རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ནི་གཙང་ཤབ་སྟོད་གུར་མོ་རུ་བ་ཞེས་པར་སྐུ་འཁྲུངས། དགུང་ལོ་བཅོ་ལྔའི་སྟེང་རབ་ཏུ་བྱུང་ཞིང་། རྗེ་ཙོང་ཁ་བ་སོགས་བཤེས་གཉེན་དུ་མར་བསྟེན་ཐོག དམ་པའི་ཆོས་ཀྱི་འཆད་ཉན་མཛད་པས་སྐལ་བ་དང་ལྡན་པའི་གདུལ་བྱ་མཁས་པ་དང༌། བཙུན་པ་དང༌། བཟང་པོ་དང༌། རྣལ་འབྱོར་ལ་བརྩོན་པའི་སློབ་མ་མང་དུ་བྱུང་། དགུང་ལོ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་ཡོས(1447)ལོར་བཀྲ་ཤིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ནས་བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། བཀའ་རྩོམ་ལ《ཤར་གངས་རི་མ》དང་། 《དབུ་མའི་ལྟ་ཁྲིད》། 《མདོ་ཊཱིཀྐ》སོགས་མཛད།
འཁྲུངས་རབས།
ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ནི་རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྒྱལ་དབང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་མཆོག་ནི། གཙང་རུ་ལག་གི་སའི་ཆ་དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལག ཞག་དང་བན་སྙིང་གཉིས་ཀྱི་མཚམས་སུ་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བདུན་པའི་ལྕགས་ལུག1391)ལོར་སྐུ་བལྟམས། མཚན་པདྨ་རྡོ་རྗེར་གསོལ། དགུང་ལོ་ལྔ་བཞེས་སྐབས་གྲོང་པ་གཞན་གྱི་ར་རྫི་མཛད་སྐབས་རྡོ་ལ་མ་ཎི་མང་པོ་བྲིས་གནང་བ་མཇལ་རྒྱུ་ཡོད་པར་གྲགས། དགུང་ལོ་བདུན་ལ་ཕེབས་པའི་ཚེ་ཡབ་འདས། ལོ་དེར་སྣར་ཐང་དུ་ཕེབས། ཟས་གོས་ཤིན་ཏུ་བཀྲེན་ན་ཡང་སྐུ་ཡོན་སྦྱོང་བ་ལ་ལྷག་པར་སྤྲོ།
དེ་ནས་དཔལ་སྣར་ཐང་གི་མཁན་རབས་བཅུ་བཞི་པའི་སྤྲུལ་སྐུ་རྗེ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་པདྨ་རྡོ་རྗེ་རང་སོར་བཞག