བྲིས་པ་ཡེ་ཤེས་ཚུལ་ཁྲིམས།

2024-04-22
764

ཡེ་ཤེས་ཚུལ་ཁྲིམས་ནི་སྤྱི་ལོ་༡༩༦༤ལོར་གྲ་ཕྱི་འཇུ་གྲོང་ཚོའི་གྲང་མཁར་ཞེས་པའི་ཞིང་པའི་ཁྱིམ་ཞིག་ཏུ་སྐྱེས་ཤིང་།  ༡༩༧༨ལོ་ནས་༡༩༩༤ལོ་བར་འཇུ་སློབ་ཆུང་དུ་ཚབ་ཁྲིད་དགེ་རྒན་གནང་། ༡༩༩༤ལོ་ནས་༢༠༠༨ལོ་བར་གྲ་ནང་རྫོང་སློབ་འབྲིང་གི་བོད་ཡིག་དགེ་རྒན་གནང་།  ༡༩༩༦་ལོ་ནས་༡༩༩༧ལོ་བར་བོད་ལྗོངས་སློབ་ཆེན་དུ་བོད་ཡིག་ཟབ་སྦྱོང་ལ་བསྐྱོད། ༢༠༠༨་ལོ་ནས་༢༠༡༥ལོ་བར་ལྷོ་ཁ་ལས་རིགས་ལག་རྩལ་སློབ་གྲྭར་སློབ་ཁྲིད་དུ་བསྐྱོད། ༢༠༡༦ལོར་རྒན་ཡོལ་ཞུས། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་སློབ་གྲྭ་དང་རྫོང་རིམ་པའི་བྱ་དགའ་ཐེངས་མང་ཐོབ་པ་མ་ཟད་༡༩༩༨ལོར་ལྗོངས་རིམ་པའི་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ།  ༢༠༡༣ལོའི་ཟླ་༩་པར་༼ཀྲུང་གོའི་ཕུགས་འདུན་ཀློང་ཡངས་སུ་བསམ་ཞིང་རྒྱལ་སྟོན་ལ་རྟེན་འབྲེལ་ཞུ་བ༽ ཞེས་པའི་ལྗོངས་ཡོངས་ཀྱི་ལས་བཟོའི་ཡིག་གཟུགས་འགྲན་སྡུར་ནང་འབྲུ་ཚའི་ཡིག་གཟུགས་ལ་བྱ་དགའ་རིམ་པ་གསུམ་པ་ཐོབ། ༢༠༡༦ལོའི་ཟླ་༢པར་ལྗོངས་ཡོངས་ཀྱི་༼ཐོན་མིའི་ཕྱག་རྒྱུན༽ཞེས་པའི་ཡིག་གཟུགས་འགྲན་སྡུར་ནང་འཁྱུག་ཡིག་ལ་བྱ་དགའ་རིམ་པ་དང་པོ་དང་ཚུགས་ཐུང་ལ་བྱ་དགའ་རིམ་པ་གསུམ་པ་ཐོབ།  

༢༠༡༧ལོའི་ཟླ་༨་པར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་སྦྲང་ཆར་དུས་དེབ་རྩོམ་སྒྲིག་ཁང་ནས་མཉམ་གཉེར་གནང་བའི་༼ ཐོན་མིའི་མཛུབ་བྲིས ༽ ཞེས་པའི་ཡིག་གཟུགས་འགྲན་སྡུར་ནང་ཕུལ་བྱུང་བྱ་དགའ་ཐོབ།  ༢༠༡༧་ལོའི་ཟླ་༩་པར་ལྗོངས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུ་བའི་༼བོད་ལྗོངས་གསར་པའི་འགྱུར་ལྡོག་ལ་བསྟོད་བསྔགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུར་བསུ་བ་ཞུ་༽ཞེས་པའི་ལྗོངས་ཡོངས་ཀྱི་ལས་བྱེད་རྒན་གྲས་ཀྱི་ཡིག་གཟུགས་འགྲན་སྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ། ༢༠༡༧ལོའི་ཟླ་༡༠་པར་ལྗོངས་ཡོངས་ཀྱི་༼ཏང་གི་བཀའ་དྲིན་ངའི་སེམས་ནང་འཕྲོས་༽ཞེས་པའི་ཚོགས་ཆེན་བཅུ་དགུར་བསུ་བ་ཞུ་བའི་ཡིག་གཟུགས་འགྲན་སྡུར་ནང་ཕུལ་བྱུང་བྱ་དགའ་ཐོབ།  ད་དུང་ལྗོངས་དཔེ་མཛོད་ཁང་དང་འགྲེམས་སྟོན་ཁང་སོགས་ཀྱིས་ཡིག་གཟུགས་ཁག་ཅིག་ཉར་ཚགས་བྱས་ཡོད། 

༢༠༡༨ལོའི་ཟླ་༡༠་པར་ཀྲུང་གོ་དར་མའི་འཐུས་ཚོགས་ནས་༼འབངས་ཀྱི་སློབ་སྦྱོང་སྐར་ཚོགས་༽ཞེས་པའི་གཟེངས་རྟགས་གནང་།  རང་ལ་ཡོད་པའི་ཤེས་བྱ་ཅུང་ཟད་དེའང་ཕྱི་རབས་པར་འཇོག་ཐུབ་པར་བྱ་རྒྱུ་ནི་ཁོ་བོའི་དམ་བཅའ་གཤའ་མ་དེའོ།།  ད་ལྟ་བོད་ལྗོངས་ཡིག་གཟུགས་མཁའ་པའི་འཐུས་ཚོགས་ཀྱི་ལས་འཛིན་པ་དང་། ལྷོ་ཁའི་ཡིག་གཟུགས་མཁའ་པའི་ཁོངས་མི་ཡིན། 

  • 顶