[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་བོད་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ལེགས་སྒྲིག་གི་སྐོར་བརྗོད་ཡོད་ལ། དེ་ཡང་གཙོ་བོ་རྒྱལ་ཁབ་ཕྱི་ནང་གི་དུས་རབས་ཉེར་གཅིག་པའི་ཡིག་ཚགས་ལེགས་སྒྲིག་བྱ་བའི་འཕེལ་ཕྱོགས་དང་བསྟུན་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱང་ཕྱོགས་ཡོངས་ནས་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་ (现代数字化整理) བྱེད་བཞིན་པའི་གནས་ཚུལ་དངོས་དམིགས་སུ་བཟུང་སྟེ་བྱ་གཞག་གང་དེ་ཇི་ལྟར་འགོ་བརྩམས་པ་དང་། དེའི་བརྒྱུད་རིམ། དཀའ་ཁག དམིགས་ཡུལ། གྲུབ་འབྲས་སོགས་མཚམས་སྦྱོར་རང་བཞིན་གྱིས་ཅུང་རྒྱས་སྤྲོས་བྱས་ཡོད།
[བརྡ་ཆད་གཙོ་བོ།] བོད་ཀྱི་ལོ་རྒྱུས་ཡིག་ཚགས། གྲངས་འཛིན་ཅན། ལེགས་སྒྲིག
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281
[ཡིག་ཚང་མཚན་བྱང་།] A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2017-03-0062-14
སྤྱིར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནི་བོད་ཀྱི་རིག་གནས་ལོ་རྒྱུས་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེས་རང་མི་རིགས་ཀྱི་འདས་ཟིན་པའི་སྲིད་འབྱོར་རིག་གསུམ་གྱི་ལོ་རྒྱུས་ལ་རྒྱུས་ལོན་དང་ཞིབ་འཇུག་བྱ་བར་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་བཏོན་དང་འདོན་བཞིན་ཡོད་པ་རེད། དེས་ན་ཅི་འདྲ་ཞིག་ལ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཟེར་བ་དང་། དེའི་སྤྱིར་བཏང་གི་རིགས་དབྱེ་དང་རིན་ཐང་སོགས་དེ་སྔ་ཕྲན་གྱིས་འབྲི་ཁུལ་བྱས་པའི་དཔྱད་རྩོམ་ ① ཞིག་ལས་བརྗོད་ཟིན་པས་འདིར་ཕོ་ངན་ཚིག་ལ་བསྐྱར་བཟློས་ཀྱི་ལས་མི་སྐྱོང་ལ། ད་རེས་ཆེད་དུ་གླེང་འདོད་པ་ནི་བོད་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ལེགས་སྒྲིག་བྱེད་སྟངས་ཀྱི་སྐོར་ཡིན་ཏེ། དེའང་གཙོ་བོ་ད་ལྟའི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་དགོས་དབང་ངམ་ཡང་ན་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཡིག་ཚགས་རིག་པའི་ལེགས་སྒྲིག་གི་ཁ་ཕྱོགས་དང་བསྟུན་ཏེ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱང་དེང་རབས་གྲངས་འཛིན་ཅན་དུ་ཇི་ལྟར་ལེགས་སྒྲིག་བྱེད་བཞིན་པའི་གནས་བབ་སྐོར་དམིགས་སུ་བཟུང་སྟེ་བརྗོད་པ་ལ།
དང་པོ། དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པའི་ཐོག་མའི་ཀུན་སློང་དང་དཀའ་ཁག་གི་སྐོར།
བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་བྱ་གཞག་འདིར་མཚོན་ན་ང་ཚོ་ལས་ཁུངས་ཡོངས་ཀྱི་བྱ་བའི་དཀྱིལ་སྙིང་ལྟ་བུར་ཆགས་ཡོད་པའི་ལས་འགན་གལ་ཆེན་ཞིག་ཡིན་ལ། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་ནས་བཟུང་སྟེ་ངེད་ལས་ཁུངས་སུ་སྐུ་བཞུགས་གནང་མྱོང་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཐད་ཀྱི་ཆེད་མཁས་པ་དང་རྒན་རབས་པ་དག་གིས་ཡིག་ཚགས་ལེགས་སྒྲིག་གི་འགན་འཁྲི་ལྕི་མོ་དེ་དང་དུ་བླངས་ཏེ་ད་ལྟའི་བར་དུ་ལོ་ངོ་ལྔ་བཅུ་ལྷག་འགྱངས་ཟིན་ཅིང་། ཁོང་ཚོས་ཡིག་ཚགས་ཁང་འདིའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་བསྡུ་རུབ་དང་། གསོག་ཉར། ལེགས་སྒྲིགམཁོ་འདོན། དྲིལ་བསྒྲགས། ཞིབ་འཇུག་སོགས་ཀྱི་བྱ་གཞག་རབས་དང་རིམ་པ་སྤེལ་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཞེས་གཞན་ལ་ངོམ་དུ་རུང་བའི་རིག་མཛོད་ཆེན་པོ་ཞིག་ང་ཚོ་རྗེས་རབས་པ་རྣམས་ཀྱི་མིག་མདུན་དུ་བསྟར་ཡོད་པ་རེད།ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ཐད་ནས་ཕྱག་ལས་མི་ཉུང་བ་གནང་ཡོད་པ་སྟེ། གཅིག་ནས་དམངས་གཙོ་བཅོས་བསྒྱུར་གྱི་གནས་བབ་དང་བསྟུན་ཏེ་སྐབས་དེར་བོར་བརླག་ཏུ་འགྲོ་ཉེན