
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས3ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་ཚོགས་འདུ་ཞང་ཀང་འགྲེམས་ཚོགས་ལྟེ་གནས་སུ་བསྡུས།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་གདན་དྲངས་པ་ལྟར། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས། ཚེས2ནས་ཚེས3ཉིན་བར། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་དོ་དམ་བཅོས་སྐྱོང་ཚོགས་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ། ཞང་ཀང་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་དང་ཀྲུང་གོའི་དངལ་གཏོང་ཁེ་ལས་ཀྱི་འཐུས་མི་བཅས་ལ་ཆེད་དོན་འཆད་ཁྲིད་ཐེངས་གསུམ་བྱས་པར་མ་ཟད། ཚོགས་ཞུགས་མི་སྣ་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧྲིན་ཁྲུན་ཡའོ་ཡིས་ཚོགས་ཆེན་ཐེངས་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་གྲུབ་འབྲས་གཙོ་བོར་དམིགས་ཏེ། ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་དོན་སྙིང་གཙོ་བོ་དང་ནང་དོན་གལ་ཆེན་ལ་སློབ་སྦྱོང་དང་དེར་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ཏང་འཛུགས་དང་ཏང་གི་རང་ངོས་གསར་བརྗེ་སོགས་ཀྱི་ཐད་ནས་བརྒྱུད་རིམ་ལྡན་པའི་ངང་སྒྲོག་འགྲེལ་དང་རྒྱས་བཤད་བྱས། ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་སྐོར་གྱི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་ཞང་ཀང་དང་ཨོ་མིན་གྱི་ལས་དོན་སྐོར་གྱི་རྒྱས་བཤད་ཟབ་མོར་འགྲེལ་བཤད་ཞིབ་མོ་བྱས། ཁོས་ཞང་ཀང་གི་འཕོ་འགྱུར་ཆེ་བའི་གནས་སྟངས་ལ་དམིགས་ཏེ། ཀྲུང་དབྱང་གིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལྟར་དུ། དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་དང་བཅོས་སྐྱོང་བྱེད་པའི་དབང་ཆ་ལག་བསྟར་ནུས་ལྡན་བྱས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལ་སྲུང་སྐྱོབ་དང་། “རྒྱལ་གཅེས་པས་ཞང་ཀང་སྐྱོང་བ”ཞེས་པའི་རྩ་དོན་དོན་འཁྱོལ་བྱས་ཏེ། ཞང་ཀང་གི་གནས་བབ་ཟང་ཟིང་ནས་བཅོས་སྐྱོང་བྱེད་པའི་བར་གྱི་འཕོ་འགྱུར་གལ་ཆེན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་བ་དེ་ནི། འདས་པའི་ལོ་ལྔའི་ནང་ཏང་དང་རྒྱལ་ཁབ་ཀྱིས་འགྲན་སློང་དང་ཚོད་བགམ་ཆེན་པོར་བདེ་བླག་ངང་ཁ་གཏད་འཇལ་བའི་ཕྱོགས་གལ་ཆེན་ཞིག་རེད་ཅེས་བསྟན།
ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཡོངས་སྲིད་གྲོས་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཞེ་ཧྥུའུ་ཀྲན་གྱིས“ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས”ཞེས་པ་སོགས་ཀྱི་བརྗོད་དོན་གཙོ་སྙིང་དུ་བཟུང་ནས་སྒྲོག་འགྲེལ་གཏིང་ཟབ་བྱས། ཁོས་ཀྲུང་གོ་གསར་པ་དབུ་བརྙེས་པ་དང་ཁྱད་པར་དུ་བཅོས་སྒྱུར་སྒོ་འབྱེད་བྱས་པའི་ཚུན་ལ། ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་སྟེང་དུ། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་ཐད་ནས་ཐོད་བརྒལ་གསར་པ་བྱུང་བ་བརྒྱུད། གཞི་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་ངོ་བརྒྱ་ལྷག་གི་རིང་ལ་འབད་འཐབ་བྱས་ནས་འཚོལ་ཞིབ་བྱས་ཏེ་རྙེད་པའི་བགྲོད་ལམ་ཡང་དག་ཡིན་པ་དང་། ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཀྲུང་གོའི་ཁྱད་ཆོས་གསར་ཤོས་དང་ངོ་བོའི་བླང་བྱར་རྒྱས་བཤད་ཟབ་མོ་བྱས་ཡོད་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལས་འགན་དང་རྩ་དོན་གལ་ཆེན་གཏན་འཁེལ་གསལ་པོ་བྱས་ཡོད་པས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འཐབ་ཇུས་ཀྱི་བཀོད་སྒྲིག་ཀྱང་བྱས་ཡོད་ཅེས་བསྟན།
ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དུ་སྡོད་པའི་ཀྲུང་དབྱང་མི་དམངས་སྲིད་གཞུང་འབྲེལ་གཏུག་གཞུང་ལས་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་སྒྲོག་འགྲེལ་བྱེད་སྒོར་ཞུགས་སྐབས་བསྟན་དོན། ཞང་ཀང་གི་ལས་རིགས་སོ་སོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱ་རྒྱུ་གཉིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་ལོའི་ཟླ7པའི་ཚེས1ཉིན་ཞང་ཀང་དུ་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱོད་ལམ་གསར་པའི་སྟེང་འབད་པས་བསྐྱོད་ནས། ཞང་ཀང་གི་གོ་སྐབས་གསར་པ་བརྩོན་ལེན་བྱེད་པའི་འཐབ་ཇུས་ཀྱི་གདེང་ཚོད་དང་ལོ་རྒྱུས་ཀྱི་རང་རྟོགས་སྔར་ལས་ཆེ་རུ་བཏང་སྟེ། ཞང་ཀང་གི་བཅོས་སྐྱོང་དང་འཕེལ་རྒྱས་ཀྱི་ལེའུ་གསར་པ་འབད་པས་རྩོམ་རྒྱུ་ཡིན།
བྱེད་སྒོ་སྤེལ་ཡུལ་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ཞང་ཀང་གི་ལས་རིགས་སོ་སོའི་མི་སྣ་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས་ནས་དྲི་བར་ལན་བཏབ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིས་ཅ་ཁྲའོ་སོགས་འབྲེལ་ཡོད་སྒྲོག་འགྲེལ་བྱེད་སྒོར་ཞུགས།
ལིས་ཅ་ཁྲའོ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་རྒྱལ་ཁབ་དང་ཞང་ཀང་གི་འབྱུང་འགྱུར་འཕེལ་རྒྱས་དང་འབྲེལ་བ་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་ལ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་ཡུན་རིང་བརྟན་པོར་སྤེལ་བ་དང་ཞང་ཀང་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་མིན་དང་འབྲེལ་བ་ངེས་ཅན་ཡོད། མ་འོངས་པའི་ལོ་ལྔ་ནི་ཞང་ཀང་དུ་རྣམ་པ་གསར་པ་བསྐྲུན་པ་དང་འཕུར་མཆོང་གསར་པ་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་སྐབས་ཡིན་པས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལ་རྒྱུས་ལོན་ཡང་དག་བྱས་ན། གཞི་ནས་ང་ཚོས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”བརྟན་པོའི་ངང་ལག་བསྟར་བྱེད་ཐུབ་པ་དང་། ཞང་ཀང་རྒྱལ་ཁབ་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་སྔར་ལས་ལེགས་པའི་སྒོ་ནས་སིམ་འདྲེས་ཡོང་བར་ཕན་ཐོགས་ཡོད་ཅེས་བསྟན།
ཚེས3ཉིན་གྱི་ཕྱི་དྲོར་བསྡུས་པའི་སྒྲོག་འགྲེལ་ཚོགས་འདུ་དེ་ད་དུང་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲ་ངོས་དང་དེ་བཞིན་ཞང་ཀང་གི་བརྙན་འཕྲིན་ལས་ཁུངས་གཙོ་བོ་དང་རླུང་འཕྲིན་ལས་ཁུངས་ནས་ཐད་གཏོང་བྱས་ཏེ། ཞང་ཀང་ཡོངས་ཀྱི་གྲོང་མིས་ཞིབ་ལྟ་བྱས་ཏེ་སློབ་སྦྱོང་བྱ་རྒྱུར་མཁོ་འདོན་བྱས། སྒྲོག་འགྲེལ་བྱེད་སྒོ་རབ་དང་རིམ་པར་ཞང་ཀང་གི་ལས་རིགས་སོ་སོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།