ནོར་བུ་སྲི་ཐར་གྱིས་ཚོགས་ཆེན་གཉིས་ལས་ཐང་གའི་སྐོར་གླེང་བ།

2020-05-26
520


 རྒྱལ་ཡོངསསྲིད་གྲོས་ཀྱི་ཨུ་ཡོན།  བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་གི་གསར་འཛུགས་པ་དང་འགན་འཁུར་པ། བོད་ཀྱི་ཐང་གའི་སྒྱུ་རྩལ་ལས་སྨན་གསར་ལུགས་ཀྱི་ཐང་གའི་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་རྒྱུད་འཛིན་པ་ནོར་བུ་སྲི་ཐར་ལགས་ཀྱིས་བོད་ཀྱི་ཐང་ག་རྒྱལ་ཡོངས་ཀྱི་མཛེས་རིས་འགྲེམས་ཚོགས་ནང་ཞུགས་པའི་གོ་སྐབས་མང་དུ་གཏོང་རྒྱུའི་ཐད་ཀྱི་གྲོས་གཞི་ཞིག་བཏོན་པ་དེར་འབྲེལ་ཡོད་ཕྱོགས་ནས་མཐོང་ཆེན་གནང་ཞིང་། མིག་སྔར་གྲོས་གཞི་དེ་སྒྲུབ་མུས་ཡིན་པ་རེད། དེ་མིན་ཁོང་རང་པོ་ཏ་ལའི་ལྡེབས་རིས་བསྐྱར་བཞེངས་གནངས་མཁན་ཡང་ཡིན།



ཁོང་གིས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་བསམ་འཆར་ཅི་འདྲ་བཏོན་འདུག་ཟེར་ན།


 ངས་བསམ་ན་བོད་ཀྱི་ཐང་ག་དེ་མཐོ་བརྒལ་ཆེན་པོ་ཞིག་བྱ་དགོས་ན་རྒྱལ་ཡོངས་ཀྱི་མཛེས་རྩལ་འགྲེམས་ཚོགས་ཆེན་མོའི་ཐོག་བོད་ཀྱི་ཐང་ག་འགྲེམས་སྟོན་བྱེད་པའི་གོ་སྐབས་མང་དུ་གཏོང་དགོས་ལ། ཕན་ཚུན་སློབ་སྦྱོང་བྱེད་པའི་གོ་སྐབས་ཐོབ་རྒྱུ་དང་།  རི་མོ་བ་རང་ཉིད་ཀྱི་ལྟ་རྒྱ་ཐོས་རྒྱ་ཡང་ཆེ་རུ་འགྲོ་རྒྱུ། དེ་མིན་ཐང་ག་རང་གི་ངོས་ཐད་ནས་འཛམ་པོ་གླིང་ལ་མིང་གྲགས་ཡོད་པ་ཞིག་ཏུ་ཆགས་ཡོད་པས། དེའི་མཚན་ཐོའི་ནང་མེད་ན། གཞོན་རབས་པ་དག་ལ་ཡང་སེམས་ཤུགས་མེད་པ་ཞིག་ཏུ་ཆགས་འགྲོ། དེ་འཇོག་ཐུབ་སོང་ན་བོད་ཀྱི་ཐང་གའི་སྒྱུ་རྩལ་འདི་ཉིད་རི་མོའི་སྒྱུ་རྩལ་གཞན་དང་མཉམ་དུ་དུས་རབས་ཀྱི་རླབས་རྒྱུན་དང་འགྲོགས་ནས་གོང་འཕེལ་འགྲོ་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཟེར།





