང་ནས། གཞོན་གེ་སར་གྱི་དུས་ནས་བློ་རྣོ་ཞིང་དཔའ་སེམས་མཁའ་ལ་འཕྱུར་ཏེ། གླིང་གི་དཔའ་རྟུལ་(དཔའ་ཐུལ་ཡང་ཟེར)མང་པོ་རང་དང་སེམས་ཀྱི་འཆར་སྒོ་མཐུན་པའི་གྲོགས་སུ་བཀུག་ནས། རྣམ་པར་རྒྱལ་བའི་གཡུལ་ལས་ཤ་སྟག་བྱས་ཏེ། བཙན་གནོད་བྱེད་པའི་ཕྱིའི་རྒྱལ་ཁབ་ཀྱི་རྫོང་ཆེན་བཅོ་བརྒྱད་སོགས་བཅོམ་པ་དང་། བོད་ནང་གི་མི་སེར་གྱི་བདེ་འཇག་གཏོར་བཤིག་བྱེད་པའི་ཇག་དཔོན་སྟོབས་ལྡན་བདུད་རྒྱལ་ཟེར་བ་སོགས་བཅོམ་ནས། བོད་འབངས་བདེ་ལ་བཀོད་པ་ལས་གཞན་རྒྱ་བལ་གྱི་མཁས་པ་གདན་དྲངས་ནས། རབ་བྱུང་གི་སྡེ་གསར་དུ་བཙུགས་པ། སྒྲ་བསྒྱུར་ཁང་བཙུགས་ནས་གཙུག་ལག་མང་པོ་བསྒྱུར་བ་སོགས་ནི། སྒྲུང་ཡིག་དང་རྣམ་ཐར་ལོ་རྒྱུས་གང་ནའང་མེད། སློབ་དཔོན་པད་མ་སྤྱན་དྲངས་ཚུལ་རེ་ཡོད་ཀྱང་། དེ་ནི་དག་སྣང་གི་བརྒྱུད་པ་ཞེས་པ་དེ་ཡིན་ཚུལ་སྒྲུང་རང་གི་གསུང་ཚུལ་ལ་བལྟས་ན་ཤིན་ཏུ་གསལ། དེ་ལྟ་བུའི་ལྷ་སྒྲུང་བསྲེས་པ་ཡོད།
མིང་ཡང་། ཁྲི་སྲོང་གི་མཚན་ལ། ཁྲི་སྲོང་ལྡེ་བཙན་ཞེས་གསོལ་བ་ལས། གེ་སར་དང་། སེང་ཆེན་དང་། ནོར་བུ་དགྲ་འདུལ་ཞེས་མིང་སུས་ཀྱང་མ་བཏགས་ལ། སུས་ཀྱང་དེ་ལྟར་མི་འབོད་ཅིང་། སུས་ཀྱང་ལོ་རྒྱུས་སུ་བྲིས་མེད། དེ་ལྟར་མེད་ཀྱང་ཁྲི་སྲོང་མི་འབོད་ཅིང་། སུས་ཀྱང་ལོ་རྒྱུས་སུ་བྲིས་མེད། དེ་ལྟར་མེད་ཀྱང་ཁྲི་སྲོང་གི་མཛད་པ་རྣམ་ཐར་ལ་སྒྲོ་བཏགས་ནས་ལྷ་སྒྲུང་བྲིས་པ་རེད་ཟེར་ན། དེ་ཡང་མི་འཐད་དེ། ཁྲི་སྲོང་གི་མཛད་པ་ལ་སྦྱར་ན། མཚན་དང་དེའི་མཛད་པའི་གཙོ་བོ་ལ་སྦྱར་ནས་སྒྲོ་འདོགས་དགོས་ཏེ། དཔེར་ན། ཐང་སིན་ནུབ་སྐྱོད་ཀྱི་སྒྲུང་ལྟ་བུ་ལ་མཚོན་ན། ཐང་སིན་གྱི་མཚན་སྙན་དེ་གཞིར་བཟུང་ནས། དེ་ནུབ་ཕྱོགས་སུ་ཆོས་ལེན་དུ་སོང་ཞིང་། ནུབ་ཕྱོགས་ནས་ཆོས་གདན་དྲངས་པའི་མཛད་པའི་གཙོ་བོ་ལ་བཏགས་ནས་ལྷ་སྒྲུང་ཆེན་པོ་བྲིས་པ་ལྟ་བུ་དགོས་ཀྱི། འབྲེལ་མེད་ཀྱི་སྒྲུང་ཞིག་ཁྱེར་འོངས་ནས། བཙན་ཤེད་ཀྱིས་ཁྲི་སྲོང་དང་འབྲེལ་བ་བྱེད་པ་ནི། རྣ་བར་འོང་བའི་གཏམ་མིན་ནོ། ། དེ་བཞིན་དུ་གླིང་གེ་སར་ལའང་། ཁྲི་སྲོང་ལྡེ་བཙན་ཞེས་པའི་མཚན་ཡོད་པ་སྒྲུང་དང་ལོ་རྒྱུས་གང་ན་ཡང་མེད་ལ། མིང་འདི་ཁྲི་སྲོང་ལ་སྦྱར་ན་ཨེ་འགྲིག་སྙམ་པ་ཙམ་ཡང་མེད། སྲིད་ཀྱི་ཁྱབ་ཁོངས་ཀྱང་། ཁྲི་སྲོང་གིས་བོད་སྤྱི་ལ་དབང་བསྒྱུར་ཅིང་། སྲིད་ཀྱི་གཞི་ས་གཙོ་བོ་ནི་དབུས་གཙང་ཡིན་ཏེ། རྒྱལ་སའི་ཤུལ་དང་། ཕྱག་རྗེས་ཀྱི་བསམ་ཡས་སོགས་དེ་གར་གནས། མི་རྒྱུད་ཀྱང་བོད་ཀྱི་རྒྱལ་རྒྱུད་ཚང་མ་རེད། གླིང་སེང་ཆེན་གྱིས་གཙོ་ཆེར་མདོ་ཁམས་སུ་དབང་བསྒྱུར་ཅིང་། སྲིད་ཀྱི་གཞི་ས་ཡང་གཙོ་བོ་དེ་གར་གནས་པ་ཡིན་ཏེ། དེའི་རྒྱལ་རྒྱུད་གླིང་འགུག་ཟི་རྒྱལ་བོ་ད་དུང་ཡོད་ལ། སེང་ཆེན་ཁོང་དང་། དཔའ་ཐུག་དག་གི་ཕོ་བྲང་གི་ཤུལ་དང་། གོ་མཚོན་དག་ཀྱང་མདོ་ཁམས་སུ་ཡོད་དོ། ། དེས་ན་ཁྲི་སྲོང་དང་གླིང་གེ་སར་གཅིག་པར་འདོད་པ་ལོང་བསྙབ་ཡིན་པ་ཤེས་པར་གྱིས། རང་རིགས་གཞོན་ནུ་ཐོས་ཆུང་མགོ་ཡང་འགའ་ཞིག་ཀྱང་དེའི་རྗེས་སུ་གཡམ་རྒྱུག་བྱེད་ཀྱིན་ཡོད། ཅེས་ཐོས་སོ། །
