རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ནི་རབ་བྱུང་དགུ་པའི་ཆུ་ཡོས་ལོར་དབུས་སྟོད་ལུང་ཁང་གསར་གོང་དུ་འཁྲུངས། ལོ་བཞི་པར་རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡང་སྲིད་དུ་ངོས་བཟུང༌། རབ་བྱུང་དགུ་པའི་ཆུ་བྱི་ལོར་འབྲས་སྤུངས་ཀྱི་མཁན་པོ་མཛད། རབ་བྱུང་དགུ་པའི་ས་རྟ་ལོར་སེ་རའི་མཁན་པོ་མཛད། རབ་བྱུང་བཅུ་པའི་མེ་གླང་ལོར་མཚོ་སྔོན་དང་མདོ་ཁམས་ཕྱོགས་ལ་ཕེབས། ཕེབས་ལམ་ཞོར་དུ་སྐུ་འབུམ་བྱམས་པ་གླིང་ཕྱག་བཏབ། རབ་བྱུང་བཅུ་པའི་ལྕགས་འབྲུག་ལོར་མདོ་ཁམས་སུ་བསྐྱོད་ནས་ལི་ཐང་དགོན་པ་བཏབ། སོག་པོ་ཨལ་ཐན་རྒྱལ་པོས་སོག་ཡུལ་དུ་གདན་དྲངས། ཨལ་ཐན་རྒྱལ་པོས་ཏཱ་ལའི་བླ་མ་སྟེ་རྒྱ་མཚོའི་བླ་མ་ཟེར་བའི་གོ་གནས་ཕུལ། དེ་ནས་བཟུང་སྐུ་ཕྲེང་རིམ་པར་ཏཱ་ལའི་བླ་མ་ཞེས་པའི་མཚན་སྙན་ཐོགས།
འཁྲུངས་རབས།
ཏཱ་ལའི་བླ་མ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ནི་ལྷ་ས་སྐྱིད་ཤོད་སྨད་སྟོད་ལུང་མདའ་སྐྱར་པོ་རྩེ་ཁང་གསར་གོང་དུ་ཡབ་སྡེ་པ་རྣམ་རྒྱལ་གྲགས་པ་དང༌། ཡུམ་དཔལ་འཛོམས་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཆུ་ཡོས1543)ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཉིན་སྐུ་བལྟམས། འཁྲུངས་མ་ཐག་ར་མ་དཀར་མོའི་འོ་མ་ཞལ་ལ་གསོལ་བ་དང་མཚན་ཡང་ར་ནུ་སྲི་ཚོད་དཔལ་བཟང་ཞེས་གསོལ། དགུང་ལོ་གསུམ་ནས་རྒྱལ་བ་དགེ་འདུན་རྒྱ་མཚོའི་དུས་ཀྱི་མཛད་པ་རྣམ་ཐར་རྗེས་སུ་དྲན་ཏེ་དེ་དང་དེའི་ངང་ཚུལ་ཁོ་ན་མཛད་ཅིང་། ཞལ་ནས་ཀྱང་དེ་བཞིན་དུ་གསུང་བ་ཞིག་བྱུང་བས་རྒྱལ་བ་དགེ༌འདུན་རྒྱ་མཚོར་སྙན་གྲགས་ཁྱབ་པ་བཞིན་ཞབས་དྲུང་གདུང་རྒྱུད་རིན་པོ་ཆེ་མི་དབང་བསོད་ནམས་གྲགས་པ་རྒྱལ་མཚན་སོགས་ནས་རྒྱལ་བ་དགེ་འདུན་རྒྱ་མཚོའི་སྤྲུལ་སྐུར་ངོས་འཛིན་ཞུས།
དགུང་ལོ་བཞི་ལ་ཕེབས་སྐབས་ཕྱག་བྲིས་འབྲི་ཀློག་སོགས་ལ་བརྩོན་པར་མཛད། དེའི་ལོར་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་གསེར་ཁྲིར་ཕེབས། པཎ་ཆེན་བསོད་ནམས་གྲགས་པའི་དྲུང་ནས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་བསོད་ནམས་རྒྱ་མཚོ་དཔལ་བཟང་པོ་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དུ་གསོལ།