་ཆེ་བའི་དེ་སྔའི་ས་གནས་སྲིད་གཞུང་སྟེ་བཀའ་ཤག་ལས་ཁུངས་གཙོ་བྱས་པའི་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་དང་། དགོན་སྡེ། ཡབ་གཞིས། སྐུ་དྲག་སོགས་ཀྱི་ཡིག་ཚགས་མང་པོ་ཞིག་ཕྱོགས་གཅིག་ཏུ་བསྡུ་རུབ་བྱས་ཏེ་ངེད་ཡིག་ཚགས་ཁང་དུ་ཉར་ཚགས་དང་དོ་དམ་ལེགས་པོ་བྱས་པས་ད་ལྟ་ང་ཚོས་དངོས་སུ་མཐོང་སྣང་དུ་གྱུར་ཐུབ་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་འདི་བྱུང་བ་དང་། གཉིས་ནས་གཞི་རྒྱ་ཆེ་བའི་ཡིག་ཚགས་འདིར་རྩིས་བཤེར་ཐེངས་གཅིག་བྱས་ཏེ་ངེད་ཡིག་ཚགས་ཁང་འདིར་ཡིག་ཚགས་གྲངས་འབོར་ཁྲི་སུམ་བརྒྱ་ལྷག་ཉར་ཚགས་བྱས་ཡོད་པ་གཏན་འཁེལ་དང་ཁྱབ་བསྒྲགས་བྱས་པ། གསུམ་ནས་ཉར་ཚགས་བྱས་ཡོད་པའི་ཡིག་ཚགས་འདི་དག་ལ་ཆེས་ཐོག་མའི་རིགས་སམ་སྡེ་ཁག་( 全宗 )གི་རབ་དབྱེ་བྱས་པ་སྟེ། ཡིག་རིགས་ཡིག་ཚགས་དང་། པར་རིས་ཡིག་ཚགས། དངོས་རིགས་ཡིག་ཚགས། ཤིང་བརྐོས་ཡིག་ཚགས་སོགས་ཡིག་ཚགས་སྤྱིའི་རིགས་དབྱེ་བྱས་པ་དང་སྦྲགས། བྱེ་བྲག་ཡིག་རིགས་ཡིག་ཚགས་ལའང་དམངས་གཙོ་བཅོས་བསྒྱུར་སྔོན་གྱི་ས་གནས་སྲིད་གཞུང་གི་ལས་ཁུངས་ཆེ་འབྲིང་ཆུང་གསུམ་དང་། དགོན་སྡེ། ཡབ་གཞིས། སྐུ་དྲག ཚོང་པ་སོགས་སྡེ་ཚན་དང་ནང་དོན་མི་འདྲ་བ་གཞིར་བཟུང་སྟེ་ཅུང་ཞིབ་ཚགས་ལྡན་པའི་སྒོ་ནས་ནང་གསེས་ཀྱི་སྡེ་ཁག་( 全宗 )མི་འདྲ་བ་ཆེ་ཆུང་བརྒྱ་དང་ལྔ་བཅུ་ང་དྲུག་ཏུ་རིགས་དབྱེ་བྱས་པ།བཞི་ནས་ཡིག་རིགས་ཡིག་ཚགས་ཀྱི་སྡེ་ཁག་དེ་དག་ལས་སྡེ་ཁག་ཉི་ཤུ་རྩ་བདུན་གྱི་ཡིག་ཚགས་ལ་རེ་རེ་བཞིན་ཅུང་ཞིབ་ཚགས་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་ཏེ་དཀར་ཆག་བཀོད་ཡོད་ལ། དེས་དུས་རབས་ཉི་ཤུའི་དུས་སྨད་ནས་ད་ལྟའི་བར་དུ་རྒྱ་ཆེ་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལྟ་ཀློག་མཁན་རྣམས་ལ་རྒྱུ་ཆ་འཚོལ་ཀློག་ཐད་སྟབས་བདེ་མི་དམན་པ་བསྐྲུན་ཡོད་པ་རེད། ལྔ་ནས་ཡིག་ཚགས་དེ་ལས་ཅུང་གལ་ཆེ་བའམ་རིན་ཐང་ལྡན་པ་སྐོར་ཞིག་བདམས་བསྒྲིགས་བྱས་ཏེ་《བོད་ཀྱི་ལོ་རྒྱུས་ཡིག་ཚགས་གཅེས་བཏུས་》དང་། 《ལྕགས་སྟག་ཞིབ་གཞུང》 《རང་བྱུང་གནོད་འཚེ་དང་འབྲེལ་ཡོད་ཀྱི་ཡིག་ཚགས་ཕྱོགས་བསྒྲིགས་》སོགས་འབྲེལ་ཡོད་ཡིག་ཚགས་ཐད་ཀྱི་དཔེ་དེབ་བཅུ་ཕྲག་འགའ་པར་བསྐྲུན་བྱས་ཡོད་པ་སོགས་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་ནི་མིག་མཐོང་ལག་ཟིན་རེད། ཡིན་ཡང་ད་ལྟའི་སྤྱི་ཚོགས་གསར་བའི་དཔལ་འབྱོར་དང་རིག་གནས་ཀྱི་འཕེལ་འགྲོས་མྱུར་མོ་དང་བསྟུན་ཏེ་ཡིག་ཚགས་ལེགས་སྒྲིག་གི་ལས་གཞིའི་ཐད་ལ་གནད་དོན་གསར་བའམ་ཁ་ཚ་དགོས་གཏུག་གི་དོན་དག་ཀྱང་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་སྟེ། ད་ལྟའི་དུས་རབས་འདིར་ཚན་རྩལ་དང་ཆ་འཕྲིན་ལག་རྩལ་གྱི་རིག་གནས་ཡར་ངོས་ཟླ་ལྟར་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། ཡིག་ཚགས་ལེགས་སྒྲིག་གི་བསམ་བློའི་མཛུབ་སྟོན་དང་བྱེད་ཕྱོགས་ལའང་འགྱུར་ལྡོག་བྱུང་དང་འབྱུང་བཞིན་འདུག་ལ། གནས་བབ་འདི་དང་བསྟུན་ཏེ་སྔོན་ཐོན་ཚན་རྩལ་ལག་རྩལ་དང་འབྲེལ་ཏེ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱེད་སྟངས་ལའང་དུས་རབས་དང་མཐུན་པའི་ཐོད་བརྒལ་རང་བཞིན་གྱི་དཀྱོག་མཚམས་ཤིག་ངེས་པར་དུ་བརྒྱུད་དགོས་པ་བྱུང་བ་རེད། ཡང་གཅིག་བཤད་ན་དེ་སྔོན་གྱི་སྲོལ་རྒྱུན་གྱི་ལེགས་སྒྲིག་དང་མཁོ་འདོན་བྱེད་སྟངས་ཏེ། ཤོག་ངོས་ནས་དཀར་ཆག་བསྒྲིགས་པ་ཙམ་དང་།ཡིག་ཚགས་གང་དེ་ལྟེབ་ཆགས་བྱས་ཏེ་ཚིགས་ལྔའི་ལྕགས་སྒམ་ (五节柜) རེ་རེར་ཤོང་ཚད་ཀྱིས་བདག་ཉར་བྱེད་སྟངས།②ཤོག་ངོས་ཀྱི་དཀར་ཆག་ལ་གཞི་བཅོལ་ཏེ་ཡིག་ཚགས་འཚོལ་ཀློག་བྱེད་སྟངས་སོགས་ནི་དུས་རབས་ཉེར་གཅིག་གི་ཡིག་ཚགས་རིག་པའི་བདག་ཉར་དོ་དམ་གྱི་ཆོས་ཉིད་དང་མི་མཐུན་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཡིག་ཚགས་འདི་ཉིད་དུས་ཡུན་རིང་པོར་རྒྱུན་འཛིན་དང་མཁོ་འདོན་བྱ་བའི་དགོས་མཁོའང་བསྐང་ཐུབ་ཀྱིན་མེད་པར་འདོད་པས།ང་ཚོས་ངེས་པར་དུ་ཡིག་ཚགས་ལེགས་སྒྲིག་གི་ཐབས་ལམ་ལ་གཞི་རྒྱ་ཆེ་བའི་སྒོ་ནས་བཅོས་བསྒྱུར་དང་གསར་གཏོད་བྱེད་དགོས་པ་བྱུང་བ་རེད། ③ དེ་ལྟར་ཐོད་བརྒལ་རང་བཞིན་གྱིས་བཅོས་བསྒྱུར་ཆེན་པོ་ཞིག་བྱེད་པ་ལ་དཀའ་ཁག་དང་འགལ་འདུ་མང་པོ་ཞིག་འབྱུང་སྲིད་པ་ནི་ཆོས་ཉིད་རང་བཞིན་དུ་གྲུབ་པ་སྟེ། གཅིག་ནས་ངེད་ཡིག་ཚགས་ཁང་གི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཐད་ཀྱི་ཆེད་ལས་མི་སྣའམ་ཡིག་ཚགས་ལས་གཉེར་བ་དག་ལ་རང་རང་གི་ལྟ་ཚུལ་སྣ་ཚོགས་བྱུང་བ་སྟེ། ལ་ལས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནི་གནའ་ནས་ད་ལྟའི་བར་དུ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཉར་ཚགས་དང་། ལེགས་སྒྲིག བེད་སྤྱོད་བྱེད་སྟངས་ཤིག་ཆགས་ཡོད་པས་ང་ཚོས་འདིར་རྒྱུན་འཛིན་དང་དར་སྤེལ་བྱེད་པ་ལས་གཏོར་བརླག་གཏན་ནས་གཏོང་མི་རུང་བར་འདོད་པ་དང་། ལ་ལས་དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་བྱེད་སྟངས་དེ་ཐད་ཀར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ཐད་དུ་བེད་སྤྱོད་བཏང་ན་བཟང་ཆ་ལས་སྐྱོན་ཆ་མང་ཚུལ་ལབ་པ། ལ་ལས་ངེས་པར་དུ་དེང་རབས་ཡིག་ཚགས་རིག་པའི་གཞུང་ལུགས་དང་གྲངས་འཛིན་ཅན་གྱི་ལེགས་སྒྲིག་བྱེད་ཐབས་གཉིས་ཟུང་འབྲེལ་བྱས་ཏེ་རིན་ཐང་གཞལ་དུ་མེད་པའི་ཡིག་ཚགས་འདི་ཉིད་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་རྒྱུ་ནི་དུས་རབས་འདིའི་ཁ་ཚ་དགོས་གཏུག་གི་འོས་འགན་ཞིག་ཡིན་པར་འདོད་པ་སོགས་ལྟ་ཚུལ་མང་པོ་བྱུང་བ། གཉིས་ནས་ཆ་འཕྲིན་ལག་རྩལ་ལམ་དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་ཐད་ཀྱི་ཆེད་ལས་མི་སྣ་དང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ལས་ཀར་དགའ་ཞིང་བོད་ཀྱི་རིག་གནས་ལོ་རྒྱུས་དང་ཡིག་རྙིང་སོགས་ལ་བྱང་ཆ་ལྡན་པའི་ཆེད་གཉེར་མི་སྣ་ལྟོས་བཅོས་ཀྱིས་ཉུང་བ།གསུམ་ནས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ཚད་གཞི་སྣ་ཚོགས་བསྐྱར་པར་རྒྱག་ཐུབ་པའི་ཆེད་དམིགས་སྒྲིག་ཆས་དང་། གྲངས་མཛོད་འཛུགས་སྐྲུན། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཁ་ཚང་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པར་ཚད་གཞི་དང་མཐུན་པའི་གཞུང་སྒྲུབ་ཁང་དང་མཛོད་ཁང་སོགས་ཀྱི་མཐུན་རྐྱེན་ཅུང་ཞན་པ་སོགས་བཀག་རྐྱེན་སྣ་ཚོགས་ཀྱིས་སྐབས་དེའི་ལས་གཞི་མགོ་རྩོམ་པ་ལ་དཀའ་ཁག་མི་ཉུང་བ་ཞིག་བྱུང་། ལྷག་པར་དུ་སྐབས་དེའི་ཡིག་ཚགས་ཆེད་མཁས་པའམ་ལས་གཉེར་མཁན་དག་གིས་སྲོལ་རྒྱུན་གྱི་ལེགས་སྒྲིག་བྱེད་སྟངས་དང་དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་བྱེད་སྟངས་ཐད་ལྟ་ཚུལ་སྣ་ཚོགས་བཏོན་པ་ནི་ཁུངས་མེད་ཉོག་གཏམ་ཞིག་གཏན་ནས་མ་ཡིན་པར་རང་རང་ལ་རང་རང་གི་གནས་ལུགས་དང་རྒྱུ་མཚན་ངེས་ཅན་ཞིག་ཡོད་པས་ང་ཚོས་དུས་ཡུན་རིང་པོ་ཞིག་ལ་བརྩད་བསྡུར་དང་གྲོས་མོལ་ཡང་ཡང་བྱེད་དགོས་པ་བྱུང་ཞིང་།མཐར་ངེད་ཡིག་ཚགས་ཁང་གི་འགོ་ཁྲིད་ལྷན་རྒྱས་ཀྱི་ཐུགས་ཁུར་དང་། སྐབས་དེའི་ལོ་རྒྱུས་ཡིག་ཚགས་ཁྲུའུ་ཡི་འགན་འཛིན་པས་ ④ ཡང་དག་པའི་སྣེ་འཁྲིད་དང་ཞིབ་ཚགས་ལྡན་པའི་འཆར་གཞི་འོག་གམ། ཡང་ན་རང་རེའི་ལོ་རྒྱུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཏེ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྤྱིའི་བདེ་འཇགས་དང་མཁོ་འདོན་གྱི་དགོས་དབང་ངམ།དུས་རབས་གསར་བའི་འཛམ་གླིང་སྤྱིའི་ཡིག་ཚགས་རིག་པའི་འཕེལ་ཕྱོགས་སོགས་ལ་གཞི་བཅོལ་ཏེ་ཡིག་ཚགས་འདི་ཉིད་དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་བྱེད་ཐབས་སྤྱད་དེ་ལེགས་སྒྲིག་བྱ་བར་གྲོས་ཐོག་གཅིག་ཏུ་བབས་ཤིང་། གནས་བབ་དེ་དང་བསྟུན་ཏེ་སྤྱི་ལོ་2008ལོ་ནས་བཟུང་ལས་གཞི་ཆེན་པོ་འདི་དངོས་སུ་འགོ་རྩོམ་པའི་སྟ་གོན་ལ་ཞུགས་ཐུབ་པ་བྱུང་བ་རེད།