སྤྱིར་དེང་དུས། མི་རིགས་གཞན་གྱི་རིག་གནས་ཅུང་ཟད་རེ་སྦྱངས་པའི་རང་རིགས་འགའ་ཞིག་གིས། བོད་ཀྱི་རིག་གནས་དང་བོད་ཀྱི་མཁས་པ་སྔོན་མ་དག་ལ་སྐྱོན་འཚོལ་བྱེད་པའང་མཐོང་། སྔོན་གྱི་ལོ་ཙཱ་བ་རྣམས་ཕྱི་རྒྱལ་དུ་ཕེབས་ནས་ལོ་དུ་མར་སྦྱངས་ཏེ། རང་རིགས་ཀྱི་རིག་གནས་དར་རྒྱས་གཏོང་ཆེད། དེ་དུས་ཕྱི་རྒྱལ་སོ་སོར་དར་བའི་རིག་པའི་གནས་མང་པོ་བོད་ཡིག་ཏུ་བསྒྱུར་ཅིང་སྤེལ་བའི་དཔེ་ཆ་པོ་ཏི་བརྒྱ་ཕྲག་མང་པོ་བྲག་རྩིག་རྩིག་བྱས་ཡོད་པ་འདི་ཚོ་ལ་ལྟོས། དེར་མ་ཟད་བུ་སྟོན་རིན་པོ་ཆེ། རྗེ་ཡབ་སྲས། རྒྱལ་བ་པཎ་ཆེན་སྐུ་ཕྲེང་གི་གསུང་འབུམ་སོགས་དང་། བོ་དོང་བ་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་ལ་པོད་བརྒྱ་དང་སུམ་ཅུ་རྩ་གྲངས་ཡོད། ང་ལྟ་བུས་མཁས་པ་རེ་རེའི་གསུང་ཚེ་གཅིག་ལ་ཀློག་མི་ཚར་བའི་ཚད་རེད། ངས་ཤོག་ལྷེ་ཁ་ཤས་རེ་དུས་དེབ་རེའི་ཐོག་ལ་བཀོད་དེ་ང་རྒྱལ་བྱེད་རྒྱུ་མེད་སྙམ། ཁྱེད་ཅིག་གིས་ཀྱང་ཡིག་རིགས་གཞན་ཤེས་པ་ནི་རབ་དང་ཕུལ་བྱུང་རེད། ད་ཁྱེད་རྣམ་པས་དེང་དུས་ཀྱི་རིག་གནས། ཚན་རིག ལག་རྩལ། ཐ་ན་འཕྲུལ་འཁོར་སྣ་ཚོགས་བཟོ་བཅོས་བྱེད་པའི་དཔེ་ཆ་ཚུན་ཆད་ཀྱི་དཔེ་དེབ་མང་པོ་བོད་ཡིག་ཏུ་བསྒྱུར་ནས་རང་རིགས་ཀྱི་རིག་གནས་དང་དཔལ་འབྱོར་རྒྱས་པ་ལ་ནུས་པ་བཏོན་ན། ད་གཟོད་སྔོན་གྱི་མཁས་པ་རྣམས་ལ་འགྲན་པ་དང་འཕྱས་གདགས་པའི་མ་རྩ་ཡོད་སོང་བ་རེད། དེ་མིན་ད་དུང་མ་རྩ་མེད་པས། འགྲན་འཕྱས་གྱི་སྐུ་ཚེགས་མི་གནང་བར་ཞུ། ཡང་འགའ་ཞིག་གིས། བོད་ཀྱི་མཁས་པ་སྔོན་མ་ཚོ་ནི་ཆོས་ལ་ཞེན་པའི་སྟབས་ཀྱིས། དེ་དག་གིས་བརྩམས་པའི་ལོ་རྒྱུས་སོགས་ལ་ཡང་དག་པ་གཅིག་ཀྱང་མེད། དེས་ན་བོད་ལ་བོད་རང་གི་ལོ་རྒྱུས་ཡང་དག་རྩོམ་མཁན་གྱི་མཁས་པ་གཅིག་ཀྱང་བྱུང་མེད་སྟབས། བོད་ཀྱི་ལོ་རྒྱུས་ཀྱི་ཁུངས་ནི་ཕྱི་རྒྱལ་དང་། རྒྱ་ཡིག་དང་། ཏུན་ཧོང་གི་ཡིག་ཆ་ཁོ་ན་ལས་བཙལ་དགོས་སོ། ། ཞེས་མདོ་མེད་ཀྱི་གཏམ་སྨྲ་བའང་ཡོད། སྔོན་གྱི་ལོ་རྒྱུས་དག་ལ་ཅུང་ཟད་ནོར་བ་དང་། ཡི་གེ་མ་དག་པ་རེ་ལོས་ཡོད། འོན་ཀྱང་དེ་དག་རྩྭ་ལྟ་དོར་ནས་གཞན་ཟེར་ཁོ་ནའི་རྗེས་སུ་འབྲངས་ན། ཕ་ཤུལ་བུས་ཟིན་རྒྱུ་ལྟ་ཞོག ཕ་མེས་ཀྱི་བླ་བཙོང་མཁན་དུ་ཨེ་འགྲོ་སྙམ་པའི་དོགས་པ་ཆེ། ཏུན་ཧོར་གི་གཏེར་ཡིག་མང་པོ་ཞིག་ལ་བལྟས་མྱོང་། དེ་དག་དཔྱད་གཞིའི་ཡིག་ཆ་མཁོ་གལ་ཆེ་བ་རེ་ལོས་ཡིན། འོན་ཀྱང་། དེའི་ནང་དུ་དག་མོ་རེད་སྙམ་པ་ཡོད། དཔེར་ན། རྒྱལ་བོ་འུ་དུམ་བཙན་གྱི་སྨོན་ལམ་ཟེར་བའི་ཤོག་གྲངས་ཁ་ཤས་མཐོང་། དེ་ནི་དེའི་དུས་ལ་བལྟས་ན་ཅུང་ཟད་དག་མོ་རེད་སྙམ། རྒྱུ་མཚན་ཁྲི་སྲོང་སོགས་ཀྱི་དུས་སྐབས་ཀྱི་རྡོ་རིང་དང་དྲིལ་ཆེན་གྱི་ཐོག་གི་ཡི་གེ་དག་གི་རྩོམ་ལུགས་དང་དག་ཆ་སོགས་འདྲ་མོ་འདུག