དགུང་ལོ་ལྔ་ལ་ཆོས་འཁོར་རྒྱལ་དུ་ཕེབས། དགུང་ལོ་བདུན་ཐོག་པཎ་ཆེན་བསོད་ནམས་གྲགས་པ་མཆོག་གི་སྐུ་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དེ་ནས་པཎ་ཆེན་མཆོག་ལས་ཚེ་དབང་གྲུབ་རྒྱལ་མ་དང༌། རྣམ་སྲས་སེར་ཆེན། འདོད་ཁམས་དབང་མོ་སོགས་ཀྱི་རྗེས་གནང་དང་དབང༌། ཆོས་རྗེ་ལེགས་པའི་དོན་གྲུབ་ཀྱི་དྲུང་ནས་འཇིགས་བྱེད་ཀྱི་སྔགས་བཏུ། ཤར་རྩེ་ལེགས་པ་དོན་གྲུབ་ནས་འཇམ་དཀར་སོགས་མདོ་དང་སྔགས་ཀྱི་ཟབ་ཆོས་མང་པོ་གསན་པ་དང༌ཆོས་སྡེ་རྣམས་སུ་གསུང་ཆོས་ཀྱང་བསྩལ།
དགུང་ལོ་བདུན་ཡན་ལ་ཚེ་དཔག་མེད་ཀྱི་སྔགས་འབུམ་ཕྲག་བཅུ་གསུམ་དང་། དབྱངས་ཅན་མའི་བསྙེན་པ་ས་ཡ་ལྔ། སྐྱབས་འགྲོ་འབུམ་ཕྲག་བཞི་བཅས་མཛད།
དགུང་ལོ་བཅུ་པ་རབ་བྱུང་དགུ་པའི་ཆུ་བྱི(1552)ལོར་འབྲས་སྤུངས་ཀྱི་ཁྲིར་ཕེབས། དེའི་ཕྱི་ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་ཚོགས་དབུར་ཕེབས། དགུང་ལོ་བཅུ་གཅིག་ཡན་ལ་གུར་གྲགས་ཀྱི་སྔགས་འབུམ་ཕྲག་ཉིས་བརྒྱ་མཛད།
དགུང་ལོ་བཅུ་གསུམ་ལ་ཆོས་འཁོར་རྒྱལ་དུ་ཕེབས། ཡེ་ཤེས་ཁྱུང་ནག་གི་སྔགས་འབུམ་གཅིག་མཛད། དེ་ལོ་ཡང་འབྲས་སྤུངས་སུ་དམིགས་བརྩེ་མ་འབུམ་ཕྲག་བཞི་བཅས་མཛད།
རབ་བྱུང་དགུ་པའི་མེ་འབྲུག(1556)ལོར་ཡར་ཀླུང་སྣེ་གདོང་པ་དང༌། འཕྱོངས་རྒྱས་ནང་སོ་མ་མཐུན་པར་སྡེ་གཟར་ཆེ་བ་ལངས་པས་བར་འདུམ་དུ་ཕེབས་ཏེ་ཞི་འཇགས་བྱུང་བ་སོགས་ཀུན་གྱིས་སྤྱི་མོས་ཆེ།
རབ་བྱུང་དགུ་པའི་ས་ལུག(1559)ལོར་སྣེ་གདོང་གོང་མ་ཆེན་མོ་ངག་གི་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་ནས་ཀྭན་དིང་ཏའི་གུ་ཤིར་ཧོང་ཧང་གི་མཚན་གནས་དང༌། ཕྱག་དམ་དམར་པོ་གནང་ཆོག་པའི་བཀའ་ཤོག་ཕུལ།
རབ་བྱུང་དགུ་པའི་ཆུ་ཁྱི(1562)ལོར་ཆར་ཤུགས་རྒྱས་ཆེར་ལྷ་སར་ཆུ་ཉེན་ཆེན་པོ་བྱུང་རྐྱེན་དེའི་ཕྱི་ལོར་ལྷ་ལྡན་སྨོན་ལམ་ཆེན་མོའི་རྗེས་འབྲེལ་དགེ་འདུན་རྣམས་ནས་ཇོ་བོའི་རགས་རྡོ་སྐྱེལ་བའི་སྲོལ་བཟང་འཛུགས་པར་མཛད།
