མཁན་པོ་ཚེ་རིང་ནོར་བུས་བརྩམས།

ནང་དོན་གནད་བསྡུས།ལོ་རྒྱུས་སྟེང་བོན་གྱི་གཞུང་ལུགས་སྡུད་བསྒྲིགས་མཛད་མཁན་ཆེས་མང་པོ་བྱོན་མྱོང་སྟེ།དཔེར་ན་སྟོན་པ་གཤེན་རབ་སྐབས་སུ་བཀའ་འཁོར་གསུམ་སྐོར་བ་ལས་བཀའ་འཁོར་དང་པོའི་སྐབས་སུ་བོན་ཐམས་ཅད་ཕྱྭ་སྣང་འཕྲུལ་སྲིད་བཞི་དང་དགེ་དྲང་ཨ་ཡེ་བཞི་བླ་མེད་ཀྱི་ཐེག་པ་སྟེ་རིགས་དགུར་བསྡུས་ནས་བསྟན་པ་ལ་ཐེག་པ་རིམ་པ་དགུར་འབོད།བཀའ་བར་བའི་སྐབས་སུ་བོན་གཞུང་ཐམས་ཅད་སྡེ་ཚན་ལྔ་རུ་བསྡུས་ཏེ་བསྟན་པ་ལ་སྒོ་བཞི་མཛོད་དང་ལྔ་ཞེས་འབོད།དེའང་བཀའ་འཁོར་དང་པོའི་སྐབས་ཀྱི་ཕྱྭ་སྣང་འཕྲུལ་སྲིད་བཞི་པོ་ཆབ་ནག་སྲིད་པ་རྒྱུད་ཀྱི་བོན་སྒོའི་ནང་དུ་བསྡུས་ཏེ་པོ་ཏི་གཅིག་བྱས།དང་པོ་སྐབས་ཀྱི་དགེ་བསྙེན་དང་དྲང་སྲོང་གཉིས་འཕན་ཡུལ་རྒྱས་པ་འབུམ་གྱི་ཁོངས་སུ་བསྡུས་ཏེ་པོ་ཏི་གཅིག་བྱས།དང་པོ་སྐབས་ཀྱི་ཨ་དཀར་དང་ཡེ་གཤེན་གཉིས་ཆབ་དཀར་སྔགས་ཀྱི་ནང་དུ་བསྡུས་ཏེ་པོ་ཏི་གཅིག་བྱས།དང་པོའི་སྐབས་ཀྱི་བླ་མེད་ཀྱི་བོན་དཔོན་གསས་མན་ངག་ལུང་གི་ནང་དུ་བསྡུས་ཏེ་པོ་ཏི་གཅིག་བྱས།མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་ནང་དུ་དེ་དག་བཞི་ཆ་བསྟན་པས་སྤྱི་རྒྱུགས་ཟེར།བཀའ་ཐ་མའི་སྐབས་སུ་ཕྱི་ནང་གསང་བ་གསུམ་དུ་བསྡུས་ཏེ་བསྟན།[1]སྟོན་པ་སྐུ་གཤེགས་པ་དང་སྡུད་འཁོར་རྣམས་ཀྱིས་སྟོན་པའི་བཀའ་ཐམས་ཅད་སྡེ་ཚན་བཅུ་གསུམ་དུ་དྲིལ་ནས་བཤད།[2]རྗེས་སུ་བཀའ་ཐམས་ཅད་མདོ་འབུམ་རྒྱུད་མཛོད་སྡེ་བཞིར་དྲིལ་ནས་བསྟན་ཚུལ་བཀའ་ཡི་དཀར་ཆག་སོགས་སུ་གསལ།ད་ལན་འདིར་སྒོ་བཞི་མཛོད་ལྔ་ངོ་སྤྲོད་མདོ་ཙམ་ཞུ་བ་ལ།ཆབ་ནག་སྲིད་པའི་བོན་ནི་སྨྲང་དང་ཆོ་ག་ལོ་རྒྱུས་སྒྲུང་གཏམ་སོགས་བསྟན་པའི་གཞུང་ཞིག་ཡིན།ཆབ་དཀར་སྔགས་ཀྱི་བོན་ཞེས་པ་ནི་གསང་སྔགས་ཕྱི་ནང་བསྙེན་སྒྲུབ་ལས་སྦྱོར་གི་དོན་བསྟན་པའི་གཞུང་ཞིག་ཡིན།འཕན་ཡུལ་ནི་འདུལ་ཁྲིམས་དང་ཕར་ཕྱིན་སོགས་བློ་སྦྱང་སྐོར་བསྟན་པའི་གཞུང་ཞིག་ཡིན།དཔོན་གསས་ནི་རྫོགས་ཆེན་ཁོ་ན་བསྟན་པའི་གཞུང་ཞིག་ཡིན།མཐོ་ཐོག་ནི་དེ་དག་སྤྱི་རྒྱུགས་སམ་འདྲེས་མར་བསྟན་པའི་གཞུང་ཞིག་ཡིན།[3]འདི་ནི་བོན་ལུགས་ཐུན་མོང་མ་ཡིན་པའི་སྡུད་སྒྲིག་བྱེད་སྟངས་ཤིག་ཡིན་པས་གནད་ཆེ་བར་སེམས།

བརྡ་ཆད་གཙོ་བོ།སྒོ་བཞི་མཛོད་ལྔ།ཆབ་ནག ཆབ་དཀར།འཕན་ཡུལ།དཔོན་གསས།མཐོ་ཐོག་མཛོད།
རྩོམ་པ་པོ་མཁན་པོ་ཚེ་རིང་ནོར་བུ་སྤྱི་ལོ༡༩༧༠ལོར་སི་ཁྲོན་དཀར་མཛེས་ཁུལ་བྲག་འགོ་རྫོང་གཞི་རིང་ཡུལ་དུ་སྐྱེས།ད་ལྟ་བྲག་འགོ་རྫོང་སྲིད་ཀྲུའུ་རྒྱུན་ལས་ཨུ་ཡོན།རྫོང་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན།བྲག་འགོ་རྫོང་ནང་བསྟན་མི་རིགས་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན།དཀར་མཛེས་ཁུལ་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན།སི་ཁྲོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་རྒྱུན་ལས།སི་ཁྲོན་བོད་བརྒྱུད་ནང་བསྟན་ལས་སྒྲུབ་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་མི་སྣ་བཅས་ཡིན།


དང་པོ།དཔྱད་གཞི་ཡིག་ཆ་ངོ་སྤྲོད།
མདོ་འདུས་ལ་མདོ་འདུས་པ་རིན་པོ་ཆེ་རྒྱུད་ཐམས་ཅད་མཁྱེན་པ་བཀའ་ཚད་མ་ཞེས་དང་།གཡུང་དྲུང་ལྷ་ཡི་བོན་མདོ་འདུས་པ་རིན་པོ་ཆེ་རྒྱུད་ཀྱང་ཟེར།།སྟོན་པ་གཤེན་རབ་ཀྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ལས་རྣམ་ཐར་བསྡུས་མར་གྲགས་ཤིང་། ཁྱོན་ལེའུ་ཚན་པ་ཉི་ཤུ་རྩ་བཞིར་བགོ་ནས་བྲིས་ཡོད།ཤོག་ལྡེབ༨༦ཡོད།དུས་རབས་བཅུ་པ་ནས་བོན་གྱི་རིག་གཞུང་ལ་བཀའ་མ་དང་གཏེར་མ་གཉིས་ཕྱེས་སྲོལ་ཡོད་པ་ལས་གཏེར