ཡི་གེ་ལ་ལ་ནི། ཁྲི་རལ་གྱི་རྗེས་སུ་བྲིས་པ་ཞིག་ཡིན་པ་ནི། གླང་དར་གྱི་བཤད་པ་ཡོད་པས་ཤེས་མོད། འོན་ཀྱང་ཁྲི་རལ་དུས་ཀྱི་སྐད་གསར་བཅད་དང་མཐུན་རྒྱུ་ཕར་ཞོག དེའི་སྔོན་གྱི་ཁྲི་སྲོང་སོགས་ཀྱི་དུས་སུ་བྲིས་པའི་རྡོ་རིང་དང་དྲིལ་ཆེན་སོགས་ཀྱི་ཐོག་གི་ཡི་གེ་དང་བརྗོད་ཚུལ་དག་ཆ་གང་ཐད་ནས་མི་མཚུངས། ཡིག་གཟུགས་ཀྱང་གཟབ་གཤར་གང་ཡིན་ཆ་མི་འབྱེད་པ་ཡོད། ཐ་ན་ཁ་དང་ག་གཉིས། ཅ་དང་ཆ་གཉིས། པ་དང་ཕ་གཉིས་སོགས་ཁྱད་པར་མེད་པར་ལག་ཏུ་གང་ཐོན་བྲིས་པ་དང་། ཁ་དང་ཆའི་སྔོན་འཇུག་ལ་ག་དང་བ་བཞག་པ་སོགས་ཤིན་ཏུ་མང་། བརྡ་རྙིང་མང་བ་ནི་དེ་དུས་ཀྱི་སྤྱིའི་འབྲི་ལུགས་དང་མཐུན་པ་ཞིག་བྱེད་ཤེས་རྒྱུ་རེད་སྙམ། འདིའི་སྟབས་ཀྱིས། མི་རིགས་གཞན་པ་འགའ་ཞིག་གིས་སུམ་ཅུ་བ་ནི་ཐོན་མིས་བརྩམས་པ་མ་རེད། དེ་དུས་ཀྱི་ཡིག་ཆ་ཏུག་ཧོང་གི་ཡིག་ཆ་དང་མི་མཐུན་འདུག ཅེས་མོན་ཡུལ་རྡོར་གཅོད་ཀྱི་དཔེ་རུ་འགྱུར་ཉེན་ཡོད། ཐ་ན་ཐོན་མི་སམ་བྷོ་ཊ་ཟེར་བ་ཞིག་མེད། དེ་རྒྱའི་ལོ་རྒྱུས་ན་མེད་དོ་ཟེར་བ་དང་། དེ་ནི་ཚོགས་པ་ཞིག་གི་མིང་རེད་མི་གཅིག་མ་རེད་ཟེར་བ་དང་། སྔོན་གྱི་ཡིག་ཆ་དག་རྡོག་རྫིས་གཏོང་བྱེད་སྔར་མ་གྲགས་པའི་གཏམ་རེ་ཡིག་ལོབ་རེའི་ནང་ནས་རྙེད་དོ་ཟེར་བ་དང་། ཕྱི་རྒྱལ་ག་གེ་མོ་ནས་རྙེད་དོ་ཟེར་བ་སོགས་ཕར་དེད་ན། སྦྱང་ཁུ་སྐྱ་ཡོག་སེའི་ལོ་རྒྱུས་ལྟ་བུར་འགྱུར། སྔར་བཤད་དང་གསར་བཤད་གང་ཡིན་ཀྱང་། དགག་བྱ་མེད་ལ་དགོས་པ་ཡོད་ན་ཁས་ལོས་ལེན། དགོས་པ་དང་ཁེ་ཕན་མེད་ན་བསྐྱུར་བར་འོས་སྙམ། མདོར་ན་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མེད་ཀྱི་རྒྱུས་གཏམ་སྨྲ་བ་མི་ཉུང་། རང་རིགས་སེང་གེའི་འགྱིང་བག་དང་ལྡན་པ་ཉུང་ཞིང་། ཁྱི་ཚོགས་ནང་དམུར་གྱི་དཔེ་ཡང་སྣང་། ངས་དབུས་སུ་གཏམ་ཞིག་གི་སྐབས། འདི་དང་ཕྱོགས་མཚུངས་ཤིག་བཤད་ནས་ཏུན་ཧོང་གཏེར་ཡིག་ཁྱེར་ཡོང་ནས་སྔོན་གྱི་མཁས་པ་དག་གི་ཕྱག་རྗེས་རྦད་ཀྱིས་བསུབ་པ་ལ། ང་ཡིད་མཐུན་མིན་ཞེས་བཤད་པ་ཡིན། དེའི་ལན་ལ། གསེར་ལ་བཙའ་ཆགས་ཀྱང་གསེར་ནི་གསེར་ཡིན་ཞེས་ལན་ཡོད་འདུག དེ་ནི་ཡི་གེ་མ་དག་ཀྱང་དོན་ལ་འཁྲུལ་བ་མེད་པའི་གསེར་སླད་མེད་ལྟ་བུ་རེད་ཟེར་བ་ཡིན་ཚོད་འདུག ཧེ་ཧེ། ཆོས་ཚུལ་ཟབ་པས་ཐག་གཅོད་མི་སྔ་ཞིང་། ། ཟེར་བ་ལྟར་ད་རུང་བརྟག་དཔྱད་རེ་བཏང་ན་བཟང་རྒྱུ་རེད་སྙམ། འཇམ་དཔལ་རྩ་རྒྱུད་ཀྱི་ལུང་བསྟན་ཁས་མི་ལེན་ན། དེ་ནི་རྨོངས་དད་རེད་ཅེས་བཤད་ན་ལོས་ཆོག བོད་རིགས་བརྒྱ་ཆ་གོ་ལྔ་ཡན་ལ་ཕོག་ཨེ་འགྲོ་སྙམ་ནས། དེའི་དོན་ནི་གཞན་ཞིག་རེད་དོ། ། དེའི་དོན་ནི་ཆེས་གཞན་ཞིག་རེད་དོ། ། ཞེས་མཛུབ་མོ་འཛུགས་ས་མེད་པའི་བཤད་དྲི་མི་བྲོ་བ་ཞིག་བཤད་པ་ལ་ཁོང་འཛུམ་འཆོར་གྱིན་འདུག ངས་ནི་བོད་རང་ལ་གཞན་ལ་ངོ་གནོང་མི་དགོས་པའི་རིག་གནས་ཤིག་ཡོད་པ་འདི། སྐུ་དྲིན་ཅན་སྲོང་བཙན་དང་བཀའ་དྲིན་ཅན་ཐོན་མི་སམ་བྷོ་ཊ་གཉིས་ནས་བཟུང་། རང་གི་བླ་མའི་བར་གྱི་མཁས་དབང་རྣམས་ཀྱི་དྲིན་རེད་བསམ་ཡོད། རིག་གནས་འདི་ལྟ་བུ་ཞིག་མེད་ན། མི་རིགས་ཅུང་ཟད་ཆེན་པོ་འགའ་ཞིག་ལྟར་རྒྱ་མིན་གཞན་མིན་དུ་འགྱུར་བ་དང་། ཡང་ན་མི་རིགས་ཁ་ཅིག་ལྟར་རིག་གནས་དཔའ་འབྱོར་གང་ཐད་ནས་རྗེས་ལུས་ཐ་ཆད་དུ་འགྱུར་བ་དང་། ཡང་ན་རིགས་ཀྱི་མིང་ཙམ་ལས་ལྷག་མེད་རྒྱུ་རེད་སྙམ།