དགུང་ལོ་ཉི་ཤུ་རྩ་གཅིག་ལ་མཁས་གྲུབ་དགེ་ལེགས་དཔལ་བཟང་པོས་མཁན་པོ་དང༌། བསྟན་པ་དར་རྒྱས་ཀྱིས་ལས་སློབ། དགེ་འཕེལ་ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་བས་གསང་སྟོན། ལྷ་བཙུན་བསོད་ནམས་དཔལ་བཟང་གིས་དུས་བསྒོ་བ་མཛད་དེ་དགེ་སློང་གི་སྡོམ་པ་བཞེས། དེ་ནས་དགེ་བའི་བཤེས་གཉེན་ཀུན་བཟང་རྩེ་པ་དང༌། དཔལ་ལྡན་ས་སྐྱ་པའི་བསྟན་འཛིན་ཆེན་པོ་ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་བདེ་བ་ཅན་པ་སོགས་མཁས་གྲུབ་དུ་མ་ལས་ཆོས་བཀའ་མང་པོ་དང་གཞུང་ཆེན་ལ་གསན་བསམ་མཛད།
དགུང་ལོ་ཉེར་ལྔ་ལོར་གཙང་དུ་ཕེབས་ནས་སེར་སྐྱ་རྣམས་ལ་ཆོས་འཁོར་རྒྱ་ཆེར་བསྐོར། དགུང་ལོ་ཉེར་དྲུག་ཐོག་འབྲས་སྤུངས་སུ་ཕན་བདེ་ལེགས་བཤད་གླིང་གསར་འཛུགས་གནང༌། དགུང་ལོ་ཉེར་བརྒྱད་ཐོག་ཆོས་འཁོར་རྒྱལ་གྱི་གདན་སའི་ཆོས་སྲུང་ཕྱི་ནང་གསང་གསུམ་གྱི་རྟེན་རྣམས་གསར་དུ་བཞེངས། དགུང་ལོ་སོ་གསུམ་ལ་ཡར་ལུང་དུ་དུས་ཟིང་སྐབས་རྗེ་ཉིད་ཀྱིས་ཆིངས་མཛད་དེ་ཞི་བར་གྱུར། དགུང་ལོ་སོ་གཅིག་ལ་རྣམ་རྒྱལ་གྲྭ་ཚང་ཕྱག་བཏབ།
རབ་བྱུང་བཅུ་པའི་ལྕགས་འབྲུག(1580)ལོར་ལི་ཐང་དུ་དགའ་ལྡན་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ་སྟེ་ཐུབ་ཆེན་འགྲན་ཟླ་དང་བྲལ་བ་སོགས་རྟེན་དང་བརྟེན་པར་བཅས་པ་བཞེངས།
ལྕགས་སྦྲུལ(1581)ལོར་རྒྱལ་དབང་མཆོག་ཆབ་མདོ་བྱམས་པ་གླིང་དགོན་གྱི་བྱང་སེམས་ཆོས་རྗེའི་ཁྲིར་ཕེབས་ཏེ་སེར་སྐྱ་ཡོངས་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་བར་མཛད།
སྐུ་འབུམ་བྱམས་པ་གླིང་རྒྱས་འདེབས་ཕྱོགས་སུ་ཕེབས་ནས་བཀའ་ཆོས་དུ་མ་གནང༌། ཆུ་ལུག(1583)ལོར་རྒྱལ་བ་ཙོང་ཁ་པ་སྐུ་བལྟམས་པའི་གནས་ཆེན་སྐུ་འབུམ་དུ་ཕེབས། དེར་བཤད་སྒྲ་འཛུགས་པའི་ཞལ་བཀོད་མཛད། ཤིང་སྤྲེལ(1584)ལོར་སོག་ཡུལ་དུ་བསྐྱར་ཕེབས་གནང་སྟེ་སོག་པོ་ནང་འཁྲུག་པ་འདུམ་འགྲིག་མཛད་པས་ཀུན་བདེ་ལ་འཁོད།
ཤིང་བྱ(1585)ལོར་སེ་ཆེན་ཏའི་ཆིང་གི་སྡེ་ཐོག་ཏུ་ཕེབས་ཏེ་ཕུན་ཚོགས་དར་རྒྱས་གླིང་གི་དགོན་པ་ཕྱག་བཏབ།
དགུང་ལོ་སོ་ལྔ་ལ་ཕེབས་པ་རབ་བྱུང་བཅུ་པའི་མེ་གླང(1577)ལོར་སོག་པོ་ཨལ་ཐན་ཆོས་ཀྱི་རྒྱལ་པོས་སྤྱན་འདྲེན་སྔ་ཕྱིར་ཞུས་པ་བཞིན་བྱང་ཕྱོགས་སོག་ཡུལ་དུ་རིས་མེད་རྒྱལ་བསྟན་སྤྱི་དང༌། བྱེ་བྲག༌ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་སྤེལ་བར་ཆིབས་ཁ་བསྒྱུར། རྭ་སྒྲེང་ནས་ཆིབས་ཐོག་ཏུ་འཁྱོལ་ཁར། ས་སྐྱོང་བཀྲ་ཤིས་རབ་བརྟན་པས་ཆིབས་ཡོབ་ལ་འཇུས་ནས། “བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུ་ས་སྟེང་ཡོངས་ལ་ཁྱབ། །”ཅེས་ཚིག་རྐང་གཉིས་འཕྲལ་རྩོམ་མཛད་ཐོག