གཉིས་པ། དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱ་བའི་སྔོན་འགྲོའི་གྲ་སྒྲིག་གི་སྐོར།
སྤྱིར་བྱ་གཞག་ཆེ་ཆུང་གང་ཞིག་ཡིན་རུང་ཆེས་ཐོག་མར་དེ་ཉིད་ཇི་ལྟར་ལེགས་འགྲུབ་བྱ་བ་ལ་སྔོན་འགྲོའི་གྲ་སྒྲིག་ལེགས་པོ་ཞིག་བྱེད་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་སྟེ། འཆར་གཞི་དང་སྟ་གོན་ཅི་ཡང་མེད་པའི་སྒོ་ནས་ལས་དོན་ཞིག་འགོ་རྩོམ་པ་ནི་བྱ་གཞག་གང་དེར་འགན་འཁྲི་མ་འཁུར་བའི་རྟགས་མཚན་ཞིག་ཡིན་པས། ང་ཚོས་ཐོག་མར་སྐབས་དེའི་ངེད་ལོ་རྒྱུས་ཡིག་ཚགས་ཁྲུའུ་ཡི་འགན་འཛིན་པས་ཡང་དག་པའི་འཆར་བཀོད་འོག་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དེ་ཉིད་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པར་རྨང་གཞིའི་གྲ་སྒྲིག་ཕྱོགས་བཞི་ནས་བསྒྲུབས་འགོ་བརྩམས་པ་སྟེ།
གཅིག བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་རྩ་གནད་གཏན་འཁེལ་བྱས་པ། སྤྱིར་བྱ་གཞག་གང་དང་གང་ཞིག་ལ་མཚོན་ནའང་དེ་ཇི་ལྟར་བདེ་བླག་ངང་ལེགས་འགྲུབ་འབྱུང་བ་ལ་ཅུང་ཞིབ་ཚགས་ལྡན་པའི་འཆར་བཀོད་ཅིག་གམ་གཞི་འཛིན་སའི་རྩ་གནད་ཅིག་ངེས་པར་དུ་དགོས་ཏེ། ང་ཚོས་མུན་ནག་ལག་སྙོབ་ཀྱི་དཔེ་ལྟར་གྲ་སྒྲིག་དང་འཆར་གཞི་ཅི་ཡང་མེད་པར་ཧོད་རྒྱུག་བྱས་ན་དེར་ཚད་ལྡན་གྱི་གྲུབ་འབྲས་ཤིག་ག་ལ་འབྱུང་སྲིད། དེར་བརྟེན། ང་ཚོས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་འདི་ཉིད་གཞི་རྒྱ་ཆེ་བའི་སྒོ་ནས་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པ་ལ་ལས་གཞི་གང་དེར་ཇི་ལྟར་ཞིབ་ཚགས་ལྡན་པའི་སྒོ་ནས་འཇུག་པའི་གཞི་འཛིན་སའི་རྩ་གནད་ཅིག་ངེས་པར་དུ་དགོས་པ་ནི་ཆེས་གཞི་རྩའི་རྨང་རྡོ་ལྟ་བུ་ཡིན་པས། ཐོག་མར་ངེད་ལས་ཁུངས་ཀྱི་འབྲེལ་ཡོད་ཡིག་ཚགས་ལེགས་སྒྲིག་ཐད་ཀྱི་གཏན་འབེབས་དང་རྒྱལ་ཁབ་ཡིག་ཚགས་ཅུས་ནས་སྤྱི་ལོ་2001ལོའི་ཟླ་1པའི་ཚེས་1ཉིན་ལག་བསྟར་བྱས་པའི་ཡིག་ཚགས་ལེགས་སྒྲིག་ཐད་ཀྱི་རྩ་གནད་ ⑤ སོགས་ལ་ཁུངས་བཅོལ་ཏེ། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ཁྱད་ཆོས་དངོས་དང་ཡོངས་སུ་མཐུན་པའི་《བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་རྩ་གནད་》ཅིག་གཏན་འཁེལ་བྱས་པ་ཡིན། རྩ་གནད་དེར་ཅུང་ཞིབ་ཆ་ལྡན་པའི་སྒོ་ནས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་སྤྱིའི་རྩ་དོན་དང་བྱེ་བྲག་ལེགས་སྒྲིག་བྱ་བའི་གོ་རིམ། རྩ་བའི་རེ་བ། མཉམ་འཇོག་བྱ་གནས་སོགས་རེ་རེ་བཞིན་གཏན་འཁེལ་བྱས་ཡོད་ལ། དེས་རྗེས་ཕྱོགས་ཀྱི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པར་རྨང་གཞི་བརྟན་པོ་ཞིག་བཞག་པ་མ་ཟད། ཕྱོགས་སྟོན་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་ཐུབ་པ་བྱུང་ངོ་།།
གཉིས། ཆེད་སྤྱོད་ཀྱི་མཉེན་ཆས་ (软件) དང་གྲངས་མཛོད་ (数据库) གསར་བཟོ་མཛད་པ། དེང་རབས་གྲངས་འཛིན་ལག་རྩལ་གྱིས་ཡིག་ཚགས་ལེགས་སྒྲིག་བྱེད་པ་ལ་ངེས་པར་དུ་མཐུན་རྐྱེན་གལ་ཆེན་ཞིག་འཛོམས་དགོས་པ་ནི་ཆེད་སྤྱོད་རང་བཞིན་གྱི་མཉེན་ཆས་ལེགས་པོ་ཞིག་དང་དེའི་རྟེན་གཞིའི་གྲངས་མཛོད་ཚད་ལྡན་ཞིག་དགོས་རྒྱུ་དེ་ཡིན་ལ། ཆེད་སྤྱོད་མཉེན་ཆས་མེད་པར་ཡིག་ཆའི་ནང་དོན་དང་དཀར་ཆག་གློག་ཀླད་དུ་གཏག་པ་ཙམ་གྱིས་དེང་རབས་གྲངས་འཛིན་ཅན་དུ་བསྒྱུར་བ་ཡིན་ཞེས་པ་ནི་དགོད་གཏམ་འབའ་ཞིག་ཡིན་ལ། དེ་བཞིན་ཆེད་དམིགས་མཉེན་ཆས་ལེགས་པོ་ཞིག་ཡོད་ཀྱང་མཉེན་ཆས་གང་དེའི་བྱེད་ནུས་སྣ་ཚོགས་བརྒྱུད་དེ་འབྱུང་འགྱུར་གྱི་འབྲེལ་ཡོད་གཞི་གྲངས་ (数据) མཐའ་དག་གསོག་ཉར་ལྟེ་གནས་ཏེ་ཚད་ལྡན་གྲངས་མཛོད་ཅིག་མེད་པ་ཡིན་ནའང་གྲངས་འཛིན་ཅན་གྱི་ལེགས་སྒྲིག་གང་དེའི་གཞི་རྐང་ཚུགས་ཐུབ་མེད་པའི་རྟགས་མཚན་ཡིན་ནོ།། རྒྱུ་མཚན་དེའི་དབང་གིས་ང་ཚོས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་གཞི་འཛིན་རྩ་གནད་ལེགས་པོ་ཞིག་གཏན་འཁེལ་བྱས་པ་དང་སྦྲགས་རྩ་གནད་གང་དེའི་དགོངས་དོན་ཇི་བཞིན་མངོན་འགྱུར་བྱེད་ཐུབ་པའི་ཆེད་སྤྱོད་ཀྱི་མཉེན་ཆས་དང་གྲངས་མཛོད་འཛུགས་སྐྲུན་བྱ་རྒྱུའི་གྲ་སྒྲིག་ཕྱོགས་ཡོངས་ནས་འགོ་བརྩམས་པ་ཡིན། སྤྱིར་རྒྱལ་སྤྱི་དང་རྒྱལ་ནང་ལ་མཚོན་ན་ཡིག་ཚགས་རིག་པའི་ལས་དོན་འདི་ཅུང་འཕེལ་རྒྱས་བྱུང་ཡོད་པས་ ⑥ དེར་ཆེད་སྤྱོད་ཀྱི་མཉེན་ཆས་ཀྱང་མང་པོ་ཞིག་བྱུང་ཡོད་པ་རེད། ཡིན་ཡང་མཉེན་ཆས་དེ་དག་ཐད་ཀར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ཐད་དུ་བཀོལ་སྤྱོད་བྱེད་རྒྱུ་ནི་ཧ་ཅང་དཀའ་ཁག་ཆེ་བ་ཞིག་སྟེ། རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་རང་སྟེང་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མང་པོ་ཞིག་ལྡན་པ་སྟེ། གཅིག་ནས་ཡིག་ཚགས་ཀྱི་རྒྱུ་ཆ་ནི་བརྒྱ་ཆའི་དགུ་བཅུ་གོ་ལྔའི་ཡན་བོད་རང་གི་ས་གནས་ནས་བཟོ་སྐྲུན་བྱས་པའི་བོད་ཤོག་རྐྱང་རྐྱང་ཡིན་པ་མ་ཟད། སྐབས་དེའི་ཤོག་བུའི་ཐོན་ཁུངས་ཀྱི་ཚད་བཀག་སོགས་ཀྱིས་ཡིག་ཆ་རེ་རེའི་བརྗོད་བྱའི་ནང་དོན་གྱི་མང་ཉུང་ལྟར་ཤོག་བུའི་ཆེ་ཆུང་ལ་གཅིག་གྱུར་གྱི་ཚད་གཞི་ཞིག་མེད་པར་སྣ་ཚོགས་སུ་སྣང་བ་སྟེ། རིང་ཤོས་ནི་རྨིད་སུམ་བརྒྱ་ལྷག་ཅན་ཡོད་པ་དང་ཐུང་ཤོས་ནི་ལིས་རྨིད་ཁ་ཤས་ལས་མེད་པ་སོགས་ཧ་ཅང་རྙོག་དྲ་ཆེ་བ་རེད། གཉིས་ནས་ཡིག་ཚགས་ལས་བརྒྱ་ཆའི་དགུ་བཅུའི་ཡན་བོད་ཡིག་གི་འཁྱུག་བྲིས་ཡིན་པ་དང་། འབྲི་མཁན་གྱི་ཤེས་བྱའི་ཆུ་ཚད་ལ་མཐོ་དམའ་ཡོད་པས་བྲིས་གཟུགས་ལའང་རབ་འབྲིང་མཐའ་གསུམ་བྱུང་ཡོད་པ་མ་ཟད། འབངས་མི་སེར་གྱིས་བྲིས་པའི་ཡིག་ཚགས་ཁག་ཏུ་ཡིག་ནོར་ཡང་ཤིན་ཏུ་མང་སྟབས་དབྱིན་ཡིག་དང་རྒྱ་ཡིག་ནང་བཞིན་གློག་ཀླད་ཀྱིས་ཐད་ཀར་གློག་རྡུལ་པར་རིས་ལས་ཡིག་འབྲུ་ངོས་འཛིན་བྱེད་ཐབས་བྲལ་བ། གསུམ་ནས་བོད་ཡིག་ལས་གཞན་རྒྱ་ཡིག་དང་དབྱིན་ཡིག སོག་ཡིགམན་ཇིའི་ཡི་གེ བལ་ཡིག རྒྱ་གར་གྱི་ཡི་གེ་སོགས་ཡིག་རིགས་སྣ་ཚོགས་ཡོད་པ་མ་ཟད། རྒྱུ་ཆ་ཤོག་བུ་ལས་གཞན་གསེར་དངུལ་དང་། ལྕགས། ཟངས། ཤིང་། གོས་དང་རས་སོགས་སྣ་ཚོགས་ཀྱི་སྟེང་དུ་བྲིས་པ་མང་བ། བཞི་ནས་མཉེན་ཆས་གང་དེར་ངེས་པར་དུ་བོད་ཡིག་གི་རྩོམ་སྒྲིག་དང་འཚོལ་བཤེར་གྱི་ནུས་པ་ལྡན་དགོས་པ་སོགས་ཐུན་མིན་གྱི་ཁྱད་ཆོས་མང་པོ་ཞིག་གིས་ད་ལྟའི་རྒྱལ་ནང་གི་གཅིག་གྱུར་གྱི་ཡིག་ཚགས་མཉེན་ཆས་དག་ཐད་ཀར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་ལེགས་སྒྲིག་ཐད་དུ་བཀོལ་སྤྱོད་བྱ་རྒྱུ་ནི་ཐབས་ཟད་འུ་ཐུག་གི་ལས་ཞིག་ཏུ་གྱུར་བ་རེད། རྒྱུ་མཚན་དེའི་དབང་གིས་ང་ཚོས་ངེས་པར་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་སྤྱིའི་གནས་བབ་དངོས་དང་འཚམས་ཤིང་དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་གི་རྩ་བའི་དགོངས་དོན་དང་ཡོངས་སུ་མཐུན་པའི་ཅུང་ཐུན་མོང་མ་ཡིན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པའི་ཆེད་སྤྱོད་མཉེན་ཆས་ཤིག་གསར་བཟོ་བྱེད་དགོས་པ་བྱུང་བ་རེད། དེར་བརྟེན། སྤྱི་ལོ་2008ལོའི་ལོ་སྟོད་ནས་བཟུང་སྐབས་དེའི་ངེད་ལོ་རྒྱུས་ཡིག་ཚགས་ཁྲུའུ་ཡི་འགན་འཛིན་པས་སྣེ་ཁྲིད་འོག་ང་ཚོས་“བོད་ཀྱི་ལོ་རྒྱུས་ཡིག་ཚགས་དོ་དམ་མ་ལག་”( 西藏历史档案管理系统 )ཅེས་པའི་ཆེད་སྤྱོད་མཉེན་ཆས་ཤིག་གསར་བཟོ་བྱེད་འགོ་བརྩམས་ཤིང་། གཙོ་བོ་མཉེན་ཆས་ཀྱི་སྤྱིའི་སྒྲིག་བཀོད་དང་བྱེད་ནུས།ཁྱད་ཆོས་སོགས་ལ་ང་ཚོས་ཅུང་ཞིབ་ཕྲ་ལྡན་པའི་སྒོ་ནས་འཆར་བཀོད་བཟོས་ཤིང་། བཟོ་སྐྲུན་ལག་རྩལ་གྱི་ཐད་ནས་འབྲེལ་ཡོད་མཉེན་ཆས་ལས་གཉེར་ཀུང་ཟི་ཞིག་དང་མཉམ་འབྲེལ་བྱས་པ་ཡིན། ཡང་གཅིག་བཤད་ན་མཉེན་ཆས་ཀུང་ཟི་ནས་ང་ཚོས་གཏན་འཁེལ་བྱས་པའི་མཉེན་ཆས་ཀྱི་སྤྱིའི་སྒྲིག་གཞི་དང་བྱེ་བྲག་གི་གྲུབ་ཆ་རེ་རེ་སྟེ། ཡིག་ཚགས་འཚོལ་སྡུད་དང་། ཡིག་ཚགས་བདག་ཉར། ཡིག་ཚགས་ལེགས་སྒྲིག