ཆོས་ལུགས་ཡོད་པའི་སྟབས་ཀྱིས་ཡར་ཐོན་དུ་མ་སོང་བ་ཡིན་ན། འཇར་པན་ཡང་ཡར་ཐོན་ཡིན་མི་སྲིད། ཆོས་མེད་པས་ཡར་ཐོན་དུ་འགྲོ་རྒྱུ་ཡིན་ན། དབྱིས་རིགས་ཀྱང་ཡར་ཐོན་བླ་ན་མེད་པ་ཞིག་ཡིན་ཆོག དཔྱད་པ་ཞིབ་མོ་རེ་ཐོངས། དེང་སྐབས་སྲིད་ཇུས་ནི་ལེགས་པ་བླ་ན་མེད་པ་ཞིག་ཡིན་གཤིས། མི་རྣམས་ཀྱི་རང་དབང་དང་འཚོ་བ་ཤིན་ཏུ་བཟང་བ་མཐོང་ནས། དགའ་སྤྲོ་སྐྱེས་ཏེ་མེས་རྒྱལ་གྱི་ཅན་བཞི་འཛུགས་སྐྲུན་ལ་ཚེ་མཇུག་འདིར་ཞབས་འདེགས་གང་ཐུབ་རེ་ཞུ་སྙམ་ཡོད། འདི་དག་ནི་སྤྱི་དོན་ལ་བསམས་ནས་ངོ་དགའ་ཟོལ་འཇོག་མེད་པར་སེམས་ལ་དྲན་ཚོད་སྨྲས་པ་ཡིན། ཀུན་སློང་གཞན་མེད་ལགས།
དེ་ཡང་གླིང་གི་མི་རྒྱུད་ནི། བོད་མིའུ་ལྡོང་དྲུག་གི་ནང་ཚན་ལས། སྨུག་པོ་ལྡོང་གི་རིགས་རྒྱུད་རེད། ལྡོང་“ལ་ཁྲ་རྒན་པོ”ལ་བུ་གསུམ་བྱུང་བ་རྣམས་ཀྱིས་རྨ་ཆུའི་སྟོད་སྨད་བར་གསུམ་དུ་གཞི་བཟུང་ནས་བསྡད་པ་ལ་མི་རྒྱུད་མང་དུ་འཕེལ་ཏེ་སྡེ་ཆེན་པོར་ཆགས། དེ་ནས་བཟུང་བུ་སྐྱེས་པ་སྟག་ཤར་དཔའ་བོ་ཤ་སྟག་བྱུང་། ལྡོང་ཆོས་འཕེལ་ནག་པོ་ལ་མ་མི་གཅིག་པའི་བུ་གསུམ་བྱུང་བ་ལས། གླིང་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་གསུམ་བྱུང་ནས་མི་རྒྱུད་རབ་ཏུ་འཕེལ་ཏེ། སྡེ་ཤོག་ཆེ་ཞིང་བཙན་ཕྱུག་འཛོམས་པས་སྙན་གྲགས་ཤིན་ཏུ་ཆེ་བ་བྱུང་། སྨུག་པོ་ལྡོང་གི་མི་རྒྱུད་འབྲོག་སྡེ་ཆེན་པོ་འདི་ལ་གླིང་རུ་ཐོགས་པའི་རྒྱུ་མཚན། བཙན་ཕྱུག་འཛོམས་པས་ཡུལ་ཁམས་རྣམས་སུ་སྙན་གྲགས་དང་ལབ་གླེང་ཤིན་ཏུ་ཆེ་བ་བྱུང་སྟབས། མིང་ལ་“གླེང་རུ”ཞེས་ཐོག་ནའང་ཕྱིས་སུ་ཡི་གེ་འགྱུར་ནས་“གླིང་རུ”ཞེས་གྲགས་པ་བྱུང་། གླིང་གི་བུ་རྒྱུད་སྐྱ་ལོ་ཟེར་བས། བྱང་བཟའ་ཟེར་བ་བག་མར་བླངས་པ་ལ་“རྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ”ཟེར་བས། ཕྱིས་སེང་ཆེན་གྱི་བཙུན་མོར་གྱུར་པ་དེ་འཁྲུངས། གླིང་གི“སེང་བློན”ཟེར་བས། རྒྱ་བཟའ་ལྷ་སྐྱིད་སྒྲོལ་མ་དང་། འགག་བཟའ་གཉིས་བག་མར་བླངས་པས། རྒྱ་བཟའ་ལ་དཔའ་བོ་རྒྱ་ཚ་ཞལ་དཀར་འཁྲུངས། འགག་བཟའ་ལ་གླིང་རྗེ་གེ་སར་འཁྲུངས། འཁྲུངས་ཡུལ་ནི་ཁམས་ཀྱི་སྐྱིད་སོས་ཡག་གི་ཁ་མདོ་རེད་ཟེར། འཁྲུངས་པའི་ལོ་ཚིགས་ནི་《མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོ》ལས། གེ་སར་རྒྱལ་བོ་འཁྲུངས་ལོ་ནི་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཀྱང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་སྨྲྀ་ཏི་ཛྙཱ་ན་ཀིརྟི་སྤྱན་དྲངས་ཏེ། ཆོས་ཞུས་པ་དང་། གཙུག་ལག་ཁང་བཞེངས་པས