
༡༩༦༥ལོར་སྙེ་མོ་རྫོང་དར་གྲོང་གྲོང་ཚོར་སྐུ་འཁྲུངས། ༡༩༨༩ལོར་བོད་ལྗོངས་སློབ་ཆེན་བོད་སྐད་ཡིག་ཚན་ཁག་ཆེད་གཉེར་འཛིན་གྲྭ་ནས་སློབ་ཐོན་བྱུང་། ༡༩༩༢ལོར་བོད་ལྗོངས་སློབ་ཆེན་འཕྲིན་བརྒྱུད་སློབ་གསོའི་རྒྱའི་སྐད་ཡིག་དངོས་གཞིའི་འཛིན་གྲྭ་ནས་སློབ་ཐོན་བྱུང་། ༡༩༨༩ལོ་ནས་༡༩༩༠ལོ་བར་ལྷ་ས་སྟོད་ལུང་སློབ་འབྲིང་དུ་བོད་སྐད་ཡིག་གི་སློབ་ཁྲིད་གནང་། ༡༩༩༠ལོ་ནས་༢༠༡༦ལོ་བར་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་ལོ་ངོ་༢༧ཙམ་བོད་སྐད་ཡིག་སློབ་ཁྲིད་གནང་བ་དང་དེའི་རིང་སློབ་གྲྭའི་རིམ་པ་དང་གྲོང་ཁྱེར་རིམ་པ། ལྗོངས་རིམ་པའི་སྔོན་ཐོན་དགེ་རྒན་གྱི་མཚན་སྙན་མི་ཉུང་བ་ཐོབ་མྱོང་། བོད་སྐད་ཡིག་གི་དགེ་རྒན་ཆེན་མོ་བའི་ལས་གནས་ཐོབ་ཐང་ཡོད།
༢༠༡༦ལོའི་ཟླ་བ་༡༠པར་ལས་བྲལ་ལས་འགྱུར་ཞུས། ད་ལྟ་ཁོང་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་། ལྷ་ས་གྲོང་ཁྱེར་ཡིག་གཟུགས་མཐུན་ཚོགས་ཀྱི་གཙོ་འཛིན་གཞོན་པ། ཁོང་གིས་ལོ་ངོ་སུམ་ཅུར་ཉེ་བའི་སློབ་ཁྲིད་ཀྱི་ཉམས་མྱོང་ལ་བལྟེན་ནས་སྔ་ཕྱིར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་པར་བསྐྲུན་བྱས་པའི་<<སུམ་རྟགས་འགྲེལ་ཆུང་གོ་བདེའི་ལྡེ་མིག>><<སྙན་ངག་དོན་རྒྱན་སོ་ལྔའི་དཔེར་བརྗོད་ཏམྦུའི་སྒྲ་དབྱངས།>><<བརྡ་སྤྲོད་ཀྱི་རྨང་གཞི་དང་རྒྱུན་སྤྱོད་ཤེས་མྱའི་མུན་སེལ་སྐྱ་རེངས།>><<དགེ་འོས་སློབ་གྲྭའི་བོད་ཡིག་ཆེད་ལས་འཛིན་གྲྭའི་སྙན་གཞུང་སློབ་དེབ།>>སོགས་བརྩམས་པ་རྩོམ་སྒྲིག་གནང་ཡོད། <<བོད་ལྗོངས་ཞིབ་འཇུག>>དང་<<བོད་ལྗོངས་སློབ་གསོ།>>སོགས་ཀྱི་དུས་དེབ་ནང་<<དར་མའི་སློབ་གསོའི་དོ་དམ་སྐོར།>>དང་<<སློབ་མའི་རང་འགུལ་ནུས་པ་བསྐྱེད་བསྲིང་བྱ་ཐབས།>>སོགས་ཀྱི་དཔྱད་རྩོམ་མི་ཉུང་བ་སྤེལ་གནང་ཡོད། ད་དུང་<<བརྡ་སྤྲོད་རིག་པར་འཇུག་པའི་སྒོ།>><<སུམ་རྟགས་ཀྱི་བསྐྱར་སྦྱོང་མུན་སེལ་སྐྱ་རེངས།>>སོགས་ནང་ཁུལ་དཔྱད་གཞི་མང་པོ་ཞིག་བརྩམས་བསྒྲིགས་གནང་ནས་རིན་མེད་རྒྱུད་སྤེལ་བྱེད་བཞིན་ཡོད། བོད་ཡིག་ཡིག་གཟུགས་བརྩམ་བྱ་<<སྐྱོ་གླུ།>><<འཁྱུག་ཡིག>>ཀྲུང་གོའི་གཟི་ཚ་སྡེ་དགུའི་རྒྱ་བོད་ཡིག་གཟུགས་འགྲན་ཚོགས་ཆེན་མོའི་ནང་དངུལ་གྱི་རྟགས་མ་ཐོབ་པ་དང་། དེ་མིན་ལྗོངས་ནང་ཁུལ་གྱི་ཡིག་གཟུགས་འགྲན་ཚོགས་ནང་གི་འཁྱུག་ཡིག་དང་སྙེ་བྲིས་ཀྱི་ཡིག་གཟུགས་བརྩམས་བྱར་བྱ་དགའ་མི་ཉུང་བ་ཐོབ་ཡོད། དེ་བཞིན་རྒས་ཡོལ་ཞུས་པ་ནས་བཟུང་རིན་མེད་དུ་དར་མའི་ཡིག་རྨོངས་སེལ་བའི་སློབ་ཁྲིད་གནང་དང་གནང་མུས་ཡིན།









འཕྲིན་སྟེགས། weikangba