ལྷ་སའི་རྒྱལ་རབས།

2018-11-21
211

  

    ཁྲི་ལྡེ་མགོན་གཉེན་གྱི་གདུང་རྒྱུད་ཀྱིས་དབུས་ཕྱོགས་སུ་དབང་བསྒྱུར་བྱས་པ་ལ་ལྷ་སའི་རྒྱལ་རྒྱུད་ཟེར།

   རྒྱལ་རྒྱུད་ངོ་སྤྲོད།

  ཁྲི་ལྡེ་མགོན་གཉེན་ལ་སྲས་རིག་པ་མགོན་དང་ཉི་མ་མགོན་གཉིས་འཁྲུངས། དེ་དག་གི་གདུང་རྒྱུད་རིམ་པས་གཙོ་བོ་ལྷ་ས་དང་བསམ་ཡས་བཅས་དབུས་ཕྱོགས་ལ་དབང་བསྒྱུར་བས་ལྷ་སའི་རྒྱལ་རྒྱུད་ཅེས་སུ་གྲགས། དེ་ཡང་ལྷ་སའི་རྒྱལ་རྒྱུད་ནི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ལྟར་བཙན་པོ་ཁྲི་དར་མའི་བཙུན་མོ་ཆེན་མ་སྣ་ནམ་བཟའི་སྲས་གདུང་རྒྱུད་དོགས་འཛིན་ཅན་ཁྲི་ལྡེ་ཡུམ་བརྟན་སྤྱི་ལོ་843ལ་ལྷ་སར་སྐུ་འཁྲུངས་ཤིང་། འདིས་དབུ་རུ་སྟེ་དེང་གི་ལྷ་ས་གཙོས་པའི་ཡུལ་གྲུ་རྣམས་བཟུང་སྟེ་རྒྱལ་སྲིད་བཙུགས་པ་དང་། ཁོང་ལ་གདུང་རྒྱུད་ཀྱི་སྲས་ཁྲི་ལྡེ་མགོན་མཉེན་བྱ་བ་འཁྲུངས་ལ། ཡབ་སྲས་འདི་གཉིས་ཀྱིས་བོད་ཀྱི་རྒྱལ་རྒྱུད་ཙམ་བསྐྱངས་ཤིང་། ལྷ་ས་གཙོས་པའི་དབུས་གཙང་གི་ཡུལ་གྲུ་འགའ་ལ་དབང་བྱེད་པ་ཙམ་ལས་བོད་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་ཏུ་མ་གྱུར། ཁྲི་ལྡེ་མགོན་མཉེན་ལ་སྲས་གཉིས་འཁྲུངས་པར་ཆེ་བའི་མིང་ལརིག་པ་མགོན་དང་ཆུང་བའི་མིང་ལ་ཉི་མ་མགོན་ཟེར། ཉི་མ་མགོན་གྱི་སྲས་ཉི་འོད་དཔལ་མགོན་བྱ་བ་འདི་པས་ཆབ་སྲིད་བཟུང་རྗེས་ཡུལ་འཁྲུག་སོགས་རེ་ཞིག་ཞི་སྟེ་བོད་དབུས་སུ་སྟོབས་འབྱོར་མངའ་ཐང་ཅུང་ཟད་དར་རྒྱས་བྱུང་བར་གྲགས་ཤིང་།  དེའི་རྒྱུད་པ་ཀླུང་ཤོད་དང་འཕན་ཡུལ་མདོ་སྟོད་བཅས་སུ་མང་བར་བཤད། གཅེན་རིག་པ་མགོན་གྱི་སྲས་ལྡེ་པོ་དང་རྡོ་རྗེ་འབར་བྱ་བ་གཉིས་ལས་ལྡེ་པོའི་རྒྱུད་པར་ལྷ་བུག་པ་ཅན་དང་ཐང་ལྷ་བྲག་པ་རྣམས་བྱུང་ལ། རྡོ་རྗེ་འབར་གྱི་སྲས་ཁྲི་དབང་ཕྱུག་བཙན་དང་དེའི་སྲས་ཡེ་ཤེས་རྒྱལ་མཚན་དང་དེའི་སྲས་མངའ་བདག་ཁྲི་པ་བྱ་བ་བཅས་རིམ་པར་བྱོན། ཡབ་སྲས་འདི་གཉིས་ཀྱིས་དཔལ་བསམ་ཡས་གཙུག་ལག་ཁང་ལ་ཞབས་ཏོག་ཞུས་ཏེ་བསྟན་པར་སྲི་ཞུ་མཛད་ཅེས་རང་རེའི་ཆོས་འབྱུང་རྣམས་སུ་གསུངས་ཤིང་། ཡབ་ཀྱི་མཚན་ལ་བོད་ཡིག་ལོ་རྒྱུས་དག་ཏུ་ཚ་ནའམ་ཚ་ལ་དང་ལ་ལར་ཚ་ལ་ན་ཡེ་ཤེས་རྒྱལ་མཚན་ཞེས་འཁོད་ཀྱང་ཕལ་ཆེ་བར་ཚ་ན་ཞེས་འབྱུང་། ཡོངས་གྲགས་སུ་དམ་པ་འདི་གཉིས་ཀྱིས་ཆབ་སྲིད་བསྐྱངས་པའི་