གླིང་གེ་སར་གྱིས་ཡུལ་མཛོད་དགེ་བཟུང་པའི་སྐོར།

2014-12-29
354

   རྨ་ཆུ་ཤར་ནས་ནུབ་ཏུ་འཁྱོག་པ་རྨ་རྨེ་འདྲེས་མཚམས་སུ་ཚ་གན་པེ་ཤིང་དགའ་ལྡན་རབ་རྒྱས་གླིང་ཇི་ལྟར་བྱུང་ཚུལ་ནི། པཎ་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་རྒྱ་ཕེབས་ཀྱི་དུས་སྐྱབས་མགོན་མཆོག་ལ། སྔོན་གླིང་རྗེ་གེ་སར་གྱིས་བཟུང་བའི་ཡུལ་མཛོད་དགེ་ཕྱོགས་དེ་མི་རབས་དུ་མར་འདུག་ཀྱང་། ད་ཕན་ཆད་གང་འདྲ་ཡོང་མི་ཤེས་དེའི་ས་གནད་ཟིན་ས་ཞིག་ཏུ་དགོན་པ་ཞིག་བྱུང་ན་ཕན་ཐོགས་ཡོད་པ་འདྲ་སྟེ་ཁྱེད་ཀྱིས་དགོན་པ་ཞིག་ཐོབ་ཅེས་བཀའ་གནང་ཐུགས་ལ་བཏགས། ཕྱོགས་མང་བོར་བརྟག་ཞུས་ཕུལ་བའི་ནང་ནས་དགོན་ས་འདི་ལེགས་ཚུལ་བྱུང་བ་བཞིན་དགོན་པ་འདེབས་རྩིས་མཛད་ཀྱང་མཛོད་དགེ་དཔལ་དགོན་སོགས་ཀྱིས་ས་མ་ཕུལ། འདིར་དགོན་ཐེབས་ན་ཁྱེད་ཚོ་ལ་བཟང་ཡང་ངས་གང་ལྟར་དགོན་པ་ཞིག་འདེབས་གསུང་བྲག་ལུང་གོང་མར་གནས་གཟིགས་ཀྱིས་ས་བརྟག་བསླང་དང་བཀྲ་ཤིས་གསོ་སྦྱོང་མཛད། ཧོར་ཚང་གསེར་ཁྲི་རིན་པོ་ཆེར་བཀའ་གནང་བཞིན་ལྕགས་བྱི་ལོར་འདུ་ཁང་བཞེངས། བེ་སི་ནས་རྡོ་རམས་པ་བློ་བཟང་དཀའ་བཅུ་དཔལ་ལྡན་རྒྱ་མཚོ་སོགས་གྲྭ་བ་ཁ་ཤས་བསྡུས། རྡོ་རམས་པ་ཁོང་དགེ་བསྐོས་དང་། རྐང་ཚའི་བསོད་ནམས་རྒྱ་མཚོ་དབུ་མཛད་བྱས་ཏེ་གྲྭ་ཚང་བཙུགས། རྡོ་རམས་པ་ཚང་དང་ཚར་ཚའི་དགེ་ལེགས་རྒྱ་མཚོ་གཉིས་ཀྱིས་ཚོགས་གླེང་བྱས་ཏེ་རྟེན་འབྲེལ་བསྒྲིགས། སྐྱབས་མགོན་རྡོ་རྗེ་འཆང་ཡང་ལག་སྔ་ཕྱིར་ཕེབས། རྗེས་མའི་སྐབས་དྲིལ་བུ་ལུགས་ཀྱི་བདེ་མཆོག་གི་དབང་གནང་སྟེ་དགོས་པ་ཅན་གྱི་གསུང་གནང་ཚུལ་རྣམ་ཐར་ལས་འབྱུང་། མེ་ལུག་ལོར་བཅའ་ཡིག་ཀྱང་བཞག