མཆི་མས་བརྣངས་ཏེ་གསུང་རྒྱུ་མ་བྱུང་བས། “བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །”ཅེས་ཆིབས་ཐོག་ནས་གནང་བས་ཚིག་དོན་ཟབ་ཅིང་བྱིན་རླབས་ཆེ་བར་གྲགས།
ཨལ་ཐན་དང་མཇལ་ནས་དབུ་ལྷར་གྱུར་ཏེ་རྗེ་མཆོག་ལ་མི་རིགས་མི་གཅིག་པ་དུ་མའི་དབུས་སུ་གསེར་ལས་གྲུབ་པའི་དབུ་རྒྱན། བུམ་པ། རིགས་ལྔའི་ཕྱག་མཚན། གསེར་སྲང་བརྒྱ་ལས་གྲུབ་པའི་ཐམ་ཀ་ཁ་རིས་ལ། “རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ་རྒྱལ”ཞེས་པ་ཞིག་དང༌། “ཏཱ་ལའི་བླ་མ་བཛྲ་ངྷ་ར”ཞེས་ཁྱབ་བདག་རྡོ་རྗེ་འཆང་གི་མཚན་བསྟོད་ཕུལ།
དེ་ནས་བཟུང་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ལ་ཏཱ་ལའི་བླ་མ་སྟེ་རྒྱ་མཚོའི་བླ་མ་ཞེས་པའི་མཚན་སྙན་གྲགས། རྒྱལ་དབང་མཆོག་ནས་ཨལ་ཐན་ལ་ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཞེས་པའི་མཚན་གནང༌། སོག་ཡུལ་ལ་དམ་པའི་ཆོས་རྒྱ་ཆེར་བསྐོར། སོག་པོ་བརྒྱ་ཕྲག་མང་པོ་རབ་ཏུ་བྱུང༌། ཕྱུགས་ཟོག་བསད་ནས་མཆོད་པའི་ལམ་སྲོལ་བཅོས་པར་མཛད། ཨལ་ཐན་དམ་ཆོས་ལ་མོས་ནས་བྱང་ཆེན་ཆོས་འཁོར་གླིང་བཏབ།
གསུང་རྩོམ་ལ། 《དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲག་པོའི་སྦྱིན་སྲེག་གི་ལས་མཐའ་སྲིད་གསུམ་ཟ་བའི་སྲེག་ཁང་འབར་བ》ཞེས་བྱ་བ་དང༌། 《བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་གསེར་གྱི་ཡང་ཞུན》 《དཔལ་མགོན་ཞལ་བཞི་པ་གདོང་བརྙན་དང་བཅས་པའི་སྒྲུབ་མཐའ་རྒྱས་པ་དགྲ་བགེགས་ཀྱི་སྡེ་འཇོམས་པའི་གནམ་ལྕགས་ཀྱི་སྤུ་གྲི་མེ་ལྕེའི་ཕྲེང་བ》སོགས་པོད་འབྲིང་གཅིག་ལྷག་མཛད།
མཐར་དགུང་ལོ་ཞེ་དྲུག་ལ་ཕེབས་པ་རབ་བྱུང་བཅུ་པའི་ས་བྱི(1588)ལོའི་བོད་ཟླ་གསུམ་པའི་ཚེས་ཉེར་བདུན་ཉིན་སོག་ཡུལ་ཁ་ར་ཆིན་དུ་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན། སྐུའི་གདུང་ཐལ་དཔལ་ལྡན་འབྲས་སྤུངས་སུ་གདན་དྲངས་ཏེ་དངུལ་སྡོང་རིན་པོ་ཆེར་བཞུགས།
འཕྲིན་སྟེགས། weikangba