བརྒྱ་སྟོན་ཙནྡྲ་དང་ཤཱཀྱ་དཔལ་ལས་བོད་ཡིག་དང༌། ལཉྩ་ཝར་ཧོར་ཡིག་སོགས་གསན་སྦྱོང་མཛད་པས་མཁས་པར་མཁྱེན། དགུང་ལོ་བཅོ་ལྔ་པ་ཤིང་བྱ(1405)ལོར་དཔལ་སྣར་ཐང་གི་མཁན་ཆེན་གྲུབ་པ་ཤེས་རབ་དང་ཆེན་པོ་བློ་ལྡན་གཉིས་ཀྱི་དྲུང་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་དགེ་འདུན་གྲུབ་པ་དཔལ་ཞེས་གསོལ། དེ་རྗེས་སྣར་ཐང་གི་པཎྜི་ཏ་ཆེན་པོ་སངྒྷ་ཤྲཱི་ལ་སོགས་པའི་མཁས་མང་གི་དྲུང་དུ་སློབ་གཉེར་རྒྱ་ཆེར་གནང་སྟེ་མཁས་པའི་གྲགས་པ་འབར། ཤིང་ལུག་སྤྱི་ལོ(1415)ལོར་རྗེ་ཙོང་ཁ་པ་དང་མཇལ་ཏེ་སློབ་མའི་གཙོ་བོར་གྱུར། 《བོ་དོང་འཇིགས་བྲལ་གྱིས་ཀྱང་རྗེ་འདི་ཉིད་ལ》འཁྲུངས་རབས་གསོལ་འདེབས་རྨད་བྱུང་བསྐལ་བ་མར།། མཁྱེན་པའི་ཕ་མཐར་མི་མངོན་ཡངས་པ་ལ།། པཎ་ཆེན་འཇིགས་མེད་གྲགས་ཐུགས་འཕྲོག་ནས།། ཐམས་ཅད་མཁྱེན་པར་མན་གསོལ་ཇི་བཞིན་དུ།། དོན་ལྡན་དགེ་འདུན་གྲུབ་ལ་གསོལ་འདེབས།། ཞེས་དང་། ཁོང་གིས་བཀྲ་ཤིས་ལྷུན་པོའི་གདན་སའི་མཁན་པོ་མཛད་དེ་པཎ་ཆེན་དགེ་འདུན་གྲུབ་པ་ཞེས་པའི་མཚན་སྙན་གྱིས་ཕྱོགས་ཡོངས་སུ་ཁྱབ།
བརྒྱ་སྟོན་ཙནྡྲ་དང་ཤཱཀྱ་དཔལ་ལས་བོད་ཡིག་དང་ལཉྩ་ཝར་ཧོར་ཡིག་སོགས་གསན་སྦྱོང་མཛད་པས་མཁས་པར་གྱུར། དེ་རྗེས་སྣར་ཐང་གི་པཎྜི་ཏ་ཆེན་པོ་སདྒྷ་ཤྲཱི་ལ་སྙན་ངག་མེ་ལོང་དང༌། མངོན་བརྗོད་འཆི་མེད་མཛོད། སྒྲ་མཚམས་སྦྱོར་ལྔ་པ་སོགས་དང༌། གཏུམ་པོ་དཀར་པོའི་རྗེས་གནང་སོགས་ཆོས་བཀའ་དུ་མ་གསན། དགུང་ལོ་ཉི་ཤུ་པ་ལྕགས་སྟག(1410)ལོར་གྲུབ་པ་ཤེས་རབ་ཀྱིས་མཁན་པོ་དང༌། སློབ་དཔོན་ཆེན་པོ་བློ་ལྡན་པས་ལས་ཆོག་པ་དང་། སློབ་དཔོན་ཆེན་པོ་གྲགས་པ་ཤེས་རབ་པས་གསང་སྡེ་སྟོན་པ་མཛད་དེ་བསྙེན་པར་རྫོགས་པའི་དགེ་སློང་གི་དངོས་པོ་བརྙེས། མཁན་རིན་པོ་ཆེ་ལས་ཀྱཻ་རྡོར་དང༌། དོན་ཞགས་སོགས་མང་དུ་ཞུས། རྣམ་འགྲེལ་དང་ཊཱིཀྐ་ཐུགས་འཛིན་མཛད།