ཁྲི་ཆེན་ཉིད་ཚོགས་ཆེན་ཁྲིར་ཕེབས། ས་བྱའི་བར་ལོ་དགུའི་རིང་ཕལ་ཆེར་འདིར་བཞུགས། པཎ་ཆེ་ཆོས་རྒྱན་གྱི་གསུང་འབུམ་ལུང་སོགས་བཀའ་ཆོས་མང་དུ་གནང་། དགེ་ཚུལ་སློང་ཁ་ཤས་བསྒྲུབས། ཐུགས་དམ་ལ་རྩེ་གཅིག་ཏུ་གཞོལ་བའི་ཐུགས་གསེང་དུ་གསུང་མགུར་བསྩལ་བ་གདན་རབས་སུ་གསལ་ལ་གནས་ཀྱི་ཆེ་བར་སྣང་། དེ་རྗེས་ཁྲི་ཆེན་ཟམ་ཚ་སྤྲུལ་བའི་སྐུ་གདན་ས་པར་བསྐོས། མཛོད་དགེ་དཔལ་མགོན་གྱིས་རྟ་བ་ཉིས་བརྒྱ་ཙམ་ཁྲིད་དེ་ལ་མོ་ལ་ཞབས་དྲུང་དཀར་པོའི་ཇ་ཐབ་སྟེང་ནས་པཎ་ཆེན་རིན་པོ་ཆེར་རྟ་དངུལ་གྱི་འབུལ་བ་སྤམ་མཐོ་བ་བཏེགས། ཁོ་རང་འཆི་ཁར་སྐུ་ཞབས་སྒོ་མང་ཚང་ལ་དགོན་པ་འདེབས་མ་བཅུག་པ་ལ་སེམས་འགྱོད་ཆེ། ད་དགོན་པ་གང་ལ་འདེབས་ན་འདེབས་ཆུག་ཅེས་ཁ་ཆེམས་བཞག་པ་བཞིན་བསོད་རྡོར་དང་ཡུམ་སྐྱབས་བླ་མ་སོགས་ཀྱིས་ཁུར་བླངས། སྐྱབས་མགོན་མཆོག་ནས་ཁྲི་ཆེན་ཟམ་ཚ་སྤྲུལ་བའི་སྐུ་ལ་རྨ་རྨེ་འདྲེས་མདོ་འདིར་ལྷ་མངོན་སུ་དུ་གནས་པ་ལྟ་བུས་ས་ཤིན་ཏུ་རྩུབ་པའི་སྟབས་ཀྱིས་འདི་ཕྱོགས་སུ་ས་གནོན་གྱི་དགོན་པ་ཞིག་འདེབས་རྒྱུའི་ཐུགས་དགོངས་ཀུན་མཁྱེན་གོང་མ་ལ་ཡང་ཡོད་པ་རེད། དེ་བཞིན་དུ་པཎ་ཆེན་ཆམས་ཅད་མཁྱེན་པའི་བཀའ་གནང་ཡང་ཡོད་མོད་བསམ་ཐོག་ཏུ་མ་ཁེལ་བར་བརྟེན་བྲག་ལུང་དུ་གཞི་འཛིན་ཙམ་བྱས་པ་ཡིན། ད་དགོན་པ་སྤོ་དགོས་གསུང་རྗེ་ཉིད་དགུང་ལོ་རེ་གསུམ་པ་ལྕགས་ཁྱི་ལོར་རྣམ་གཉིས་ཚ་གན་པེ་ཤིང་དུ་མཚན་མོར་ཕེབས། གནས་གཟིགས་མཛད་དེ་ལྟོ་འཕྱེ་བརྟགས་པ་དང་ཤིས་བརྗོད་གནང་། འདུ་ཁང་། གཟིམ་ཁང་། གྲྭ་ཁང་བཅས་ལ་བཀོད་ཁྱབ་པར་བསྩལ། ཁྲི་ཆེན་ཉིད་ནས་ཁུར་བཞེས་ཀྱིས་ཆོས་སྡེ་གསར་བསྐྲུན་མཛད་དེ་ས་རྟའི་བར་བསྐྱངས།  

              ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའིམདོ་སྨད་ཆོས་འབྱུངགི་ཤོག་ངོས༢༤༥-༢༤༦ནས་བཤུས། ། 

                         རྩོམ་པ་པོ།   བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས། 

  • 顶