ཡིག་ཚགས་བེད་སྤྱོད། ཡིག་ཚགས་ཞིབ་འཇུགགཞི་གྲངས་( 数据 )དོ་དམ་སོགས་གཙོ་ངོས་དྲུག་དང་། དེ་དག་རེ་རེའི་འོག་ཏུའང་བྱེ་བྲག་གི་བྱེད་ནུས་མང་དུ་མངོན་འགྱུར་བྱས་ཡོད་པ་སྟེ། དཔེར་ན་ཡིག་ཚགས་ལེགས་སྒྲིག་ལྟ་བུར་མཚོན་ནའང་དེའི་འོག་ཏུ་ཡིག་ཚགས་ཞིབ་འགོད་དང་།ཡིག་ཚགས་ཞུ་དག ཡིག་ཚགས་དབྱེ་འབྱེད། ཟུར་མཁོའི་དཔྱད་གཞི་སོགས་བྱེ་བྲག་གི་བྱེད་ནུས་མང་དུ་ཡོད་ལ། དེ་དག་རེ་རེའི་འོག་ཏུའང་བྱེ་བྲག་གི་བྱེད་ནུས་མང་དུ་ཡོད་པ་སྟེ། དཔེར་ན་ཡིག་ཚགས་ཞིབ་འགོད་ཀྱི་འོག་ཏུ་ཡིག་ཚགས་ཀྱི་ཨང་གྲངས་དང་། རིགས་དབྱེ། དུས་ཚོད། ཁ་བྱང་། བརྡ་ཆད་གཙོ་བོ། ས་གནས། མི་སྣ་གཙོ་བོ། གཞུང་དངོས། མ་ཡིག འགྱུར་ཡིག་སོགས་ཧ་ཅང་ཞིབ་ཕྲའི་གནས་ཚུལ་མངོན་འགྱུར་བྱེད་ཐུབ་པ་ལྟ་བུ་སྟེ་འདི་དག་རེ་རེ་བཞིན་ཞིབ་བརྗོད་བྱས་ན་ཅུང་མང་བས། འདིར་གཅིག་ཤེས་ཀུན་གྲོལ་གྱི་ཚུལ་དུ་དཔེ་ཙམ་དྲངས་པ་ཡིན་ལ། དེའི་རིགས་ཞིབ་ཕྲའི་སྒོ་ནས་རྒྱུས་ལོན་བྱ་འདོད་ན་ངེད་ལས་ཁུངས་སུ་དངོས་སུ་ཕེབས་ཏེ་རྒྱུས་ལོན་བྱས་ཆོག དེ་བཞིན་མཉེན་ཆས་གང་དེར་འབྲེལ་ཡོད་ཀྱི་གྲངས་མཛོད་འཛུགས་སྐྲུན་ཡང་ཧ་ཅང་གནད་འགག་ཆེ་བའི་ལས་དོན་ཞིག་ཡིན་པས་ང་ཚོས་མཉེན་ཆས་སྒྲིག་བཟོ་དང་དུས་མཉམ་དུ་ཡིག་ཚགས་སྤྱིའི་དོ་དམ་དང་མཁོ་འདོན་གྱི་དགོས་དབང་ལྟར་མཉེན་ཆས་ཀུང་ཟི་དང་མཉམ་འབྲེལ་གྱིས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་གྲངས་འཛིན་ཅན་གྱི་ཚད་ལྡན་གྲངས་མཛོད་ཁག་མི་འདྲ་བ་གསུམ་འཛུགས་སྐྲུན་བྱས་པ་ཡིན།
མདོར་ན། མཉེན་ཆས་འདི་སྒྲིག་བཟོ་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ང་ཚོས་གཅིག་ནས་འབྲེལ་ཡོད་ཡིག་ཚགས་དོ་དམ་མཉེན་ཆས་དག་ལ་ཁུངས་བཅོལ་ཏེ་ཡིག་ཚགས་རིག་པའི་ལེགས་སྒྲིག་གི་སྤྱིའི་རྩ་དོན་དང་རེ་བ་ལྟར་ཇུས་འགོད་བྱས་པ་དང་། གཉིས་ནས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་གནས་བབ་དང་ཁྱད་ཆོས་དངོས་གཙིགས་སུ་བཟུང་སྟེ་རང་ནུས་ཅི་ལྕོགས་ཀྱིས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་བདག་ཉར་དང་དོ་དམ། ལེགས་སྒྲིག བེད་སྤྱོད་སོགས་གཞི་གཅིག་ཏུ་མངོན་འགྱུར་བྱེད་ཐུབ་པར་བྱས་པ། གསུམ་ནས་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་མ་ཡིག་ལ་སྲུང་སྐྱོབ་དང་ཚད་ལྡན་གྱིས་བདག་ཉར་བྱེད་ཅི་ཐུབ་བྱས་པ་སོགས་ཧ་ཅང་ཞིབ་ཆ་ལྡན་པའི་སྒོ་ནས་ངེད་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད་པའི་གལ་ཆེའི་ཡིག་ཚགས་འདི་ཉིད་དེང་རབས་གྲངས་འཛིན་ཅན་གྱི་ཐབས་ལམ་སྤྱད་དེ་ལེགས་སྒྲིག་བྱ་བའི་མཉེན་ཆས་དང་དེར་འབྲེལ་གྱི་ཚད་ལྡན་གྲངས་མཛོད་གསར་བཟོ་བྱས་ཤིང་། ལོ་ངོ་གསུམ་རིང་གི་འབད་བརྩོན་ལྷོད་མེད་བརྒྱུད་ཉིས་སྟོང་བཅུ་ལོར་མཉེན་ཆས་དེ་དངོས་སུ་ལེགས་གྲུབ་བྱུང་སྟེ་བེད་སྤྱོད་གཏོང་འགོ་བརྩམས་པ་མ་ཟད། ལོ་དེའི་ལོ་མཇུག་ཏུ་མཉེན་ཆས་དེར་རྒྱལ་ཁབ་ཡིག་ཚགས་ཅུས་ནས་ཚན་རྩལ་ཡར་ཐོན་གྱི་གཟེངས་རྟགས་ཨང་གསུམ་པ་གནང་ ⑦ བས་ང་ཚོར་མཚོན་ན་སྐུལ་ལྕག་ལེགས་པོ་ཞིག་ཐེབས་ཤིང་། ད་ལྟ་མུ་མཐུད་དུ་མཉེན་ཆས་གང་དེའི་ལེགས་ཆ་རྒྱུན་འཁྱོངས་དང་ཞན་ཆར་ལེགས་བཅོས་བྱས་ཏེ་ཇེ་རྒྱས་ཇེ་ལེགས་སུ་བཏང་དང་གཏོང་བཞིན་ཡོད་དོ།།
