༡༩༢༣ ལོར་མི་ཉག་མགོན་པོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དར་མདོ་རྫོང་ཤར་མི་ཉག་རིང་མོའི་སྨད་འབོ་ཡུལ་གངས་དཀར་གྱི་ཉེ་འགྲམ་དུ་ཆགས་པའི་མི་རྒྱུད་གྲོང་སྟོད་ཀྱི་འབྱོར་འབུ་ཚང་ལ་འཁྲུངས། དགུང་ལོ༥ལ་སོན་དུས་མ་ཡུམ་གྱི་ཁ་བཀོད་ལྟར་འབོ་གངས་དཀར་སྤྲུལ་སྐུ་དགེ་རྒན་ལ་བསྟེན་ནས་སྦྱོར་ཀློག་འདོན་ཆོག་སོགས་སྦྱངས་འགོ་ཚུགས། དུས་དེ་ནས་བཟུང་མི་ལོ༢༨ཀྱི་རིང་ལ་གངས་དཀར་སྤྲུལ་སྐུ་དང་འབྲལ་མེད་དུ་ཕྱག་ ཕྱིར་འབྲངས་ནས་མདོ་སྔགས་ཀྱི་གཞུང་སོགས་ལ་གསན་སྦྱོང་རྒྱ་ཆེར་མཛད།
སྨྱུག་འཛིན་པས་བཅར་འདྲི་ཞུས་པའི་སྐབས་སུ་ཁོང་རང་དང་ཕ་ཡུལ་གཅིག་པའི་ཇེ་དགའ་ཡང་ཏག་ཏག་དེར་སླེབས། ཁ་བརྡ་ལབ་ཞོར་དུ་ཇེ་དགས་མི་ཉག་མགོན་པོའི་འབྲེལ་ཡོད་གནས་ཚུལ་སྐོར་སྨྱུག་འཛིན་པར་ངོ་སྤྲོད་བྱས་བྱུང་། མི་ཉག་མགོན་པོས་ཆུང་དུས་ནས་གངས་དཀར་སྤྲུལ་སྐུའི་མདུན་ནས་སུམ་རྟགས་དག་གསུམ་དང་སྙན་ངག སྒྲ་རིག་པ། ཚད་མ། གསོ་བ་རིག་པ། ནང་དོན་རིག་པ་སོགས་བོད་ཀྱི་བཅུ་ཕྲག་རིག་གནས་མཐའ་དག་གསན་སྦྱོང་ཟབ་མོ་མཛད་ མྱོང་བ་མ་ཚད། ད་དུང་གངས་དཀར་སྤྲུལ་སྐུ་དང་ལྷན་དུ་བོད་ལྗོངས་དབུས་གཙང་དང་། བོད་ཀྱི་རིག་གནས་བང་མཛོད་ཁམས་སྡེ་དགེར་ཕེབས་ཏེ་མཁས་པའི་དབང་པོ་བཅུ་ཕྲག་ལྷག་དགེ་རྒན་ལ་བསྟེན་ནས་མདོ་སྔགས་རིག་གནས་མན་ངག་བཅས་ལ་སྦྱང་བརྩོན་ལེགས་པ་མཛད་ མཐར། གངས་དཀར་སྤྲུལ་སྐུའི་སློབ་མ་ཡོངས་རྫོགས་ནང་དུ་ཆེས་འཇོན་ནུས་ཅན་དུ་གྱུར་པས་ཕྱིན་ཆད་ཁོང་རང་གིས་བོད་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ གཏོང་བར་རྨང་གཞི་ཆེས་བརྟན་པོ་ཞིག་བཏིང་ཡོད་པ་རེད། ༡༩༥༢ལོར་དགུང་ལོ༢༩ལ་སོན་པའི་མི་ཉག་མགོན་པོ་ཉིད་གོང་རིམ་གྱི་འབོད་སྐུལ་དང་ལེན་བྱས་ནས་རྒྱལ་ཁབ་ཀྱི་མི་རིགས་ལས་བྱེད་པ་མཛད། སྔོན་རྗེས་སུ་དཀར་མཛེས་ཁུལ་རིག་གནས་སློབ་གསོ་ཅུས་དང་། དཀར་མཛེས་ཁུལ་ཡིག་སྒྱུར་ཅུས། དཀར་མཛེས་ཁུལ་སློབ་དེབ་རྩོམ་སྒྱུར་ཅུས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་པོ་བཅས་སུ་སློབ་ཁྲིད་དང་སློབ་དེབ་རྩོམ་སྒྱུར་ གྱི་ཕྱག་ལས་མཛད་ནས་མི་རིགས་ལས་བྱེད་པ་གསོ་སྐྱོང་བྱེད་པར་དགོས་ངེས་ཀྱི་བྱས་ རྗེས་དུ་མ་བཞག་ཡོད།
འཕྲིན་སྟེགས། weikangba