་ཀྱང་ཤེས་ནུས། ཞེས་སྒྲུབ་བྱེད་ནུས་ལྡན་བཀོད་པ་ལྟར་རོ། ། ཡང་རབ་བྱུང་དང་པོའི་ས་སྟག་ལ་འཁྲུངས་པར་འདོད་མཁན་བྱུང་བ་དང་དེ་གཉིས་ཀྱི་བར་ཁྱད། སྔ་མའི་ལྕགས་བྱི་དང་དེང་འདིའི་བར་ལ་ལོ་ངོ་སོ་བརྒྱད་དང་། སྔ་མའི་ཆུ་སྦྲུལ་དང་དེའི་བར་ལ་ཞེ་ལྔ་ཙམ་ལས་ཁྱད་པར་ཆེན་པོ་མེད། འདི་དག་ནི་མཁས་པའི་གསུང་ཡིན་ཕྱིར་དཔྱད་གཞིར་འོས། སྲོང་བཙན་གྱི་སྔོན་དང་། དེའི་དུས་ཨེ་ཡིན་བསམ་ཟེར་བ་སོགས་བླུན་པོའི་གཏམ་ལ་ཚད་བཟུང་མེད་པས་དཔྱད་ཀྱིས་ག་ལ་ལང་། གེ་སར་འཁྲུངས་རྗེས་བུ་ཆུང་དེ་རྒྱ་ཚའི་མདུན་དུ་ཁྱེར་བས། རྒྱ་ཚ་རང་གི་ནུ་བོ་ཞིག་འཁྲུངས་པ་ཤིན་ཏུ་དགའ་ནས། ཨ་རེ་དགའ། ད་ངའི་བསམ་པ་འགྲུབ་སོང་བ་ཡིན་སོགས་གསུངས། ཁྱེའུ་རྒྱ་ཚ་ལ་དགའ་བའི་རྣམ་འགྱུར་གྱིས་ཇོར་སེ་བཞུགས་པས། རྒྱ་ཚས་ནུ་བོའི་མིང་ལ་ཇོ་རུ་ཞེས་ཐོགས་ཤིག་གསུངས་པ་བཞིན་རེ་ཞིག་གི་བར་དུ་ཇོ་རུ་ཞེས་གྲགས་སོ། །
དེ་ནས་ཇོ་རུ་ཅུང་ཟད་ལག་ཆགས་པའི་སྐབས་སུ། གླིང་སྡེའི་དཔོན་ཁྲོ་ཐུང་གིས་ཇོ་རུ་བློ་རིག་ཅན་ཞིག་ཡིན་པ་མཐོང་སྟེ། འདི་ཆེར་སྐྱེས་དུས་དཔོན་ས་འཕྲོག་ཉེན་ཡོད་སྙམ་ནས། འགག་མོ་འདྲེ་རེད་ཟེར་ནས། འགག་མོ་མ་བུ་གཉིས་རྨ་སྨད་གཡུ་ལུང་སུམ་མདོར་རྒྱང་འཕུད་བཏང་། དེ་ནས་ཇོ་རུ་ལག་ཆགས་ཡག་གི་སྐབས་ཤིག་ཏུ། གླིང་གི་རྟ་རྒྱུག་བྱེད་པའི་ཆེད་དུ། ཚོགས་ཆེན་ཞིག་འཚོགས་ཏེ་གླུ་ལེན་གར་རྩེད་སོགས་ཀྱི་སྟོན་ཆེན་ཞིག་བྱས། དེའི་སྐབས་ཇོ་རུ་གླིང་ཡུལ་དུ་སླེབས་ཏེ་གློ་བུར་དུ་ཚོགས་ཆེན་དུ་ཞུགས། ཁྲོ་ཐུང་གཙོར་བྱས། ཁྲོ་ཐུང་གཙོར་བྱས། གླིང་ཆེ་རྒྱུད། འབྲིང་རྒྱུད་གཉིས་མི་དགའ་ཡང་། ཇོ་རུ་ཆུང་རྒྱུད་ཚང་ཡིན་པས། ཆུང་རྒྱུད་ཚང་དགའ་སྤྲོའི་ནམ་མཁའ་ལངས། འབྲུག་མོས་གཉེན་འདེམས་ཀྱི་མདའ་མོ་ནམ་མཁའ་ལ་འཕངས་པ་ཇོ་རུའི་ཐོག་ཏུ་ལྷུང་། ཇོ་རུ་དང་གཉེན་བསྒྲིག་བྱུང་། ཇོ་རུ་རང་ཡུལ་དུ་ཕེབས། དེ་ནས་རྟ་རྒྱུག་བྱེད་རྒྱུ་གྲོས་འཆམ་བྱུང་སྟེ་དུས་བཏབ་ནས། དུས་ཐོག་ཏུ་གླིང་ཆུང་རྒྱུད་ཚང་དང་མང་མང་གི་ཁ་ཐོག་ཏུ་སོང་སྟེ་ཇོ་རུ་ཡང་གདན་དྲངས། མཁར་སྟག་རྩེའི་མདུན་དུ་སྒར་བཏབ། གླིང་གི་དཔའ་རྟུལ་རྣམས་དང་མི་སྡེ་རྣམས་དེར་འདུས་པ་སའི་རྩི་ཤིང་བཞིན་དུ་གྱུར། གླིང་གི་རྒྱལ་སྲིད། ཕ་ཟོག་ཡོད་དགུ། སྐུ་གསུང་ཐུགས་རྟེན་བཅས་པ་རྟ་རྒྱུག་གི་ལྐུག་ལ་བཞག་ནས། ལྷ་བསང་བཅུ་གསུམ་བཏང་སྟེ་རྟ་རྒྱུག་བྱས། ཇོ་རུས་སྔར་ནས་ཁ་ལོ་བཏུལ་ཟིན་པའི་ལྷ་རྟ་རྐྱང་རྒོད་ལ་བཞོན་ནས་གཅིག་བསྐྱུར་གཉིས་བསྐྱུར་གྱིས་སྔོན་ལ་སླེབས་ཏེ་ཁྲི་ཁར་གཟི་བརྗིད་དང་ལྡན་པར་བཞུགས་སོ། །