གསུམ། མཉེན་ཆས་དང་འབྲེལ་བའི་ཉེར་མཁོའི་སྒྲིག་ཆས་བཀོད་བསྒྲིགས་བྱས་པ། གོང་སྨྲས་ལྟར། བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་མངོན་གསལ་ཞིག་ཡོད་པས། དེ་ཉིད་དེང་རབས་གྲངས་འཛིན་ཅན་དུ་བསྒྱུར་བ་ལ་ཁྱད་ཆོས་དེ་དག་ཡོངས་སུ་མངོན་འགྱུར་བྱེད་ཐུབ་པའི་ཆེད་སྤྱོད་མཉེན་ཆས་ཤིག་དགོས་པ་ལས་གཞན་ད་དུང་མཉེན་ཆས་དེར་རམ་འདེགས་དང་མཐུན་རྐྱེན་བསྐྲུན་ཐུབ་པའི་འབྲེལ་ཡོད་སྒྲིག་ཆས་ཀྱང་མང་པོ་ཞིག་དགོས་པ་སྟེ། ཚད་གཞི་མཐོ་ཞིང་རྒྱུ་སྤུས་ལེགས་པའི་བཤར་ཕབ་སྒྲིག་ཆས་ (扫描仪) དང་འདྲ་བཟོ་སྒྲིག་ཆས། (仿真设备) བསྐྱར་པར་སྒྲིག་ཆས། (复制设备) པར་ཆས་སོགས་འབྲེལ་ཡོད་སྒྲིག་ཆས་མང་པོ་ཞིག་དགོས་ལ།ལྷག་པར་དུ་གོང་དུ་བཤད་པ་ལྟར་ཚད་གཞི་ཧ་ཅང་རིང་བའི་ཡིག་ཚགས་དེའི་རིགས་བཤར་ཕབ་དང་བསྐྱར་པར་རྒྱག་ཐུབ་པའི་སྒྲིག་ཆས་ནི་རྒྱལ་ནང་ལ་མཚོན་ན་ཅུང་དཀོན་པོ་རེད། དངོས་ཡོད་གནས་ཚུལ་དེར་དམིགས་ཏེ་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་ཀྱི་རྒྱབ་སྐྱོར་འོག་དུས་ཡུན་ཐུང་ཐུང་ཞིག་གི་རིང་ལ་ཚད་གཞི་དང་རྒྱུ་ཆ་མི་འདྲ་བའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཁ་ཚང་བཤར་ཕབ་དང་འདྲ་བཟོ།བསྐྱར་པར་སོགས་རྒྱག་ཐུབ་པའི་སྒྲིག་ཆས་ཁ་ཚང་ཞིག་བསྒྲིགས་ཐུབ་པ་བྱུང་ཞིང་། ལྷག་པར་དུ་དེ་དག་ལས་བཤར་ཕབ་སྒྲིག་ཆས་ (扫描仪) དང་། འདྲ་བཟོ་སྒྲིག་ཆས་ (仿真设备) སོགས་སྒྲིག་ཆས་སྐོར་ཞིག་འཇར་མན་དང་འཇར་པན་སོགས་ཕྱིའི་རྒྱལ་ཁབ་ནས་ནང་འདྲེན་བྱས་པའི་ཚད་ལྡན་སྒྲིག་ཆས་ཡིན་པས་དེས་ཐད་ཀར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་གྲངས་འཛིན་ཅན་དུ་བསྒྱུར་བར་མཐུན་རྐྱེན་མི་དམན་པ་བསྐྲུན།
བཞི། ཡིག་ཚགས་ལེགས་སྒྲིག་ཐད་ཀྱི་ཆེད་ལས་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱས་པ། སྤྱིར་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལ་མཚོན་ན་ཆེད་ལས་རང་བཞིན་ཤིན་ཏུ་ཆེ་བའི་ལས་དོན་ཞིག་ཡིན་པ་སྟེ། བོད་སྐད་ཡིག་ཆེད་ལས་ཀྱི་དངོས་གཞི་སློབ་མཐར་ཕྱིན་པའི་སློབ་ཆེན་པ་ཞིག་ཡིན་རུང་ཐད་ཀར་དུ་ཡིག་ཚགས་ལས་ཀར་འཇུག་ཐུབ་པའི་ངེས་པ་གཏན་ནས་མེད། རྒྱུ་མཚན་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ནི་རང་རྐྱ་ཐུབ་པའི་རིག་ཚན་ཐུན་མོང་མ་ཡིན་པ་ཞིག་ཡིན། ལྷག་པར་དུ་བོད་ཀྱི་ལོ་རྒྱུས་ལས་དགའ་ལྡན་ཕོ་བྲང་སྐབས་ཀྱི་སྲིད་འཛིན་ལམ་ལུགས་དང་སྤྱི་ཚོགས་སྒྲིག་གཞི། དཔལ་འབྱོར་མ་ལག་སོགས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་རིམ་གྱིས་བྱུང་བའི་ལོ་རྒྱུས་རིག་པའི་ཐོན་དངོས་གལ་ཆེན་ཞིག་ཡིན་པས་དེར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་གཞུང་ཡིག་གི་རྣམ་གཞག་དང་ཆེད་སྤྱོད་བརྡ་ཆད།ཚིག་སྦྱོར་སྤེལ་སྟངས། འཁྱུག་བྲིས་གཙོ་རྒྱུག་ཏུ་གྱུར་བའི་བྲིས་གཟུགས། བརྗོད་བྱའི་མཚོན་ཐབས་ཤིག་ཆགས་ཡོད་པ་རེད།མིག་སྔའི་བོད་སྐད་ཡིག་ཐད་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་བྱེད་བཞིན་པའི་སློབ་ཆེན་དག་ཏུ་བོད་ཀྱི་ཡིག་ཚགས་རིག་པའི་ཆེད་དམིགས་སྦྱང་ཚན་མེད་པས་མཐར་ཕྱིན་སློབ་ཆེན་པ་དག་ལ་མཚོན་ན་ཡིག་ཚགས་ཤེས་བྱའི་ཐད་ཀྱི་དཀའ་ཁག་དེ་རང་བཞིན་གྱིས་བྱུང་བ་རེད། དེར་བརྟེན། ངེད་ལས་ཁུངས་ནས་དོན་དངོས་འདི་ལ་དམིགས་ཏེ་སྤྱིར་བཏང་དུ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཐད་ཀྱི་ལས་གཉེར་མི་སྣ་བསྡུ་ལེན་བྱེད་སྐབས་མ་མཐའ་ཡང་བོད་སྐད་ཡིག་ཆེད་ལས་ཀྱི་ཞིབ་འཇུག་སློབ་མའི་ཡོན་ཚད་ཀྱི་ཡན་ནང་འདྲེན་བྱེད་ཀྱིན་ཡོད་ལ། 2008ལོ་དང་2011ལོར་སྔ་གཞུག་ཏུ་ང་ཚོས་འབྲེལ་ཡོད་ལས་ཁུངས་དང་དབུ་ཁྲིད་ལ་སྙན་ཞུ་ཡང་ཡང་ཕུལ་ཏེ།བོད་ཡིག་གི་རྨང་གཞི་ཅུང་ལེགས་ཤིང་ཡིག་ཚགས་རིག་པར་དགའ་ཞེན་ཆེ་བའི་ཞིབ་འཇུག་སློབ་མ་སྐོར་ཞིག་ནང་འདྲེན་བྱེད་ཐུབ་པ་བྱུང་ལ། ཁོང་ཚོ་ནི་སྤྱིའི་ཆ་ནས་བོད་ཡིག་གི་རྨང་གཞི་ཅུང་ལེགས་པས་ཡིག་ཚགས་རིག་པའི་ལས་ཀར་འཇུག་པར་སྔོན་འགྲོའི་ཆ་རྐྱེན་ལེགས་པོ་ཞིག་འཛོམས་ཤིང་།ལོ་གཅིག་དང་གཉིས་ཀྱི་རྗེས་སུ་ལས་ཀ་འདིར་ཕྱོགས་ཡོངས་ནས་གོམས་འདྲིས་སུ་གྱུར་ཟིན། དེ་བཞིན་བོད་སྐད་ཡིག་གི་རྨང་གཞི་ཅུང་ལེགས་པའི་ན་གཞོན་སྐོར་ཞིག་ཀྱང་ཐོག་མའི་ཟབ་སྦྱོང་དང་གན་རྒྱ་འཇོག