་མའི་གྲས་སུ་རྩི་བ་དང་།མདོ་འདུས་རང་གི་མཇུག་ཏུ་གཉན་ཆེན་ལི་ཤུ་སྟག་རིང་གིས་གཡུང་དྲུང་ལྷའི་སྐད་ལས་བོད་སྐད་དུ་བསྒྱུར་ཞེས་པ་ཙམ་ལས་གཏེར་སྟོན་སུ་ཡིན་གསལ་བོ་གསུངས་མེད།[4] མཁར་རྨེའུ་བསམ་གཏན་ལགས་ཀྱི་མདའ་དང་འཕང་ལས།[5]ལྷོ་བལ་གྱི་ཨ་ཙ་རྱ་མི་གསུམ་གྱིས་བསམ་ཡས་ནས་གཏེར་དྲངས་བར་བཤད།དུས་རབས་བཅུ་བཞི་པ་ཙམ་ལ་བྲིས་པའི་བོན་འབྱུང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས་ཡུལ་དུས་ཀྱི་དབང་གིས།བོན་གྱི་གཏེར་ཆོས་ལ་བྱང་གཏེར།ལྷོ་གཏེར།དབུས་གཏེར།ཁམས་གཏེར།གཏེར་གསར་བཅས་ལྔར་དབྱེ་བ་ལས་ཨ་ཙ་ར་མི་གསུམ་ནི་བོན་གྱི་གཏེར་སྟོན་ཐོག་མ་དང་བྱང་གཏེར་གྱི་སྲོལ་བཏོད་པ་པོར་ངོས་བཟུང་ཡོད།[6]མཁན་ཆེན་ཉི་མའི་རང་རྣམ་དང་བསྟན་རྩིས་ནོར་བུའི་ཕྲེང་བ་ལས་ཨ་ཙ་རྱ་མི་གསུམ་གྱིས་སྤྱི་ལོ༩༡༣པ་ལ་གཏེར་འདོན་ཚུལ་ཁ་གསལ་བསྟན་ཡོད་པ་ལས་ཤེས་པར་བྱའོ།།[7]ད་ལྟ་བོན་གྱི་ཡིག་ཆའི་ཁྲོད་དུའང་མདོ་གཞུང་འདི་ཉིད་པར་བསྐྲུན་ཐེངས་མང་པོ་བྱས་ཡོད་པ་དཔེར་ན་ཨ་ལགས་ཟླ་བ་དང་ཚེ་རིང་ཐར་སོགས་ཀྱིས་ཕྱོགས་བསྒྲིགས་མཛད་ཅིང་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གངས་ཏི་སེའི་བོན་གཞུང་རིག་མཛོད་དཔེ་ཚོགས་ཀྱི་དེབ་དང་པོའི་ལྡེབ་༡ནས་༨༦པ་དང་།ཁྱུང་པོ་སྟེང་ཆེན་དགོན་པས་བསྒྲིགས་སྦྱོར་མཛད་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོའི་དེབ་ཕྲེང༢༥པ་དང་།སྣང་མཐའ་བསྟན་འཛིན་ཉི་མས་ཕྱོགས་བསྒྲིགས་མཛད་ཅིང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ༢༠༡༦ལོར་བསྐྲུན་པའི་ཞང་བོད་ལོ་རྒྱུས་ཕྱོགས་བསྒྲིགས་སྟོད་ཆའི་ཤོག་ལྷེ༤༡༩ནས༤༨༦པ་དང་།ཁྲི་བསོད་གཏན་ལགས་ཀྱིས་སྡུད་བསྒྲིགས་མཛད་ཅིང་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