ཐང་རབས་རྫོགས་པ་དང་བོད་ཀྱི་ཁྲི་རལ་གཤེགས་པ་རག་རྩིས་སུ་བྱས་ན་ཕལ་ཆེར་མཚུངས་འདྲ་ཞིང་། དེ་མཇུག་སྲིད་རབས་འཐོར་བུ་ཁ་ཤས་ལོ་གྲངས་ལྔ་བཅུ་ཙམ་སོང་མཐར་དཔུང<སུང>ཞེས་པར་འཕོས་ཤིང་། བྱང་ཕྱོགས་སུ་ཁི་དན་ཧོར་གྱི་རྒྱལ་པོ་བྱུང་ཞིང་རྒྱའི་བྱང་མཐའི་ཅིའུ་མཁར་བཅུ་དྲུག་ལ་དབང་ཞིང་ཧོར་མ་གཏོགས་པ་རྒྱལ་ཁབ་ཆེན་པོ་ནི་དཔུང<སུང>གིས་བདག་བྱས་སོ། །འདིས་རབས་བཞི་པའི་དུས་ནུབ་ཕྱོགས་ཀྱི་ཁམས་རྒྱལ་ལོ་ཡན་ཧའུ་ངོ་ལོག་ནས་རང་ཚུགས་ཐུབ་པ་བྱས་པར་བཤད་ཅིང་། མགོན་པོ་སྐྱབས་ཀྱི་ཆོས་འབྱུང་དུ་འདི་འཇང་ཡུལ་དང་ས་དམ་དུ་ངོས་བཟུང་ཡང་ནོར་འཕྲང<འཁྲུལ>བྱུང་བ་ཨེ་ཡིན་བརྟག་སྟེ། བོད་ཀྱི་ཡིག་རྙིང་ཆོས་འབྱུང་རྣམས་སུ་མེ་ཉག་རྒྱལ་པོར་བཤད་པ་དེ་ཡིན་ནམ་སྙམ་ཞིང་། ཡིག་རྙིང་རྣམས་སུ་མེ་ཉག་གོང་མའི་རབས་སུབ་ཤད་ཀྱང་དཔུང<སུང>ལ་མེ་ཉག་རྒྱལ་པོ་ཟེར་དོན་མེད་འདྲ་ཞིང་ཡུལ་ཡང་འཇང་ཡུལ་ལ་ཡིན་པར། སྔོན་གྱི་མེ་ཉག་ཟེར་བ་དེང་སང་ཨ་མདོ་དང་ཉེ་བའི་ལེན་ཇུས་ཞིང་ཆེན་དུ་གཏོགས་པའི་སྡེ་ཚན་ཨི<ཨེ>ཡིན་སྙམ་ཞིང་། འཇང་ས་དམ་ནི་དྭ<ཏཱ>མིང་སྐབས་དར་རྒྱས་དང་། མན་ཇུ་ཤུན་ཊའི<ཀྲིའི>དུས་སུ་རྒྱལ་མཇུག་ཕྲན་བུ་ཡོད་པར་གསལ་ལ། མེ་ཉག་ཞེས་པ་ནི་ཧོར་གྱིས་བཅོམས་ནས་སྔ་རབས་ནས་སྟོང་བས་དཔྱད་དགོས་ཤིང་། ཡང་དཔུང<སུང>དང་མེ་ཉག་གཅིག་འཇང་དང་ས་དམ་སོགས་ཡིན་དུ་རུང་ངོ་། །
(བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུནཁ་ང་གིས་པར་དུ་བསྐྲུན་པའི༼བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ༽ལས་རྒྱལ་རབས་ཆོས་འབྱུང་ཤེལ་དཀར་མེ་ལོང་མཁས་པའི་མགུལ་རྒྱན་ཟེར་བའི་ཤོག་ངོས༢༠༣ནས་བཤུས། །)
རྩོམ་པ་པོ། རག་ར་ངག་དབང་བསྟན་པའི་རྒྱལ་མཚན།
འཕྲིན་སྟེགས། weikangba