
སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་དབང་རྒྱལ་ལགས་ནི། སྤྱི་ལོ་༡༩༥༥ལོར་མདོ་ཁམས་ཏྲེ་ཧོར་རོང་པ་ཚ་བའི་ཡུལ་གྲུ་རུ་སྐྱེས། ༡༩༨༢ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་པ་ནས་ད་བར་མཚན་ལྡན་དགེ་བའི་བཤེས་གཉེན་བཅུ་ཕྲག་ལྔ་ལྷག་ཙམ་བསྟེན་ནས་མདོ་སྔགས་རིག་གནས་དང་བཅས་པ་ལ་གསན་བསམ་གང་འཚམ་བྱེད་རྒྱུའི་གོ་སྐབས་བཟང་པོ་བྱུང་། ༡༩༨༦ལོར་སློབ་མཐར་ཕྱིན་ཏེ་ཁམས་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་གྱི་འོས་འགན་མི་ལོ་སུམ་ཅུ་ཉེ་བར་བསྒྲུབས། སྔར་གཞུག་རྣམས་སུ་གེ་སར་སྟོང་ཐང་ཆེན་མོའི་བྲིས་ཆ་གསར་བརྩམས་དང་། ལོ་རྒྱུས་དང་རྩོམ་རིགས། ཡིག་གཟུགས་ཀྱི་མ་ཕྱི་དེབ་གཉིས་བཅས་པོད་བཅུ་ཕྲག་ཙམ་དཔེ་བསྐྲུན་དང་། གཞན་ཡང་གཞུང་འབྲེལ་སྣ་ཚོགས་དང་འདོན་ཆོག་སྐོར་སོགས་པོད་བརྒྱ་ཕྲག་ལྷག་ལག་བྲིས་ཁོ་ན་དང་། ལས་གནས་ལས་ངལ་གསོའི་རྗེས་སུ་ཡང་ཡུན་ནན་མི་རིགས་སློབ་ཆེན་དང་། རྒྱལ་བསྟན་དགེ་རྩ་སློབ་གྲྭ། དགེ་ལུགས་ཏྲེ་ཧོར་བཀྲ་ཤིས་དར་རྒྱས་དགོན་དང་། ཧ་དྷི་ཇོ་མོ་དགོན། ས་སྐྱ་འདན་ཤུག་ར་དགོན་དང་། ཨ་འཛི་ཀ་ཆེན་དགོན། བཀའ་བརྒྱུད་བན་རྒན་དགོན་དང་། ཇོ་རྙིང་འདྲེས་མའི་དགོན་འཁྲུལ་ཞིག་སྨིན་གྲོལ་གླིང་དང་། ཨ་མདོ་ས་སྒང་དགོན་སོགས་གསར་རྙིང་རིས་མེད་ཀྱི་དགོན་སྡེ་བཅུ་དྲུག་ལྷག་གི་ཇོ་སེར་རྣམས་ལ་བོད་ཀྱི་ཡིག་གཟུགས་དང་སུམ་རྟགས་སོགས་ཁྲིད་ཁུལ་བྱས་པ་དང་། གཞན་ཡང་སློབ་ཆེན་དང་སློབ་འབྲིང་གི་སློབ་མའི་གྲངས་ཉིས་སྟོང་ལྷག་གསོ་བསྐྱངས་བྱས་ཤིང་དེ་དག་ལ་སུམ་སྙན་དག་གསུམ་དང་། བྲིས་རིགས་སྣ་ཚོགས་དང་འབྱུང་རྩིས་ལོ་རྒྱུས་སོགས་ཅི་རིགས་ཁྲིད་དང་འཁྲིད་བཞིན་པ་བཅས་ཀྱིས་མཚོན་པར་བྱས་ཏེ་ལོ་རྒྱུས་མདོར་ཙམ་མོ།།




འཕྲིན་སྟེགས། weikangba