་བོན་གྱི་ལོ་རྒྱུས་ཡིག་ཚང་ཆེན་མོའི་པོད་དང་པོ་སོགས་སུ་བཞུགས་མོད་ཀྱང་།དེ་དག་གི་མ་དཔེ་ཉག་རོང་དབལ་ཁྱུང་དགོན་ཏུ་ཉར་བའི་བཀའ་འགྱུར་གྱི་མདོ་འདུས་མ་གཏོགས་མ་དཔེ་གཞན་པ་ད་ཕན་ལག་ཏུ་རྙེད་སོན་མ་བྱུང་།

མདོ་གཟེར་མིག་ནི་སྟོན་པ་གཤེན་རབ་ཀྱི་རྣམ་ཐར་འབྲིང་པོར་གྲགས་ཤིང་།ཁ་བྱང་ཡོངས་ལ་དུས་གསུམ་གཤེན་རབ་བྱུང་ཁུངས་དང་མཛད་པའི་རྒྱུད་འདུས་པ་རིན་པོ་ཆེ་གཟེར་མིག་གི་མདོ་ཞེས་བྱ་བའི་གླེགས་བམ་བཞུགས་སོ།།ཞེས་དང་འདུས་པ་རིན་པོ་ཆེའི་རྒྱུད་གཟེར་མིག་གི་ལེའུ་བཅོ་བརྒྱད་པ་ཞེས་ཀྱང་བྱ།བོན་ལ་སྒོ་བཞི་མཛོད་དང་ལྔ་ཡོད་པ་ལས་གཙང་མ་མཐོ་ཐོག་སྤྱི་རྒྱུགས་མཛོད་ཀྱི་ཁོངས་སུ་འདུ་བར་བཤད་པས་སྐབས་འདི་བསྟན་གྱི་བརྗོད་གཞི་ལ་ཐད་ཀར་འབྲེལ་བ་ཡོད་པ་ཤེས་ཐུབ།མཛོད་ལའང་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོ་དང་།ཁམས་གསུམ་སེམས་ཅན་སྐྱེ་འཆིའི་མདོ།སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ།བླ་མེད་གོ་འཕང་སྒྲུབ་ཐབས་ཀྱི་མདོ་དང་བཞི་ཡོད་པ་ལས་དུས་གསུམ་གཤེན་རབ་བྱུང་ཁུངས་ཀྱི་མདོར་གཏོགས་པར་བཤད།[8]དེ་ལས་སྔར་འདས་པའི་སྟོན་པ་དང་མ་འོང་པའི་སྟོན་པ་སོགས་ཟུར་ཙམ་བརྗོད་ཅིང་།ད་ལྟའི་སྟོན་པ་གཤེན་རབ་མི་བོའི་རྣམ་ཐར་ཞིབ་རྒྱས་ལེ་ཚན་བཅོ་བརྒྱད་དུ་དབྱེ་ནས་བཤད་པའི་གཞུང་ཞིག་ཏུ་ངོས་འཛིན་གནང་གི་ཡོད།དེའང་བོན་འདི་དང་པོ་གཤེན་རབ་མི་བོས་གསུངས།དེ་ནས་མི་ཆོ་ལྡེམ་དྲུག་གི་སློབ་མ་སྟག་གཟིག་གི་[9]མཁས་པ་དམུ་ཙ་ཏྲ་ཧེ།ཞང་ཞུང་[10]གི་མཁས་པ་ཁྲི་ཐོག་སྤར་ཙ།གྷུ་ཧུ་ལུ་སྤར་ལེགས།རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་གྲོལ།རྒྱ་ནག་[11]གི་མཁས་པ་ལེགས་ཏང་རྨང་པོ།ཕྲོམ་[12]གྱི་མཁས་པ་གསེར་ཐོག