བྲིས་མཁན་གངས་དཔལ།

2024-04-22
301

གངས་དཔལ།  སྨྱུག་མིང་། རྨ་འབྲོག་འཐོམ།

ཁོ་བོ་ནི། སྤྱི་ལོ༡༩༦༧ལོར། བྱང་རྩྭ་ཐང་ཡངས་པོ་ཕང་བ་རུ་ཚེ་སྲོག་གི་མྱུ་གུ་ཐོག་མར་འབུས། ཆུང་དུས་རང་གི་ཨ་ཞང་པད་མ་རིག་འཛིན་གྱི་དྲུང་དུ་ཡི་གེ་འབྲི་ཀློག་ཐོག་མར་སྦྱངས་པ་བརྒྱུད། བོད་ཡིག་འབྲི་ཀློག་ལ་བག་ཆགས་བཟང་པོ་བཞག་པས་རྫི་ཞོར་དུ་གཡའ་ལེབ་དང་གངས་འཁྱགས་སོཁས་ཀྱི་སྟིང་དུ་མཛུབ་མོས་ཡེ་གེ་འབྲི་སྦྱོང་བྱས་པས་མཛུམ་མོའང་འཁྱག་རྡོལ་ཐེངས་མང་ཐེབས། སྤྱི་ལོ༡༩༩༠ལོར་ནག་ཆུ་ས་ཁུལ་སློབ་འབྲིང་དམའ་འབྲིང་གསུམ་པ་ཐོན་རྗེས། སྐབས་དེར་དགེ་རྒན་དཔུང་ཁག་གི་གྲངས་ཚད་ཉུང་ཞིང་སློབ་གསོ་ཆེས་དཀའ་ངལ་ཆེ་བའི་དུས་དེ་ནས་བཟུང་ད་བར་གླ་ཕོགས་དང་ཐོབ་ཐང་དམའ་ཡང་ཇི་མི་སྙམ་པར་བོད་ཀྱི་སློབ་གསོའི་བྱ་གཞག་ཐད་མངོན་མེད་ཀྱི་གླ་པ་བྱས་ནས་ལེགས་སྐྱེས་ཕུལ་དང་འབུལ་བཞིན་ཡོད། དེའི་རིང་ལས་ཞོར་དུ་བོད་ཀྱི་ཐུན་མོང་རིག་གནས་སྤྱི་དང་ལྷག་པར་དུ་བོད་ཀྱི་ཡིག་གཟུགས་ཚད་ལྡན་ཞིག་ཤེས་ཕྱིར།  དགེ་བའི་བཤེས་གཉེན་རྡོ་དགོན་གསང་བདག་རྡོ་རྗེ་དང་། རྒན་བསྟན་འཛིན་ལགས། རྒན་སྤེན་ནོར་ལགས། རྒན་ལེགས་བཤད་བཟོད་པ་སོགས་ཇི་སྙེད་ཅིག་བསྟེན་ནས་གཞུང་ལུགས་དང་ཡིག་གཟུགས་སྐོར་ལེགས་བཅོས་གང་ཐུབ་བྱས་ཏེ་སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་། ལྗོངས་རིམ་པ། གྲོང་ཁྱེར་དང་སགནས་རིམ་པའི་བྱ་དགའ་ལྔ་བཅུ་ལྷག་ཐོབ་མྱོང་ལ། ད་ལྟ་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་གངས་ལྗོངས་དངུལ་སྨྱུག་ཡིག་མཁན་གྱི་མཚན་སྙན་རགས་ཤིང་། བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་། ནག་ཆུ་གྲོང་ཁྱེར་གྱི་རྩོམ་པ་པོ་ཐུས་ཚོགས་ཀྱིཚོགས་མི།ལྷ་སར་ནག་ཆུའི་དགེ་རྒན་གྱི་རྒྱུན་མཐུད་སློབ་གསོའི་གསོ་སྐྱོང་ལྟེ་གནས་ཀྱི་གདན་ཞུའི་དགེ་རྒན་དང། ནག་ཆུ་གྲོང་ཁྱེར་ཡིག་རིས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། གསེར་རྙེད་ཆུས་《གང་བཟང་ཤེས་རིག་དཔེ་ཚོགས》རྩོམ་སྒྲིག་ཞུ་དག་པ་སོགས་ཡིན་ལ་། བོད་རང་སྐྱོང་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ལྔ་པ་དང་དྲུག་པའི་འཐུས་མི་བཅས་ཡིན།ད་ལྟ་སྔར་བཞིན་སློབ་གྲྭའི་སློབ་མ་དང་དགོན་པའི་གྲྭ་བཙུན། སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་སོགས་བོད་སྐད་ཡིག་ལ་དགའ་ཞེན་དུང་གསུམ་གནང་མཁན་རྣམས་ལ་བུམ་པ་གང་བྱོའི་ཚུལ་དུ་སློབ་བཞིན་ཡོད།

  • 顶