ཀརྨ་འཕྲིན་ལས།

2024-04-25
204

གྲགས་ཅན་གྱི་བོད་རིག་པ་མཁས་ཅན། བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་ཆེ་སྐུ་གཞོན། བོད་ལྗོངས་ནང་བསྟན་གྱི་གདན་ཞུས་དགེ་རྒན་ཆེན་མོ། བོད་ལྗོངས་ཡིག་གཟུགས་མཁས་པའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། རྩོམ་པ་པོ་བཅས་ཡིན་པའི་མཁར་བླ་ཀརྨ་འཕྲིན་ལས་དགེ་ལེགས་མཆོག་ནི། སྤྱི་ལོ་1953ལོར་ལྷ་སར་སྐུ་འཁྲུངས། རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་མཆོག་ནས་ཀརྨ་འཕྲིན་ལས་དགེ་ལེགས་ཞེས་པའི་མཚན་གནང་། ཁོང་སྐུ་ན་ཆུང་དུས་སུ་(རིག་གསར་)གྱི་ལས་འགུལ་རྐྱེན་གྱིས་སློབ་ཆུང་ལོ་རིམ་བཞི་པ་ཙམ་ནས་སློབ་གྲྭར་ཕེབས་རྒྱུའི་གོ་སྐབས་ཤོར་ནའང་རང་སྦྱོང་ལ་བརྟེན་ནས་ཤེས་ཡོན་ཅན་དུ་གྱུར། སྤྱི་ལོ་1971ལོ་ནས་ལྷ་ས་གྲོ་འཐག་ལས་ཁུངས་སུ་ཕྱག་ལས་གནང་བ་དང་། སྤྱི་ལོ་1985ལོར་བོད་ལྗོངས་སློབ་གྲྭ་ཆེན་མོར་ལས་བསྒྱུར་གནང་བ་ནས་དགེ་རྒན་གྱི་གར་སྟེགས་སྟེང་གཟི་བརྗིད་ཆེན་པོས་ཡར་འཛེགས་ནས་སློབ་ཁྲིད་སློབ་ཚན་«གཞོན་ནུ་དྲུག་གི་རྟོགས་བརྗོད་»དང་། «བཤེས་སྤྲིངས་» «སྤྱོད་འཇུག་ཆེན་མོ་»སོགས་སློབ་ཚན་ཁག་དྲུག་སློབ་ཁྲིད་གནང་། ཆེད་རྩོམ་བརྩམས་ཆོས་ཐད། སྤྱི་ལོ་1988ལོར་ནས་བཟུང་«ལུས་ཁམས་ཉི་མའི་གཉེན་པོ་»ཞེས་པ་དང་།

«སློབ་ཆེན་སློབ་དེབ་ཉེ་རབས་རྩོམ་རིག་»དང་ ། «ས་སྐྱ་ལེགས་བཤད་ཀྱི་འགྲེལ་གསར་མཁས་པ་མགུ་བའི་མཆོད་སྤྲིན་»དང་།«ཡིག་གཟུགས་སློབ་དེབ་ཁག་(6)དྲུག་» སོགས་ཁྱོན་དཔེ་དེབ་བཅུ་བཞི་བརྩམས་པ་དེ་དག་སྔ་རྗེས་སུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་། མི་རིགས་དཔེ་སྐྲུན་ཁང་གཉིས་ནས་དཔེ་བསྐྲུན་འགྲེམས་སྤེལ་བྱས་ཡོད། དཔྱད་རྩོམ་བརྩམས་ཆོས་ཐད། «རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ལས་བྱུང་བའི་རང་བྱུང་ཚན་རིག་གི་ཆ་ཤས་རགས་ཙམ་གླེང་བ་» ཞེས་པ་སོགས་དཔྱད་རྩོམ་ཁྱོན་དྲུག་ཅུ་ལྷག་བརྩམས་གནང་མཛད། གཟེངས་བསྟོད་ཀྱི་བྱ་དགའ་ ཐོབ་ཚུལ་ཐད།

སྤྱི་ལོ་1993ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཕུལ་བྱུང་དགེ་རྒན་དང་། སྔོན་ཐོན་དགེ་རྒན་སོགས་ཀྱི་མཚན་སྙན་ཐོབ་པ་མ་ཟད། སྤྱི་ལོ་2005ལོར་རྒྱལ་ཡོངས་བཟོ་ཚོགས་སྤྱི་ཁྱབ་ཁང་ནས་རྒྱལ་ཡོངས་ཤེས་ཡོན་རང་བཞིན་ལྡན་པའི་ཕུལ་བྱུང་སྒེར་གྱི་མཚན་སྙན་ཐོབ་པ་དང་།

སྤྱི་ལོ་2007ལོར་བོད་ལྗོངས་བཟོ་ཚོགས་སྤྱི་ཁྱབ་ཁང་ནས་ལྗོངས་ཡོངས་ཀྱི་ཤེས་ཡོན་རང་བཞིན་ལྡན་པའི་ཕུལ་བྱུང་སྒེར་གྱི་མཚན་སྙན་ཐོབ་ཡོད། ལྷག་པར་དུ་ཁོང་ནས་ལོ་གསུམ་རིང་ལས་ཞོར་དུ་ བོད་ཡིག་ཡིག་གཟུགས་ཡུག་ཐང་རིང་མོ་ཞིག་ཕྱག་བྲིས་མཛད་པ་དེ་ལ། སྤྱི་ལོ་2004ལོར་ཧྲང་ཧའི་འཛམ་གླིང་ཆེན་མོའི་ཅི་ཉི་སིའི་སྤྱི་ཁྱབ་ཁང་ནས། འཛམ་གླིང་ཆེན་མོའི་ཅི་ཉི་སིའི་ཡིག་གཟུགས་རྩེ་གྲས་ནང་ འཇུག་པའི་བྱ་དགའ་ཆེན་མོ་ཐོབ་པ་སོགས། རྒྱལ་ཁབ་རིམ་པའི་བྱ་དགའ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཁྱོན་དྲུག་བཅུ་ལྷག་ཐོབ་ཡོད། མདོར་ན་ཁོང་ཉིད་དེ་སྔོན་བོད་ལྗོངས་ནང་བསྟན་གྱི་གདན་ཞུས་དགེ་རྒན་ཆེན་མོ་ཡིན་པ་དང་། ཀྲུང་གོ་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་།

བོད་ལྗོངས་གཞོན་ནུའི་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་པ། བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་ཞིབ་འཇུག་མཐུན་ཚོགས་ཀྱི་ལས་འཛིན་པ། གྲོང་ཁྱེར་ལྷ་སའི་རྩོམ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱི་གདན་ཞུས་སློབ་དཔོན། བོད་ལྗོངས་རིག་གནས་འཕེལ་རྒྱས་སྐུལ་སྤེལ་མཐུན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་པ། དགའ་སྐྱིད་གླིང་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་སིའི་སློབ་དཔོན་བཅས་ཀྱི་ཕྱག་ལས་གནང་བ་བཅས་སོ།།

  • 顶