དེ་ནས་དར་འཕྱར་དུང་འབུད་སོགས་དགའ་སྟོན་རྒྱ་ཆེན་པོ་བྱས་ཤིང་། གླིང་ཆེ་རྒྱུད། འབྲིང་རྒྱུད། ཆུང་རྒྱུད་ཀྱི་དཔའ་རྟུལ་རྣམས་དང་དཔོན་ཐམས་ཅད་འདུས་ནས་བུ་ཇོ་རུ་ལ་མཇལ་དར། རྟ་རྐྱང་རྒོད་ལ་མགྱོགས་དར་ཕུལ། དེ་དུས་ཁྲོ་ཐུང་གིས་རྒྱ་དར་དཀར་བོ་དྲི་མས་མ་གོས་པ་ཞིག་བཞག་ནས། སེམས་ལ་མི་དགའ་ཡང་། ངོ་འཛུམ་མདངས་དགའ་བའི་རྣམ་འགྱུར་གྱིས། ཧེ་ཧེ། ངའི་ཚ་བོ་ལ་དེ་རིང་། གེ༷་འདི་འདྲ་ས༷ར་འདུག་ཟེར། དེ་ནས་ཇོ་རུ་ཁོ་རང་གིས་ང་རང་གི་མིང་རང་གིས་མ་ཐོགས་པར། དེ་རིང་ང་ལ་ཨ་ཁུས་གེ་སར་བཏགས་པ་དེ་རྟེན་འབྲེལ་ལེགས། གེ་སར་སར་སྡང་བའི་དགྲ་ལ་སར། དོན་འགྲུབ་འགྲུབ་ཁྲ་མོ་གླིང་ལ་འགྲུབ། ཅེས་གསུངས་ཤིང་། གེ་སར་ནོར་བུ་དགྲ་འདུལ་ལམ། སྐྱེས་བུ་དོན་འགྲུབ་ཀྱི་མཚན་གསོལ་ནས། ཁྲ་མོ་གླིང་གི་རྗེ་བོར་གྱུར་ཏོ། །
གེ་སར་ཞེས་པའི་མིང་དེ་ལྟར་ཐོགས་པ་རེད། སྤྱིར་སྒྲ་གཅིག་དོན་མང་ལ་འཇུག་པ། གོ་སྒྲ་དོན་དགུ་ལ་འཇུག་པ་ལྟ་བུ་ཡོད། གེ་སར་ཞེས་པའང་དོན་ཁ་ཤས་ལ་འཇུག་པ་ཡོད་མོད། འདིར་གེ་སར་ཞེས་པ་གཞོན་དར་དཔའ་པོ་ལ་འཇུག་སྟེ། ཁྲོ་ཐུང་གིས་ངའི་ཚ་བོ་ལ་གེ་འདི་འདྲ་སར་འདུག ཅེས་པའི་དོན་ནི། ངའི་ཚ་བོ་དེ་རིང་འདི་འདྲའི་གཞོན་ནུ་དར་མ་དཔའ་བོ་ཞིག་ཏུ་གྱུར་འདུག་ཅེས་པའི་དོན་ཡིན་ལ། ཁོང་གིས་ཡང་གེ་སར་སར་སྡང་བའི་དགྲ་ལ་སར། དོན་འགྲུབ་འགྲུབ་ཁྲ་མོ་གླིང་ལ་འགྲུབ། ཅེས་པའང་གཞོན་དཔའ་བོ་སྡང་བའི་དགྲ་ཐོག་ལ་དཔའ། གཞོན་ནུ་དཔའ་བོས། རང་གི་སྡེ་ཆེན་ཁྲ་མོ་གླིང་གི་དོན་འགྲུབ་པར་བྱེད་ཅེས་པ་ཡིན། དེས་ན་འདིར་གེ་སར་གྱི་སྒྲ་དོན་ལེགས་སྦྱར་ཚུན་ཆད་ཁྱེར་ཡོང་ནས་རྙོག་ལྡུར་མི་སྨྲ་བར་ཞུ། དེ་དུས་ཀྱི་ས་ཆ་རྫ་གུ་རའམ། ཀུར་རིའི་རྫ་སྐྱ་མཐོན་པོ་དང་། རྡོ་ཕ་བོང་ཟུར་བཞི་བའི་བཞུགས་ཁྲི་ད་ལྟའང་ཡོངས་སུ་གྲགས་པ་རེད། རྒྱུས་ལེན་སྙམ་ན་སོང་ལ་ལྟོས།
བདུད་བཏུལ་ཞེས་པ་དེ་ནི། སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་གསུངས་པ་ལྟར་རེད། དེ་ནི་ལྷ་སའི་བྱང་ངོས་ཀྱི་གནམ་མཚོ་ཕྱུག་མོའི་ཕྱོགས་སུ་ཡོད་པའི་གྲེ་བ་ནང་ཚན་གྱི་སའི་ཆར་གཏོགས་པ། གུ་རུ་དང་མོན་རུའི་ས་མཚམས་སུ་སྐྱེས་པའི་མི་སྟོབས་རྩལ་ཅན་ཞིག་ཡོད་པ་དེས་རྐུན་ཇག་གི་མགོ་གཙོ་བྱས་ནས། མི་རྣམས་ལ་རྐུ་འཕྲོག་གསོད་བཅོམ་གྱིས་གནོད་འཚེ་མང་བོ་བཏང་བས། དེའི་མིང་ལ་བདུད་ཟེར། དེ་ལྷ་ཟའི་བྱང་ངོས་ཀྱི་འདམ་ཞེས་པའི་ས་ཆར་ཕྱིན་ནས། རི་དྭགས་གསོད་པ་དང་རྐུ་འཕྲོག་སོགས་བྱས་ཏེ་ས་དེར་བསྡད། ཤ་བའི་རྭ་དང་རུས་པས་མཁར་བརྩིགས་ནས་བསྡད་པའི་ས་དེ་ལ། ཤ་རྭ་གནམ་རྫོང་ཟེར། གནའ་དུས་རྐྱ་དབུས་པ་དག་གི་ལམ་ཡིག་ཏུའང་ཡོད། དེ་སྐབས་བོད་ཁ་འཐོར་གྱི་དུས་ཡིན་སྟབས། ཁོས་འཁོར་མང་པོ་བསྡུས་ཏེ་སྡེ་ཆེན་ཞིག་ཆགས། ཁོ་སྡེ་ཆེན་དེའི་རྒྱལ་བོ་བྱས་ནས་གཞན་ལ་དམག་འཇུག་བྱས། སྐབས་ཤིག་ཁོ་མདོ་ཁམས་གླིང་ཡུལ་དུ་སླེབས་ཏེ། གེ་སར་བཙུན་མོ་མེ་བཟའ་འབུམ་སྐྱིད་དང་། ནང་མི་གཉིས་ཕྲོགས་པའི་རྐྱེན་གྱིས་གེ་སར་དཔུང་བཏེགས་ཏེ་གཡུལ་བཀྱེས་པས། བདུད་རྒྱལ་བསད། སྡེ་འབངས་མངའ་འོག་ཏུ་བསྡུས་པའི་ཡུན་ལ་ལོ་གཉིས་དང་ཟླ་བ་གསུམ་འགོར་ཟེར།