་ལྕེ་འབྱམས།བོད་[13]ཀྱི་མཁས་པ་ཤ་རུ་དབུ་ཆེན།མེ་ཉག་[14]གི་མཁས་པ་ལྕེ་ཙ་མཁར་བུ།སུམ་པའི་མཁས་པ་མུ་སྤུངས་གསལ་བཏང་སོགས་ཀྱིས་སོ་སོའི་སྐད་དུ་བསྒྱུར་ཏེ་དར་སྤེལ་བཏང་།ཁྲི་སྲོང་སྐབས་སུ་བོད་དུ་བོན་བསྟན་དར་ནུབ་ནང་དུ་གཏེར་དུ་སྦས།དུས་རབས་བཅུ་པའི་དཀྱིལ་ཙམ་ནས་དྲང་རྗེ་བཙུན་པ་གསེར་མིག་གིས་དུར་ཁྲོད་ཞིག་གི་ནང་ནས་རྙེད་པར་བཤད།མར་བ་སྟག་ལ་ལ་དངོས་གྲུབ་དུ་བབས།[15]ཞེས་སོ།

དེའང་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ལས། དང་པོ་ཀུན་ཏུ་བཟང་པོ་ཟེར་བའི་བླ་མ་ཞིག་གིས་རྒྱལ་པོ་ར་ཛཱ་སྤུངས་པ་ལ་བརྒྱུད། དེར་ཞང་ཞུང་གི་བོན་པོ་ལི་མུར་གཙུག་ཕུད་ཀྱིས་ཞུས། དུས་རབས་བརྒྱད་པའི་སྐབས་སུ་ལོ་ཆེན་བཻ་རོ་ཙ་ནས་ཞང་སྐད་ནས་བོད་སྐད་དུ་བསྒྱུར་ཏེ་ཆོས་རྒྱལ་ཁྲི་སྲོང་ལ་ཕུལ། རྗེས་སུ་བན་བོན་ཕྱོགས་རིས་དང་ཆོས་སྲིད་འཐབ་རྩོད་ནང་དུ་བཻ་རོ་ཙ་ན་ཚ་བ་རོང་དུ་སྤྱུགས། རྒྱལ་པོས་ཀྱང་བོན་དཔེ་འདི་རྣམས་དཀོར་མཛོད་དུ་བཞག་པ་ལས་རྒྱ་ཆེར་མ་སྤྱོད། ཆོས་རྒྱལ་ཁྲི་སྲོང་འདའ་ཁར་སྲས་མུ་ཏིག་བཙན་པོ་ལ་གཏད། དེས་མངའ་བདག་རལ་བ་ཅན་ལ་གཏད། དེས་དར་མ་འུ་དུམ་བཙན་པོའམ་ལྷ་སྲས་དར་མའམ་གླང་དར་མ་ལ་གཏད་པས་བོད་བཙན་པོ་རིམ་བྱུང་གི་ཐུགས་དམ་གྱི་བོན་སྒོ་རུ་གྱུར། དར་མའི་སྲས་ཆེ་ཆུང་རྣམས་སྲིད་ལ་མ་འཆམ་ནས་ནང་འཁྲུགས་བྱུང་བ་ལ་དཔེ་ཆ་འདི་རྣམས་སྔགས་མཁན་དྲང་ང་དཔལ་གྱི་ཡོན་ཏན་གྱི་ཐོབ། བོན་གྱི་ལོ་རྒྱུས་རྣམས་སུ་དྲང་ང་དཔལ་གྱི་ཡོན་ཏན་ཉིད་གླང་དར་མའི་སྐུ་གཤེན་ཡིན་ཚུལ་བཤད།[16]དེ་ནས་བཟུང་དྲང་ང་མའི་ལོ་རྒྱུས་ཞེས་ཡོངས་སུ་གྲགས། དྲང་ང་དཔལ་གྱི་ཡོན་ཏན་གྱིས་སྲས་དྲང་ང་དཔལ་གྱི་གྲགས་པ་ལ་གཏད། དེས་སྲས་རིན་ཆེན་དཔལ་ལ་གཏད། དེ་དང་བཙུན་མོ་ཆེ་བར་སྲས་མེད་ཅིང་