བྲིས་པ་བློན་ཚང་བསྟན་ཁོ།

2024-03-19
7237

བློན་ཚང་བསྟན་ཁོ་ནི 1990 ལོར་རྔ་བ་རུ་སྐྱེས།   ལོ་དགུའི་སྟེང་ནས་སྣང་ཞིག་དགོན་ནས་རབ་བྱུང་གི་སྡོམ་པ་ཐོབ་ནས་ཁུ་བོ་ལྷུན་གྲུབ་རྒྱ་མཚོ་དང་།  ཡོངས་འཛིན་གཙུག་ཕུད་འོད་ཟེར།  ཡོངས་འཛིན་དཔོན་སློབ་སྤྲེའུ་བཙུན་ཀུན་བཟང་ལྷུན་གྲུབ།  ཞང་ཞུང་བློ་གྲོས་ཉི་མ་སོགས་ཀྱི་དྲུང་ནས་བོད་ཀྱི་རིག་གནས་ཆེ་ཆུང་ཀུན་ལ་སློབ་གཉེར་བྱས། 2014 ལོ་ནས་ལོ་བདུན་ཙམ་ལ་བཤད་སྒྲུབ་སློབ་གླིང་ནས་སློབ་གཉེར་གྱི་ཞོར་དུ་འཛིན་གྲྭ་ཁ་ཤས་ལ་དག་ཡིག་དང་ཡིག་གཟུགས་སློབ་ཁྲིད་བྱས།  2020 ལོར་ཨ་མདོ་ཤར་ཁོག་ཏུ་ཞང་བོད་ལྔ་རིག་སློབ་གླིང་གིས་གདན་ཞུས་ལྟར་དབྱར་ནང་གི་ངལ་གསོ་ལོ་གཉིས་ལ་སློབ་གླིང་དེར་ཡིག་གཟུགས་གསབ་ཁྲིད་བྱས། རིམ་བཞིན་དཀར་མཛེས་དང་རྔ་བའི་ཕྱོགས་ཀྱི་སྤྱི་ཚོགས་སློབ་གྲྭ་འགའི་ཡིག་གཟུགས་འགྲན་སྡུར་ཁྲོད་དུ་དཔྱད་འདེམས་དགེ་རྒན་དུ་གདན་ཞུས་བྱས།  སྔར་རྗེས་སུ་རྒྱལ་སྤྱིའི་ཝུན་པོ་ལྷན་ཚོགས་དང་།  ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་སོགས་ཀྱི་གཙོར་བྱས་ཏེ། པེ་ཅིན།  ཀྲེ་ཅང་།  ཡུན་ནན།  ཁྲིན་ཏུའུ།  ཀན་སུའུ་སོགས་ཀྱི་གྲོང་ཁྱེར་ནང་དུ་ཡིག་གཟུགས་འགྲེམ་སྟོན་བྱས་ཡོད་པར་མ་ཟད།   ཁུལ་དང་རྫོང་། དགོན་སྡེ་དང་སློབ་གྲྭ་སོགས་སུ་ཡིག་གཟུགས་ཀྱི་བྱ་འགུལ་ཡང་མང་ཙམ་སྤེལ་མྱོང་།  དེ་མིན་ཁམས་རྟའུ་དགུ་རྫ་དགོན་དང་ཨ་མདོ་ཤར་ཁོག་མཁར་ཡག་དགོན་གཉིས་ཀྱི་གཙུག་ལག་ཁང་ཆེན་མོ་གསར་བཞེངས་གནང་སྐབས་སུ་ནང་གི་ཤིང་རྐོའི་ཡི་གེའི་དཔེ་རིས་ཆ་ཚང་ཁོང་གིས་བྲིས།  2020ལོར་སི་ཁྲོན་ཞིང་ཆེན་ཏིང་ཨུའི་ཧྲུའུ་ཅི་བང་ཞོ་ཧྤེ་སོགས་ཁོང་གི་ཡིག་གཟུགས་འབྲི་བར་གཟིགས་མོལ་ཕེབས། 2022ལོར་རྫོ་རིམ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་རྣམ་གྲངས་ལས་ཞང་བོད་ཡིག་གཟུགས་རྒྱུད་འཛིན་པར་གདམས་ཐོན་བྱུང་། ལོ་དེ་དག་གི་རིང་དུ་ཡིག་གཟུགས་དང་སྙན་ངག་སོགས་ཀྱིས་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ་རྫོང་རིམ་པ་བཅས་ནས་བྱ་དགའ་ཐོབ་མྱོང་། 2022ལོར་མདོ་སྨད་སྣང་ཞིག་དགོན་ཆེན་ནས་བཀའ་རམས་པའི་དམ་བཅའ་བཞག་རྗེས་སྣང་ཞིག་དགོན་ཆེན་གྱི་དགེ་བའི་བཤེས་གཉེན་གྱི་མཚན་རྟགས་གསོལ། ཉེ་བའི་ལོ་འདི་དག་གི་རིང་དུ་བོད་ཀྱི་ཆོས་རྒྱུད་གྲུབ་མཐའ་རིས་སུ་མ་ཆད་པར་ས་དགེ་རྙིང་གསུམ་ཇོ་བོན་སོགས་ཀྱི་དགེ་འདུན་པ་དང་སྤྱི་ཚོགས་སློབ་གྲྭའི་དགེ་རྒན་དང་སློབ་མ་མང་པོར་ཡིག་གཟུགས་ཀྱི་སློབ་ཁྲིད་བྱས་ཡོད་པར་མ་ཟད།  སྒོ་བྱང་དང་ཚོང་རྟགས་ཐོན་རྫས་མི་ཉུང་བ་ཞིག་ཏུ་བོད་ཀྱི་ཡིག་གཟུགས་སྣ་ཚོགས་བཀོད་ཏེ་དེང་རབས་ཀྱི་འགྲོས་དང་བསྟུན་པའི་སྒོ་ནས་བོད་ཀྱི་ཡིག་གཟུགས་ཁྱབ་སྤེལ་བྱས།  དེ་མིན་བརྩམས་ཆོས་དག་ཨ་མདོ་བརྙན་འཕྲིན་ཁང་།  སི་ཁྲོན་བརྙན་འཕྲིན་ཁང་དང་། ཁམས་པའི་བརྙན་འཕྲིན་ལས་བརྙན་སྟེགས་དང་འདར་དབྱངས་འཕྲིན་ལམ་སོགས་སུ་འོས་སྦྱོར་བྱས་ཤིང་།  མཚོ་སྔོན་པོ་བོད་ཡིག་དྲ་བ།  གངས་ལྗོངས་ཉི་གཞོན་དྲ་བ།  རྒྱལ་གཤེན་བོན་སྒྲ་དྲ་བ།  ཧི་མ་ལ་ཡི་བོན་དྲ་བ།  ཡོངས་འཛིན་དྲ་བ་དང་དུས་དེབ་ཁག་ཏུ་བརྩམས་ཆོས་མང་དག་སྤེལ་བའོ། །

  • 顶