དེ་རྗེས་གེ་སར་བདུད་ཡུལ་ནས་རང་ཡུལ་དུ་མ་སླེབས་པའི་སྐབས་ཤིག་ཧོར་གླིང་འཁྲུགས་ཏེ་འབྲུག་མོ་འཕྲོག་པ་སོགས་ཀྱིས་རྐྱེན་བྱས་ཏེ། ཧོར་གླིང་གཡུལ་འགྱེད་ཆེན་པོ་བྱུང་སྟེ། མཐར་གེ་སར་གྱིས་ཧོར་ཡུལ་ཆམ་ལ་ཕབ། ཧོར་ལ་དེའི་སྐབས་གུར་དཀར་དང་། གུར་སེང་། གུར་ནག་གསུམ་ཡོད། ཨ་ཆེན་ལུང་བའི་གངས་ཆགས་དཀར་བོའི་སྨད་དུ་རྫ་ཆེན་པོའི་ཉེ་འདབས་སུ། ཧོར་གུར་དཀར་གྱི་ཡ་ཙེའི་མཁར་ཤུལ་ཡོད་ལ། དེར་དེང་སང་ཡང་ཧོར་རྒྱལ་བོའི་སྡེ་ལྷག་གི་མི་རྒྱུད་ཡོད། འ་སྟོད་ཤུག་ཤའི་ཆུ་ནས་རྒྱའི་ཁུའུ་ཀྲུ་མཁན་གྱི་ཚུ་རོལ་གྱི་བར་དུ། ཧོར་གུར་སེར་གྱི་རྒྱུད་པ་ཤ་ར་ཡུ་གུར་ཟེར་བའི་ཆ་ལུགས་མི་འདྲ་བའི་མི་སྡེ་ཡོད། ཐུ་བཀྭན་ཆོས་ཀྱི་ཉི་མས་མཛད་པའི་དགོན་ལུང་དཀར་ཆག་ལས། མཁན་པོ་སུམ་ཅུ་བ་མཁྱེན་རབ་དབང་ཕྱུག་ངག་དབང་དགེ་ལེགས་རྒྱ་མཚོ་ནི། བདེ་དགུ་ཆེ་བ་དཔལ་ལྡན་རྒྱ་མཚོའི་སྐུ་སྐྱེས་གསུམ་པ་ཡིན་ལ། འཁྲུངས་ཡུལ་ཤ་ར་ཡུ་གུར་དུ་གྲགས་པ། དེ་ནི་གེ་སར་གྱི་ལོ་རྒྱུས་སུ་ཧོར་གུར་སེར་ཞེས་འབྱུང་བ་དེ་ཡིན་ཞིང་། ཞེས་གསུངས་པ་དང་། ཡང་དེ་ལས། རྒྱལ་བོ་སྐུ་ལྔ་བོད་དུ་བྱོན་པའི་ལོ་རྒྱུས་སུ། བྷ་ཏ་ཧོར་གྱི་སྒོམ་གྲྭ་བཅོམ་ཟེར་བའི་ཧོར་གྱི་ཡུལ་ཡང་འདི་ཉིད་ཡིན་ཞེས་མང་པོ་ཞིག་གིས་གླེང་བ་བདེན་པ་འདྲ་སྟེ། སོག་སྐད་ལ་ཤ་ར་ཨུར་གེ་ཞེས་པ་གུར་སེར་བོ་ཟེར་བ་ཡིན་པས། ཨུར་གེ་སྒྲ་ལོག་པས། ཡུ་གུར་ཞེས་བོས་སམ་སྙམ་ཞིང་། བྷ་བ་ཏ་རུ་བ་ཟེར་བའི་ཕ་ཚོ་གཅིག་དང་། སྒོམ་གྲྭའི་ཤུལ་ཡིན་ཟེར་བའི་གྱང་རོ་འགའ་ཞིག་ད་དུང་ཡང་སྟོན་རྒྱུ་འདུག་ལ། རྒྱལ་བོའི་རིགས་ཀྱི་དཀོར་བདག་གདུག་པ་ཅན་མང་ཞིང་། དེ་རྣམས་མཆོད་ལུགས་ཀྱང་རྒྱལ་གསོལ་དང་དབྱིབས་འདྲ་བར་སྣང་ངོ་། ། ཞེས་གསུངས་སོ། ། མཚོ་སྔོན་ཕྱོགས་ཀྱི་ཧོར་སྦྲ་ཁྲ་ཟེར་བའི་སྡེ་ཤོག་དེ་ཡང་གུར་དཀར་གྱི་སྡེ་ལྷག་ཡིན་ལ། དེང་སང་ཅི་ཡིན་མ་ཤེས། བཅིངས་འགྲོལ་སྔོན་དུ་སྡེ་ཚོ་དེ་རྣམས་སུ་མུན་རུབ་ཁར་རྟ་རྐྱང་རྐྱང་བཞོན་མཁན་གྱི་འགྲུལ་བ་སླེབས་ན་ལྟས་ངན་དུ་བརྩི་ཟེར་ཞིང་། རྒྱལ་བོའི་མདུང་ལྷ་ཕབ་པའི་ལུགས་སྲོལ་ཀྱང་ཡོད་ཟེར་རོ། །
འཇང་ཡུལ་ནི། ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་ཡོད། སྔར་སྟོབས་འབྱོར་ཆེ་ཡང་། བོད་ཆོས་རྒྱལ་གྱི་དུས་སུ་བོད་རྒྱལ་གྱིས་དབང་དུ་བསྡུས། བོད་སིལ་བུར་འཐོར་བའི་དུས་སུ། བོད་ལ་རྐུན་ཇག་སོགས་བརྙས་གཙེ་སྣ་ཚོགས་བྱས་པའི་དབང་གིས། འཇང་གླིང་གཡུལ་འགྱེད་བྱུང་། དེའི་སྟབས་ཀྱིས་འཇང་གི་སྟོབས་འབྱོར་ཉམས་ཤིང་། མི་སྡེ་འགའ་ཞིག་བོད་དུ་གྱུར་ན་ཡང་མི་སྡེ་དང་དཔོན་རྒྱུད་ད་དུང་ཡང་ཡོད། འཇང་ས་དམ་རྒྱལ་བོས་བཅོས་བསྒྱུར་གོང་དུ་གསེར་དངུལ་དྲེལ་ཁལ་བརྒྱད་ཁྱེར་ནས་ཕྱི་རྒྱལ་དུ་བྲོས་སོང་ཟེར།
