བྲིས་མཁན་བློ་བཟང་པད་མ།

2024-04-22
252

བློ་བཟང་པད་མའམ་པད་མ་སྨྱུག་མིང་ཆུ་སྐྱེས་གཞོན་ནུ།  ༡༩༨༡ལོར་ལྷོ་ཁ་འཕྱོངས་རྒྱས་རྫོང་དུ་ལྟེ་ཁྲག་འཕོས།  ལོ་༧ནས་སློབ་གྲྭར་བསྐྱོད།  ༡༩༩༩ལོར་དམག་ཞབས་བྱས།   ༢༠༠༢ལོར་དངོས་སུ་ལས་ཀར་བཞུགས་པ་དང་སློབ་འབྲིང་དུས་ནས་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་རྒྱུར་དགའ་ཞིང་སློབ་གྲྭའི་ཡིག་གཟུགས་དང་བོད་ཀྱི་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་ལ་བཞུགས་མྱོང་།

ལས་ཀར་བཞུགས་པའི་རྗེས་ལོ་འགའི་ནང་བོད་ཀྱི་ཡིག་གཟུགས་ལ་རང་སྦྱོང་བྱས།  སྤྱི་ལོ་༢༠༡༦ལོར་ལྗོངས་དཔེ་མཛོད་ཁང་དང་ལྷོ་ཁ་ཨེ་པ་ཚང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་མཉམ་གཉེར་བྱས་པའི་སྐབས་དང་པོའི་ལྷོ་ཁའི་དར་མའི་གཞུང་བྲིས་ཡིག་གཟུགས་འཛིན་གྲྭར་བཞུགས་པ་དང་ལྷོ་ཁའི་ཡིག་མཁན་ཆེན་མོ་འཇུ་ཡེ་ཤེས་ཚུལ་ཁྲིམས་སྐུ་མདུན་ནས་གཞུང་བྲིས་ཡིག་གཟུགས་སློབ་སྦྱོང་ཞུས། སྤྱི་ལོ་༢༠༡༧ལོར་ལྷོ་ཁའི་ཨེ་བྲིས་རྒྱུད་འཛིན་པ་དགའ་ཆེན་པ་རྡོ་རྗེ་ཚེ་རིང་ཞབས་ལ་གཏུགས་ནས་ཨེ་བྲིས་ཡིག་གཟུགས་སློབ་སྦྱོང་ཞུས།

ཐོབ་པའི་གྲུབ་འབྲས་སྤྱི་ལོ་༢༠༡༥ལོར་ལྷོ་ཁ་སྣེ་གདོང་ཆུས་ཀྱི་དགོན་སྡེར་བཅའ་སྡོད་ལས་དོན་ཚོ་ཆུང་གི་ཡིག་གཟུགས་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་༢༠༡༦ལོར་ལྷོ་ཁ་སྣེ་གདོང་ཆུས་ཀྱི་རྒྱལ་ཁབ་དབུ་བརྙེས་པའི་བྱེད་སྒོའི་ནང་ཡིག་གཟུགས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ།  ༢༠༡༧ལོར་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་མཐུན་ཚོགས་ཀྱིས་མཉམ་གཉེར་བྱས་པའི་སྐབས་དང་པོའི་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་གྱི་ཡིག་གཟུགས་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ། སྤྱི་ལོ་༢༠༡༨ལོར་བླ་བྲང་རྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ནང་བྱ་དགའ་རིམ་པ་དང་པོ་ཐོབ།    སྤྱི་ལོ་༢༠༡༨ལོའི་སྐབས་གསུམ་པའི་པུར་རྒྱལ་རིག་གནས་ཡུལ་སྐོར་དུས་ཆེན་ནང་བོད་ཡིག་ཡིག་གཟུགས་ཀྱི་བྱ་དགའ་རིམ་པ་གསུམ་པ་ཐོབ།  ༢༠༢༠ལོར་ལྷོ་ཁ་གྲོང་ཁྱེར་མི་རིགས་ཆོས་དོན་ཅུས་ཀྱིས་སྤེལ་བའི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད།  ཅེས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བརྗོད་དོན་གཙོ་བོར་བྱས་པའི་ཡིག་གཟུགས་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གིས་གཙོ་གཉེར་བྱས་པའི་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་བོད་ལྗོངས་གསར་པ་འཛུགས་བསྐྲུན་བྱེད་ཞེས་པའི་བོད་ལ་ཞི་བའི་བཅིང་འགྲོལ་བཏང་ནས་ལོ་ངོ་༡༠༠འཁོར་བའི་འགྲན་བསྡུར་ནང་བྱ་དགའ་རིམ་པ་གཉིས་པ་ཐོབ།  སྤྱི་ལོ་༢༠༢༣ལོར་རང་སྐྱོང་ལྗོངས་རིམ་པ་དང་གྲོང་ཁྱེར་རིམ་པའི་བྱ་དགའ་མི་དམན་པ་ཐོབ། སྤྱི་ལོ་༢༠༡༨ལོར་བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་དང་ལྷོ་ཁ་གྲོང་ཁྱེར་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཚོགས་མིར་བཞུགས།     ༢༠༡༧ལོར་ལྗོངས་དཔེ་མཛོད་ཁང་དང་ལྷོ་ཁའི་ཨེ་པ་ཚང་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སིས་མཉམ་གཉེར་བྱས་པའི་དར་མའི་ཡིག་གཟུགས་འཛིན་གྲྭའི་ཕུལ་བྱུང་སློབ་མར་འདེམས་ཐོན་བྱུང་ཡོད།

  • 顶