དགུང་ལོ་ཉེར་ལྔ་པ་ཤིང་ལུག(1415)ལོར་དབུས་ལ་ཕེབས་ཏེ་ཁྲ་འབྲུག་ཏུ་སེམས་པ་ཆེན་པོ་ཀུན་བཟང་དང༌། ཐང་པོ་ཆེར་རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་ཞབས་ལ་གཏུགས་ནས་དབུ་མ་དང་ཕར་ཕྱིན་གསན། འོན་བཀྲ་ཤིས་རྡོ་ཁར་རྗེ་ཙོང་ཁ་པ་དང་མཇལ་ཏེ་ཚད་མ་རྣམ་ངེས། དྲང་ངེས་རྣམ་འབྱེད། རྩ་ཤེ། བླ་མ་ལྔ་བཅུ་པ། རྩ་ལྟུང་རྣམ་བཤད་སོགས་མང་དུ་ཞུས། ཐང་པོ་ཆེར་ཉི་མ་རྒྱལ་མཚན་ལས་གསང་འདུས་མི་བསྐྱོད་པ། འཇིགས་བྱེད་བཅུ་གསུམ་མ། གཤེད་དམར་བཅུ་གསུམ་མ། ལྷ་ལྔ་སོགས་གསན། གསང་ཕུ་ནེའུ་ཐོག་དང་རི་བོ་དགའ་ལྡན་དུ་ཕར་བྱོན་ཚུར་བྱོན་མཛད་ནས་ལོ་གསུམ་ཙམ་བཞུགས།
དགུང་ལོ་ཉེར་བདུན་བཞེས་པ་ནས་འབྲས་སྤུངས་དགོན་དང༌། སེ་ར་ཆོས་སྡིངས། འཕན་ཡུལ་གྲོ་པ་སོགས་སུ་བྱོན། དམར་སྟོན་དཔལ་ལྡན་རིན་ཆེན་དང༌། རྒྱ་མཚོ་རིན་ཆེན་གཉིས་ལས་ལོ་གཉིས་རིང་མདོ་རྩ་བ་དང་མངོན་པ་ལེགས་པར་གསན། དགུང་ལོ་སོ་ལྔ་པ་ཤིང་སྦྲུལ1425)ལོར་གསང་ཕུའི་འཆད་ཉན་མཛད། དེ་ལྟར་དབུས་ལ་ལོ་བཅུ་གཉིས་བཞུགས། སོ་དྲུག་པ་མེ་རྟ1426)ལོར་རྗེ་ཤེས་རབ་སེང་གེ་དང་ལྷན་དུ་གཙང་ལ་ཕེབས། བྱང་ཆེན། རི་ཁུད། བྲག་དམར་སོགས་སུ་བཞུགས། འཆད་ཉན་སྨར་ཞིང་གྲྭ་ཚོགས་འཕེལ་བར་མཛད། དགུང་ལོ་བཞི་བཅུར་འཇུག་ཊཱིཀྐ་བརྩམས། ལ་སྟོད་ལྷོ་བྱང་རྣམས་སུ་བྱ་བྲལ་འཆད་ཉན་མཛད། དགུང་ལོ་ཞེ་གཉིས་པར་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་མཇལ་ཏེ་སྒྲོལ་མ་ཉེར་གཅིག་པ་དང༌། བཅུ་བདུན་མ། དཀར་སྔོ་སོགས་ཆོས་དཔག་མེད་གསན། དྲི་བ་དུ་མ་མཛད་པར་ལན་བདེ་བླག་ཏུ་ཕུལ་བས་ཐུགས་ཤིན་ཏུ་མཉེས་ཏེ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་གསོལ། དེ་ནས་ས་སྐྱ་རྒྱང་འབུམ་ཆེར་ཕེབས་སྐབས་རྟེན་འབྱུང་མཐའ་བྲལ་གྱི་དོན་ལ་ངེས་པ་རྙེད་ཅིང་དེ་ཚུན་ཆད་སྙིང་རྗེ་གསུམ་གྱིས་དུས་འདའ་བར་བྱུང༌།
དགུང་ལོ་ཞེ་བརྒྱད་པ་ས་རྟ(1438)ལོར་དབུས་སུ་ཕེབས། བྱང་རྩེ་ཆོས་རྗེ་ནམ་མཁའ་དཔལ་བ་དང༌། ཟུར་ཁང་བསོད་ནམས་ལྷུན་གྲུབ། སྤྱན་སྔ་རིན་ཆེན་འཕེལ་སོགས་ལས་ཆོས་མང་དུ་ཞུས། དགུང་ལོ་ལྔ་བཅུ་པ་ལྕགས་སྤྲེལ(1440)ལོར་ཤེས་རབ་སེང་གེ་དང་ལྷན་དུ་སླར་གཙང་ལ་ཕེབས་ཏེ་སྣར་ཐང་དང༌། བྱང་ཆེན་སོགས་སུ་འདུལ་བའི་འཆད་ཉན་གཙོ་བོར་མཛད། དེ་ནས་རྗེ་ཤེས་རབ་སེང་གེའི་དགོངས་རྫོགས་སུ་ནང་རྟེན་ཐུབ་ཆེན་བཞེངས།