་པ་སོགས་ཀྱི་འགྲོ་རིམ་ལེགས་པོ་དང་རྒྱུད་དེ་གདན་འདྲེན་བྱས་ཡོད། ཁོ་ཚོའི་ལས་འགན་གཙོ་བོ་ནི་ཡིག་ཚགས་རེ་རེའི་གཞུང་དངོས་མཉེན་ཆས་སུ་ཇི་བཞིན་གཏག་རྒྱུ་དེ་ཡིན་ཞིང་། དེ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱ་བའི་བརྒྱུད་རིམ་གལ་ཆེན་ཞིག་ཀྱང་ཡིན། ཡིན་ཡང་གོང་སྨོས་ལྟར་ངེད་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད་པའི་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་ཧ་ཅང་མང་ཞིང་གཞི་རྒྱ་ཆེ་བས་ང་ཚོ་མི་སྣ་བཅུ་གྲངས་ཤིག་གིས་མི་ཚེ་གང་བོར་འབད་འབུངས་བྱས་ཀྱང་རྫོགས་པར་དཀའ་བས། མ་འོངས་པར་གཞི་རྒྱ་ཆེ་བའི་ཡིག་ཚགས་ལས་སྣོན་དང་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་སའི་གཞུང་སྒྲུབ་ཁང་དང་། ཚད་ལྡན་གྱི་མཛོད་ཁང་སོགས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་སོང་རྗེས་ ⑧ བོད་སྐད་ཡིག་གི་རྨང་གཞི་ལེགས་པའི་མི་སྣ་འབོར་ཆེན་དང་མཉམ་འབྲེལ་བྱ་རྒྱུ་སྟེ། ཁོང་ཚོར་ཐོག་མའི་གདན་འདྲེན་གྱི་འགྲོ་རིམ་སོགས་ལེགས་པར་བསྒྲུབ་ནས་ཚད་ལྡན་གྱི་ཆེད་གཉེར་མི་སྣ་མང་པོ་དང་ཟུང་འབྲེལ་གྱིས་ཡིག་ཚགས་འདི་ཉིད་ཧ་ཅང་གཞི་རྒྱ་ཆེ་བའི་སྒོ་ནས་དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་གྲབས་ཡོད་ལ། གང་ལྟར་མིག་སྔར་ང་ཚོས་ལས་གཞི་གང་དེ་བདེ་བླག་ངང་ཕྱོགས་ཡོངས་ནས་འགོ་རྩོམ་པར་རྨང་གཞིའི་ལས་ཀ་མང་པོ་ཞིག་བསྒྲུབས་དང་སྒྲུབ་བཞིན་པའི་སྒང་ཡིན་ནོ།།
མདོར་ན། ང་ཚོས་རང་ནུས་ཅི་ལྕོགས་ཀྱིས་དཀའ་ཁག་མང་པོ་ཁྱད་དུ་བསད་དེ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་འདི་ཉིད་དེང་རབས་གྲངས་འཛིན་ཅན་གྱི་ལེགས་སྒྲིག་གི་ཐབས་ལམ་སྤྱད་དེ། རང་རེའི་ལོ་རྒྱུས་རིག་གནས་ཁྲོད་ཀྱི་འོད་སྟོང་འབར་བའི་ཡིག་ཚགས་རྒྱུ་ཆ་འདི་ཕྱོགས་ཡོངས་ནས་ཆ་འཕྲིན་ཅན་དུ་བསྒྱུར་ནས་འབྲེལ་ཡོད་སྲིད་འཛིན་ལས་ཁུངས་དང་། རིག་གནས་སྡེ་ཁག ཆེད་མཁས་སོགས་གཙོ་བྱས་པའི་སྤྱི་ཚོགས་ཧྲིལ་བོར་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་འཛུགས་སྐྲུན་བྱ་རྒྱུའི་གྲ་སྒྲིག་དང་རྨང་གཞི་བརྟན་པོ་ཞིག་བཞག་དང་འཇོག་བཞིན་པའི་སྒང་ཡིན་ནོ།།
གསུམ་པ། དེང་རབས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པའི་ཐབས་ལམ་དང་བརྒྱུད་རིམ།
བོད་ཀྱི་ལོ་རྒྱུས་ཡིག་ཚགས་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱ་བའི་ཆེས་ཐོག་མའི་གྲ་སྒྲིག་གི་ལས་ཀ་དག་བསྒྲུབས་ཚར་རྗེས། གཞི་ནས་ཡིག་ཚགས་དངོས་ཀྱི་གྲངས་འཛིན་ཅན་གྱི་ལེགས་སྒྲིག་གི་འགོ་བརྩམ་དགོས་ལ། ཡིག་ཚགས་རེ་རེ་ཇི་ལྟར་གོ་རིམ་ལྡན་པའི་ངང་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱེད་པ་ལ།
གཅིག སྡེ་ཁག་གི་ཡིག་ཚགས་རེ་རེར་ཞིབ་བཤེར་དང་ལྷན་རྒྱག ཨང་གྲངས་སྤྲོད་དགོས་པ། དེའང་ལེགས་སྒྲིག་བྱ་བའི་ཐོག་མའི་ལས་ཀ་ནི་གྲངས་འཛིན་ཅན་དུ་ལེགས་སྒྲིག་བྱ་འགྱུར་གྱི་ཡིག་རིགས་ཡིག་ཚགས་ཀྱི་སྡེ་ཁག་གང་དེ་མཛོད་ཁང་ནས་ཕྱིར་བཏོན་ཏེ། ཐོག་མར་ཡིག་ཚགས་རེ་རེར་གཟབ་ནན་གྱིས་ཞིབ་བཤེར་བྱ་རྒྱུ་དང་། ཞིབ་བཤེར་གྱི་བརྒྱུད་རིམ་ཁྲོད་དུ་གཙོ་བོ་ཡིག་ཚགས་རེ་རེ་བཞིན་སྔོན་གྱི་ལྟེབ་ཆགས་ལས་གྲོལ་ཏེ་སྟེང་གི་ས་རྡུལ་དཀྲུག་པ་དང་། ཐེར་སྙོམས་བྱེད་པ། རལ་སྐྱོན་ཅན་དམིགས་སུ་བཀར་ཏེ་ཆེད་ལས་ལག་རྩལ་མི་སྣར་ལྷན་རྒྱག་བྱེད་དུ་འཇུག་པ་⑨ སོགས་ཞིབ་ཚགས་ལྡན་པའི་སྒོ་ནས་ཡིག་ཚགས་རེ་རེའི་ཕྱིའི་རྣམ་པའི་ཆ་ནས་གཙང་དག་དང་ཉམས་གསོ་ལེགས་པོ་བྱ་དགོས་པ་མ་ཟད། འགྲོ་རིམ་དེ་དག་ཚང་མ་ལེགས་པར་བསྒྲུབ་རྗེས་ཡིག་ཚགས་རེ་རེར་《བོད་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་རྩ་གནད་》དུ་གཏན་འཁེལ་བྱས་པའི་རེ་བ་ལྟར་ཚད་ལྡན་གྱི་ཨང་གྲངས་རེ་སྤྲོད་དགོས་ལ།ཨང་གྲ
འཕྲིན་སྟེགས། weikangba