ཐང་གའི་སྒྱུ་རྩལ་ཚོང་རའི་སྐོར་ནས་ཅི་འདྲ་གསུངས་འདུག 



དུས་ད་ལྟ་ཐང་གའི་ཁྲོམ་ར་དེ་སྔོན་དང་བསྡུར་ན་རྒྱ་ཆེན་པོར་ཆགས་ཡོད་ལ།  སྔོན་ཆད་ལྟ་བུར་མཚོན་ན་དགོན་པ་དང་ལྷ་ཁང་། མཆོད་ཁང་སོགས་སུ་དད་རྟེན་དུ་བཞུགས་ཡོད་ལ། དུས་ད་ལྟ་རྒྱལ་ནང་དང་ཕྱིའི་རྒྱལ་ཁབ་སོགས་ནས་རྩ་ཆེན་པོ་དང་ནོར་བུ་ཞིག་ཏུ་བརྩིས་ནས་དགའ་བསུ་ཆེན་པོ་ཐོབ་བཞིན་འདུག  དེ་ནང་བཞིན་ཁྲོམ་ར་རྒྱ་ཆེར་གྱུར་བ་དང་བསྟུན་ནས་ཐང་ག་འབྲི་མཁན་ལ་ཡང་སྒུལ་ཤུགས་དང་ཕན་ཆེན་པོ་ཐོགས་ཡོད་ལ། དད་པ་ཅན་གྱིས་དད་རྟེན་དུ་འཛིན་པ་དང་། དད་པ་མེད་པ་ཚོས་དེའི་སྒྱུ་རྩལ་གྱི་རིན་ཐང་ལ་གདེངས་འཇོག་བྱས་ནས་ཉར་ཚགས་བྱེད་བཞིན་ཡོད་རེད།  དེ་བས་དད་པའི་རྟེན་ཡིན་ཡང་ཆོག སྒྱུ་རྩལ་ལ་དགའ་བ་གང་ཡིན་ཡང་ངས་བལྟས་ན་ཡིད་སེམས་ནས་དུང་བ་སྐྱེས་པ་ཞིག་ཡིན་པས། གཅིག་པ་རེད་བསམ་འདུག་ཟེར།





བོད་ཀྱི་ཐང་གའི་སྒྱུ་རྩལ་གྱི་མ་འོངས་པའི་ལམ་ག་དེ་གང་འདྲ་ཞིག་ཡིན་རྒྱུ་རེད་ཟེར་ན།


 ཐོག་མར་སྒྱུ་རྩལ་ལམ་ལས་ཀ་གང་ཞིག་འབད་དུས་དེ་ལ་ཁྲོམ་ར་ཞིག་ཡོད་དགོས་ལ། ཐང་ག་འབྲི་མཁན་ཞིག་ལ་མཚོན་ན་ཡང་། གལ་ཏེ་ཁྲོམ་ར་མེད་ན། འབྲི་མཁན་ཡང་ཉུང་ནས་ཉུང་དུ་འགྲོ་སྲིད།  དེ་བས་ཐང་གའི་སྒྱུ་རྩལ་གྱི་ཁྱད་ཆོས། ནང་དོན། ཕན་ནུས་ལ་སོགས་པའི་ཤེས་བྱ་དེ་དག་ཁྱབ་བསྒྲགས་མང་པོ་བྱེད་དགོས་ལ། དེ་ལྟར་བྱས་ན་ད་གཟོད་ཁྲོམ་ར་རྒྱ་ཆེན་པོར་ཆགས་འགྲོ་བས། དགེ་རྒན་གྱིས་ཀྱང་བློ་གཅིག་རྩེ་གཅིག་གིས་སློབ་ཁྲིད་བྱེད་པ་དང་སློབ་མ་དག་གིས་དད་པ་རྩེ་གཅིག་གིས་སློབ་སྦྱོང་བྱས་ན་ད་གཟོད་གྲུབ་འབྲས་ཡག་པོ་འབྱུང་སྲིད་པས་མི་སྣ་གསོ་སྐྱོང་ཡག་པོ་བྱས་ནས་འཛམ་གླིང་གི་སྒྱུ་རྩལ་རིག་གནས་གཞན་དག་དང་གོམ་པ་མཉམ་སྤོ་བྱ་ཐུབ་མིན་ལ་འབད་དགོས





      ན་ནིང་ནོར་བུ་སྲི་ཐར་ལགས་ལ་ཀྲུང་གོའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་ལོ་འཁོར་མི་སྣ10ཡི་མཚན་རྟགས་གནང་ཞིང་།  བོད་ཀྱི་ཐང་ཀའི་སྒྱུ་རྩལ་ལ་གཟི་བརྗིད་ཞིག་ཏུ་ཆགས་པ་མ་ཟད། ཁོང་གིས་རང་ཉིད་ལ་དེ་ལྟ་བུའི་གཟི་བརྗིད་མཚན་སྙན་ཐོབ་པ་དེ་རང་སྒེར་གྱི་གྲུབ་འབྲས་ཁོ་ན་མིན་པར། གང་དེ་བོད་ཀྱི་ཐང་གའི་ཕྱག་ལས་གནང་མཁན་ཡོངས་ལ་སྤྲད་པའི་གཟི་བརྗིད་མཚན་སྙན་ཞིག་ཡིན་ཞིང་། གཙོ་བོ་ཕྱི་རབས་རྣམས་ལ་མིག་དཔེ་སྟོན་ཕྱིར་དང་སྐུལ་ལྕག་བྱེད་ཆེད་རེད་ཅེས་གསུངས།




  • 顶