ལོ་དེ་ཙམ་ལ་ཚད་མ་རྣམ་འགྲེལ་གྱི་ཊཱིཀྐ་བརྩམས། དགུང་ལོ་ཞེ་གསུམ་ན་དབུ་མ་རྩ་ཤེའི་རྣམ་བཤད་རིན་པོ་ཆེ་ཕྲེང་བ་བརྩམས། དགུང་ལོ་ཞེ་དྲུག་ལ་བྱང་ཆེན་དུ་ཐེག་ཆེན་ཕོ་བྲང་ཆེན་མོ་བཏབ། དགུང་ལོ་ཞེ་བདུན་ནས་དོན་དགུ་བར་ཚད་མ་རིགས་རྒྱན་དང༌། འདུལ་བའི་གླེང་འབུམ། སོ་ཐར་གྱི་ཊྰིཀྐ། འདུལ་བའི་བསླབ་ཁྲིམས་ཆེན་མོ་སོགས་དཔེ་ཆ་མང་པོ་ལྗགས་རྩོམ་གནང༌བ་སོགས་རྗེ་འདི་ཉིད་ཀྱིས་སྔ་ཕྱིར་ཡོངས་འཛིན་ལྔ་བཅུ་སྐོར་གྱི་ཞབས་ལ་གཏུགས་ཏེ་བསྟན་འགྲོའི་དོན་ཆེན་མཛད་པས་སྙན་པའི་གྲགས་པ་ས་ཆེན་ཁྱོན་ལ་ཁྱབ་བོ།།
དགུང་ལོ་ང་བདུན་པ་རབ་བྱུང་བརྒྱད་པའི་མེ་ཡོས(1447)ལོར་བཀྲ་ཤིས་ལྷུན་པོ་དཔལ་གྱི་ཆོས་སྡེ་ཆེན་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་ནས་བྱམས་ཆེན་སྐུ་གསུང་ཐུགས་རྟེན་བསམ་གྱིས་མི་ཁྱབ་པ་བཞེངས། དགོན་པའི་སྦྱིན་བདག་དར་རྒྱས་པ་དང་བསོད་ནམས་དཔལ་བཟང་གིས་མཛད། དགེ་འདུན་སུམ་སྟོང་ལྷག་འདུས། དཔལ་གསང་འདུས་ཀྱི་སྒོ་ནས་རབ་གནས་མཛད། དགོན་པའི་གཞི་རྟེན་དུ་དར་རྒྱས་དཔོན་གྱིས་གཞིས་མཁར་གྱི་ཡོང་སྒོ་ཕུལ།
ཤིང་རྟ་ལོར་ཆོ་འཕྲུལ་སྨོན་ལམ་ཆེན་མོ་གསར་འཛུགས་གནང༌། དགོན་པ་བཏབ་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་བར་བསྟན་པའི་བདག་པོ་མཛད་དེ་འཆད་ཉན་ནམ་ཡང་ཆག་པ་མེད་པར་གནང༌། པཎ་ཆེན་དགེ་འདུན་གྲུབ་པ་ཞེས་མཚན་སྙན་གྱིས་ཡོངས་སུ་ཁྱབ་ཅིང༌། དེ་ནས་བཟུང་བཀྲིས་ལྷུན་གྱི་གདན་ས་པ་སུས་མཛད་ལ་པཎ་ཆེན་ཞེས་པའི་མཚན་སྙན་གྲགས་ཁྱབ།
སྤྱིར་དགུང་ལོ་སོ་ལྔ་ནས་གྱ་བཞིའི་བར་དམ་པའི་ཆོས་ཀྱི་འཆད་ཉན་མཛད་པས་སྐལ་བ་དང་ལྡན་པའི་གདུལ་བྱ་མཁས་པ་དང༌། བཙུན་པ་དང༌། བཟང་པོ་དང༌། རྣལ་འབྱོར་ལ་བརྩོན་པའི་སློབ་མས་གངས་རིའི་ཁྲོད་མ་ཁྱབ་པ་མི་སྣང་ལ་གཙོ་བོ་ནི་འདུལ་འཛིན་དཔལ་ལྡན་བཟང་པོ་དང༌