སྟག་གཟིག་ནི་ཕྱི་རྒྱལ་སྐད་ཡིག་གཤིས། འབྲི་ལུགས་སྣ་ཚོགས་ཡོད་དེ། སྟག་གཟིག ཏ་ཟིག ཏ་ཞིག་ཅེས་བྲིས་པ་ཡོད། ཕྱིས་སུ་བོད་ཀྱིས་གར་ལོག་ཟེར་བ་ཡང་དེ་ཡིན་ཞེས་ལོ་རྒྱུས་འགའ་ཞིག་ན་སྣང་། ཏཱ་ར་ནཱ་ཐའི་སློབ་དཔོན་པད་མའི་རྣམ་ཐར་དུ། ཏུ་རུ་ཀྵ་དང་སྟག་གཟིག་གཉིས་གཅིག་པ་ཡིན་གསུངས། དེང་དུས་ཐུར་ཆི་ཟེར་བ་དེ་ཡིན་ཚོད་རེད། བོད་ཀྱི་སྟག་གཟིག་ཟེར་བ་ནི་ཡས་ལང་དང་། ཐུར་ཆི། ཆོས་ལུགས་ཧོས་ཧོས་དང་འདྲ་བ་དེ་དག་ཡིན་ཞིང་། གནའ་དུས་རྒྱལ་ཁབ་ཕྱུག་པོ་སྟོབས་དང་ལྡན་པ་ཡིན་གཤིས། སྟག་གཟིག་ནོར་གྱི་རྒྱལ་བོ་ཟེར། གེ་སར་སྒྲུང་དུའང་སྟག་གཟིག་ནོར་རྫོང་བཅོམ། ཞེས་པའི་ནོར་རྫོང་ནི་གྲོང་ཁྱེར་དང་ཕོ་བྲང་ཕྱུག་པོའི་བརྡ་ཆད་རེད། བོད་ཆོས་རྒྱལ་གྱི་དུས་སུ་བོད་ལ་བཙན་འཛུལ་དུ་མ་བྱས་ཀྱང་། མཐར་གཡུལ་ཕམ་ཏེ་བོད་རྒྱལ་ལ་དཔྱ་ཁྲལ་འབུལ་དགོས་བྱུང་། བོད་ཁ་འཐོར་གྱི་དུས་སུ། བོད་ཀྱི་སྲིད་ཉམས་ཤིང་མགོ་འཐོར་དུ་སོང་བ་ཤེས་ནས། བོད་ལ་རྐུན་ཇག་སོགས་གནོད་པ་བྱས་ན་ཡང་། དེའི་སྐབས་དབུས་གཙང་དུ་སྡེ་དཔོན་སྟོབས་ལྡན་དམག་ཤུགས་ཅན་མེད་གཤིས། དབུས་གཙང་གི་ཆེ་གཙོ་འགས་མདོ་ཁམས་ཀྱི་དཔའ་བོ་སྟོབས་ལྡན་དམག་ཤེད་ཅན་གླིང་གེ་སར་རྒྱལ་བོ་སྐུལ་སློང་བྱས་པ་སོགས་ཀྱི་རྐྱེན་གྱིས། སྟག་གླིང་གཡུལ་འགྱེད་བྱུང་སྟེ། སྟག་གཟིག་ནོར་རྫོང་བཅོམ་སྟེ་རྒྱལ་ཁ་བླངས། དེ་དུས་བོད་ལ་གནོད་པ་བྱེད་པའི་རྒྱ་ནག་གི་གྲོང་དང་གྲོང་རྡལ་འགའ་ཞིག་བཅོམ་པའི་མཁར་ཤུལ་རྔ་བ། ཟངས་དཀར། མཛོད་དགེ་དང་། ཀན་ལྷོ་ཕྱོགས་སུའང་ཡོད། དེ་དག་ལ་སོགས་པ་གཡུལ་ཆེན་བཅོ་བརྒྱད་སོགས་བགྱིས་པ་དང་། རྨ་སྟོད་སྨད་བར་གསུམ་སོགས་མདོ་ཁམས་ཡོངས་ལ་དབང་བསྒྱུར་ཅིང་། བོད་ཡུལ་ཕལ་མོ་ཆེ་ལ་ལུང་འབེབས་པ་བྱུང་ངོ་། ། གླིང་གེ་སར་འདས་རྗེས་རིམ་གྱིས་མངའ་ཐང་ཉམས་པར་གྱུར་ནའང་གདུང་རྒྱུད་དང་མི་སྡེའི་ལྷག་དུ་མ་ཡོད། སྡེ་དགེ་ཕྱོགས་ཀྱི་སྡེ་དཔོན་གླིང་ཚང་རྒྱལ་བོ་ནི་གླིང་སེང་ཆེན་གྱི་རྒྱལ་རྒྱུད་རེད། གླིང་འགུ་ཟིའི་རྒྱལ་བོ་ཟེར་ལ། སྲས་དགྲ་བླ་རྩེ་རྒྱལ་ནས་བརྩིས་པའི་གདུང་རབས་ཞེ་དགུ་སོང་། ཞེས་སྔོན་གྱི་གླིང་ཚང་རྒྱལ་བོའི་རྒྱལ་རབས་ལོ་རྒྱུས་སུ་ཡོད་འདུག གླིང་ཚང་རྒྱལ་བོ་ནི་དེང་སང་རྒྱ་གར་ན་བསྡད་ཡོད། གླིང་ཚང་རྒྱལ་བོའི་རྒྱལ་ས་དེ་ན་སྔོན་གྱི་གླིང་གེ་སར་གྱི་སྦྲ་ཤུལ་ཡོད་པ་དང་། གེ་སར་སོགས་ཀྱི་གོ་མཚོན་དང་། བ་སོའི་ཕྱག་ཐམ་སོགས་ཡོད། སྡེ་དགེའི་ལྕང་ར་ན་ཁྲོ་ཆུའི་དངུལ་རྫོང་གི་ཤུལ་ཡོད་འདུག་ལ། མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ཀྱི་བར་དུ་འབྲུག་མོའི་གསེས་མཁར་དང་། འབྲུག་མོའི་ཆུ་འཁུར་སའི་རྡོ། སྐྱ་ལོའི་གཡག་རྔའི་ལབ་རྩེ། ཕོ་བྲང་སྟག་རྩེའི་མཁར་ཤུལ་ཡོད། འདན་ཁོག་གི་ས་སྐྱིད་སོས་གཡག་གི་མདོ་ན། གེ་སར་གྱི་ལྷ་ཁང་ཡོད་ཀྱང་། གོད་ཆག་སྐབས་གཏོར་བརླག་བྱས་ཡོད་པ་གཞིར་བཞག་ཡིན་ཀྱང་གྱང་རོ་རེ་ལྷག་ཡོད་ལས་ཆེ། དེ་ན་གེ་སར་གྱི་རེད་ཟེར་བའི་ཁྲབ་རྨོག་གོ་མཚོན་སྒ་སྲབ་སོགས་སྔར་ཡོད། ད་སྐབས་ཅི་ཡིན་མ་ཤེས། མགོ་ལོག་གི་གླིང་བླ་མ
འཕྲིན་སྟེགས། weikangba