སྐབས་སུ་ཁྲི་དར་མས་ཆོས་ཁྲིམས་བཤིག་ནས་ལོ་ངོ་བདུན་ཅུ་ལྷག་ཙམ་སོང་བ་དང་། སྐབས་དེར་དབུས་གཙང་གི་ཀླུ་མེས་ཤེས་རབ་སོགས་མི་བཅུ་མདོ་ཁམས་སྨད་དུ་བླ་ཆེན་པོ་ལས་འདུལ་བའི་སྡོམ་རྒྱུན་ལེན་པར་བྱོན་ཏེ། སྤྱི་ལོ918སྟེ་བོད་ས་སྟག་ལ་མདོ་སྨད་ནས་བསྟན་པའི་མེ་རོ་ཐོག་མར་བསླངས་པར་བཤད་པས་བསྟན་པ་ཕྱི་དར་གྱི་དབུ་དུས་འདི་ཙམ་ནས་བསླངས་པ་ཡིན་ཞེས་གྲགས་མོད། འོན་ཀྱང་འདི་ལྟར་ན་མི་རབས་ལྔ་དྲུག་ཙམ་ལ་ལོ་ངོ་བདུན་ཅུ་ལྷག་ལས་མ་སོང་བའི་སྐྱོན་དང་ཆོས་འབྱུང་ཕལ་ཆེར་ན་བསྟན་བསྣུབས་ཀྱི་ལོ་ཚིགས་ལ་སྔ་ཕྱི་རྒྱུག་ཆེ་བའི་དབང་གིས་འགའ་རེས་བཞེད་ཚུལ་འདི་དག་པར་མི་འདོད་ནའང་། ང་ཚོས་འདིར་ལྕགས་བྱའི་བསྟན་བསྣུབས་བྱ་བ་དེ་སྤྱི་ལོ843ལ་ངོས་བཟུང་བ་ལྟར་རེ་ཞིག་བཤད་རྒྱུན་གྱི་རྗེས་སུ་འབྲངས་པ་ལགས་ཤིང་། ཐད་འདིའི་ཞིབ་ཆ་རྣམས་དོན་ཚན་ཕྱི་མའི་སྐབས་སུ་དཔྱད་འདོད་པས་འདི་ནས་རྒྱས་པར་མི་འཆད་དོ། ། མངའ་བདག་ཁྲི་པ་ལ་སྲས་ཨ་ཙ་ར་དང་དགེ་སློང་བླ་མ་ལྷ་བཙུན་བོ་དྷི་བྱ་བ་བཅས་བཞི་བྱོན་པ་ལས་དང་པོ་ཨ་ཙ་རའི་རྒྱུད་པ་ནི་འཕྲེང་པོ་བ་དང་ལུང་རྒྱབ་པ་གླག་ལམ་པ་གྲིབ་པ་དང་སྙེ་ཐང་པ་དང་ལུམ་པ་རྩང་པོ་སོགས་དང་། གཉིས་པ་དགེ་སློང་གི་རྒྱུད་ནི་སྤེལ་ཞི་བའམ་དཔེ་བཞི་བ་དང་འོན་རྡོ་མོན་མཁར་བ་བཅས་ཡིན་པས་བཤད་ལ། གསུམ་པ་བླ་མར་རྒྱུད་པ་མ་བྱུང་ཞིང་བཞི་བ་ལྷ་བཙུན་བྱ་བའི་རྒྱུད་པ་ནི་ལྷ་བཙུན་སྔོན་མོ་དང་སྨྱུག་རུམ་པ་ལྷ་འབྲི་སྒང་པ་སོགས་ཏེ་ལྷ་ས་དང་བསམ་ཡས་བཅས་དབུས་གཙང་དུ་བཙན་པོ་ཟེར་བ་མང་དུ་འཕེལ་རྣམས་ཡུམ་བརྟན་གྱི་གདུང་རྒྱུད་ཡིན་པར་གྲགས་སོ། །རྗེ་རབས་པ་འདི་དག་ལ་ལྷ་སའི་རྒྱལ་རྒྱུད་ཅེས་བརྗོད་ཅིང་། སྤྱིར་ན་ལྷ་སའི་རྒྱལ་རྒྱུད་ནི་ལྷ་སར་གནས་པས་སྔོན་མའི་སྲིད་འབྱོར་རིག་གསུམ་གྱི་རྨང་གཞིར་བརྟེན་ནས་རྒྱལ་ཕྲན་གཞན་དག་གི་སྲོག་ཤིང་ལྟ་བུར་སྟོབས་ཤུགས་ལྡན་དགོས་མོད། འོན་ཀྱང་བོད་ཀྱི་ཆོས་འབྱུང་རྣམས་སུ་རྒྱལ་རྒྱུད་འདི་དག་གི་དོན་སྙིང་ཡུལ་གྱི་མངའ་ཐང་དང་སྲིད་ཀྱི་ཁྱབ་ཁོངས་བཙན་མཁར་ཕོ་བྲང་སོགས་ཀྱི་གནས་ཚུལ་རྣམས་ཞིབ་པར་མི་གསལ་བས། འདིར་ཡང་བོད་སྔ་རབས་པའི་ངག་རྗེས་བཞིན་འགོད་པ་ལས་འོས་མ་མཆིས་སོ། །

    ལྷ་སའི་རྒྱལ་རབས་རིམ་བྱོན།

 

 

    དཔྱད་གཞིའི་ཡིག་ཆ།   

  • 顶