། རྡོ་རྗེ་སློབ་དཔོན་བཟང་པོ་བཀྲ་ཤིས། འཇམ་དཔལ་དབྱངས་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ། རབ་འབྱམས་པ་བསྟན་པའི་ཉི་མ། སྨོན་ལམ་དཔལ་ལེགས་པའི་བློ་གྲོས། མཁན་ཆེན་བཟོད་པ་དཔལ་གྲུབ། མཁན་ཆེན་ཤེས་རབ་རྒྱལ་མཚན་སོགས་མང༌། བཀའ་རྩོམ་ལ། 《ཤར་གངས་རི་མ》སོགས་ཉམས་མགུར་སྒྲུབ་ཐབས་བསྟོད་ཚོགས་དང༌། 《དབུ་མའི་ལྟ་ཁྲིད》《ཆབ་ཤོག》《སྨོན་ལམ》སོགས་གསུང་ཐོར་བུ་བ་སྣ་ཚོགས་ཀྱི་སྐོར། 《ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་འཁྲིད་ཡིག》《དཔལ་གསང་བ་འདུས་པའི་སྒོ་ནས་རབ་གནས་བྱེད་པའི་ཆོ་ག་མདོར་བསྡུས་པ》《དབུ་མ་རྩ་བ་ཤེས་རབ་ཀྱི་ངག་དོན་བཤད་པ་རིན་པོ་ཆེའི་ཕྲེང་བ》《དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་ཏུ་གསལ་བའི་མེ་ལོང》《འདུལ་བའི་གླེང་འབུམ་ཆེན་མོ》《མདོ་ཊཱིཀྐ》སོགས་པུ་ཏི་བདུན་ཙམ་བཞུགས།
དགུང་ལོ་གྱ་བཞི་པ་རབ་བྱུང་བརྒྱད་པའི་ཤིང་རྟ(1474)ལོའི་བོད་ཟླ་བཅུ་གཉིས་པའི་ཚེས་བདུན་ཉིན་སྲས་ཀྱི་ཐུ་བོ་འདུལ་འཛིན་དཔའ་ལྡན་བཟང་པོ་སོགས་སྐུ་དྲུང་དུ་འབོས་ནས་ཞལ་བཀོད་རིམ་པར་མཛད། མཚན་མོའི་རིང་ཐུགས་དམ་ལ་རྩེ་གཅིག་ཏུ་མཉམ་པར་བཞག ཚེས་བརྒྱད་ཀྱི་ཐོ་རེངས་ཞབས་རྡོ་རྗེ་དཀྱིལ་ཀྲུང༌། ཕྱག་གཉིས་མཉམ་བཞག་མཛད་དེ་གཞིའི་འཆི་རིམ་ལམ་གྱི་འོད་གསལ་དང་བསྲེས་ནས་ཐམས་ཅད་སྟོང་པ་འོད་གསལ་ལ་ཟླ་བ་དེའི་ཉེར་གཉིས་བར་བཞུགས། སྐུ་གདུང་བཀྲིས་ལྷུན་གྱི་དངུལ་སྡོང༌། མཐོང་བ་དོན་ལྡན་ནང་བཞུགས། ཐམས་ཅད་མཁྱེན་པ། དགེ་འདུན་གྲུབ་པ་དཔལ་བཟང་པོ་མཆོག་གིས་སྔ་ཕྱིར་ཡོངས་འཛིན་ལྔ་བཅུ་སྐོར་གྱི་ཞབས་ལ་གཏུགས་པ་རྣམས་ཀྱི་ནང་ནས་ཁྱད་པར་བཀའ་དྲིན་མཚུངས་མེད་མཁན་ཆེན་གྲུབ་པ་ཤེས་རབ་དང༌། རྗེ་ཤེས་རབ་སེང་གེ་གཉིས། སྐྱེ་བ་ཐམས་ཅད་དུ་བཀའ་དྲིན་ཆེ་བ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པའི་དཔལ་ཞེས་གསུངས།
དཔྱད་གཞིའི་ཡིག་ཆ།
འཕྲིན་སྟེགས། weikangba