བཙུན་མོ་ཆུང་བ་ཞིག་བཞེས་པས་བུ་དྲང་ང་མདོ་ལ་འཁྲུངས། དེ་དགུང་ལོ་བཞི་བཞེས་པ་ན་ཡབ་སྐུ་སྙུང་། ཡབ་འདའ་ཁར་དྲང་རྗེ་བཙུན་པ་གསེར་མིག་མདུན་དུ་བོས་ཏེ་ངའི་བུ་འདི་ལོ་བཞི་ཡིན། དཔེ་ཆ་འདི་རྣམས་ངེད་ཚང་གི་ཕ་མྱེས་ནས་བརྒྱུད་པའི་ཕ་ནོར་ཡིན་པས། བུ་ལོ་བཅུ་གསུམ་མ་ལོན་པར་ཁྱེད་ཀྱིས་དཔེ་ཆ་འདི་རྣམས་གཏེར་ཏུ་སྦོས། ལོ་བཅུ་གསུམ་ལོན་པ་དང་གཏེར་ནས་ཐོན་ལ་ཁྱོད་རང་གཉིས་ཀས་བེད་སྤྱོད་ཀྱིས་གསུངས་ནས་བཀའ་བསྒོས་བྱས། དེའི་གོང་དུ་སུ་ལའང་མ་བསྟན་ཞེས་མནའ་བསྒགས་བཙན་པོ་བྱས། དེར་དྲང་རྗེ་ལགས་ཀྱིས་དྲང་ང་མའི་བུ་དེ་ཁྲིད་ནས་དྲང་ང་རིན་ཆེན་དཔལ་གྱི་ཁ་ཆེམས་ལྟར་བསམ་ཡས་ལྷ་ཁང་ནང་གི་གྱང་ངོས་སུ་གཏེར་དུ་སྦས། ལོ་བཅུ་གསུམ་ལོན་པ་དང་གཏེར་ནས་བཏོན། མདོ་གཟེར་མིག་ནི་དེའི་གྲས་སུ་བཞུགས་པའི་དཔེ་ཆ་རྩ་ཆེན་ཞིག་ཡིན།

དྲང་རྗེ་འཁྲུངས་ལོ་གསལ་པོ་བཀོད་མེད་ཀྱང་ཁོང་གི་སློབ་མ་མར་བ་སྟག་ལ་ཡིན་པ་དང་། དེའི་སློབ་མ་གཡུང་བཙུན་ཇོ་གདུང་། དེའི་སློབ་མ་བྲུ་ནམ་མཁའ་གཡུང་དྲུང་ཡིན་པར་ལེགས་བཤད་མཛོད་ལས་བཤད།བྲུ་ནམ་མཁའ་གཡུང་དྲུང་སྤྱི་ལོ༩༩༤པར་སྐུ་འཁྲུངས་བས་དྲང་རྗེ་བཙུན་པའང་ཕལ་ཆེར་དུས་རབས་བཅུ་པའི་སྟོད་དམ་དཀྱིལ་ཙམ་གྱི་མི་ཞིག་ཡིན་པར་སྨོས་མ་དགོས་ཏེ།[17]དཔེར་ན་དྲང་ང་དཔལ་གྱི་དབང་ཕྱུག་རྒྱལ་པོ་གླང་དར་གྱི་སྐུ་གཤེན་ཡིན་པས་ཁོང་དང་དུས་མཉམ་ཡིན་པ་སྨོས་མ་དགོས། རྒྱལ་པོ་གླང་དར་དུས་རབས་དགུ་པའི་ལོ་རབས་བཞི་བཅུ་པར་སྐུ་བཀྲོངས་ཚུལ་ཏུན་ཧོང་སོགས་ལས་གསལ། དྲང་ང་དཔལ་གྱི་དབང་ཕྱུག་གི་སྲས་དྲང་ང་དཔལ་གྱི་གྲགས་པ། དེའི་སྲས་དྲང་ང་རིན་ཆེན་དཔལ་ཡིན་པས། ཁོང་ནི་དྲང་རྗེ་བཙུན་པ་དང་དུས་རབས་གཅིག་གི་མི་ཡིན་པ་གོང་དུ་ཞུས་པ་ལས་ཤེས་པར་བྱའོ། །
འཕྲིན་སྟེགས། weikangba