ཆུ་གཤེར་རྩམ་པ་ཕྱུག་འགྱུར་ཐོན་ལས་སུ་གྱུར།

2022-11-04
285

   ཆུ་གཤེར་རྩམ་པ་ཕྱུག་འགྱུར་ཐོན་ལས་སུ་གྱུར།

     དཀར་མཛེས་རྫོང་ནི་འཕྲེད་རྒྱུག་རི་རྒྱུད་ཀྱི་བྱང་ཤར་མཐའ་མཚམས་སུ་གནས་པའི་ཁམས་བྱང་ས་ཁུལ་གྱི་ལྟེ་གནས་ས་རྒྱུད་ཡིན་ཞིང་། ཉག་ཆུ་སྔོན་པོ་འདི་ནས་དལ་བུར་བཞུར་ཏེ་ཡུལ་གྲུ་འདིར་གཤིན་པོའི་འཚོ་བཅུད་སྦྱིན། གཡའ་དག་པའི་ཨ་སྔོན་དབྱིངས་དང་འདྲེས་པའི་མུ་མཐའ་མེད་པའི་ས་ཞིང་ཡངས་པོའི་ནང་གྲོ་ནས་ཀྱི་སྙེ་མགོ་ཐོན་སྐབས་ལྷགས་པ་བཟང་ཞེས་པ་ནང་བཞིན་གསེར་མདོག་དཔལ་གྱིས་ཕྱུག་པའི་ཨ་འབྲུ་ནས་ཀྱི་སྙེ་མའི་མགོ་ལྕོགས་སྟོན་གྱི་བསིལ་རླུང་ལྡང་ཕྱོགས་དང་འགྲོགས་ཏེ་ལྡེམ་ལྡེམ་ཉམས་ཀྱིས་ཕྱུག་པའི་གསེར་རླབས་འཕྱུར། “ཁམས་བྱང་འབྲུ་མཛོད”ཅེས་མཚན་སྙན་ཡོད་པའི་མཛེས་ཉམས་ནི་སྐབས་དེའི་དུས་སུ་མཛེས་ཉམས་དཔལ་གྱིས་ཕྱུག་པ་ཞིག་རེད།

   “དཀར་མཛེས་ནི་ཁམས་བྱང་གི་འབྲུ་མཛོད་རེད།ནས་ཀྱི་སྤུས་ཀ་ལེགས་ཤིང་ཐོན་ཚད་མང་བར་བརྟེན།བོད་འབྲེལ་ས་ཁུལ་གྱི་འབྲུ་མཛོད་གལ་ཆེན་གྱི་གྲས་ཤིག་ཡིན།ནས་ཀྱི་ཐོན་ཚད་བྱང་རྒྱུད་ཀྱི་ཨང་དང་པོའི་གོ་གནས་བཟུང་ཡོད་པ་རེད། དུས་ཡུན་རིང་པོའི་སྔོན་ནས་མི་མང་པོ་ཞིག་གིས་རྟ་བཞོན་ཞིང་ནས་རྡོག་བླུགས་ཡོད་པའི་སྒྲོ་བ་དོ་པོ་མཛོ་གཡག་ལ་བཀལ་ནས་བོད་ལྗོངས་ཀྱི་ཆབ་མདོ་དང་མཚོ་སྔོན་གྱི་ཡུལ་ཤུལ་སོགས་སུ་སྐྱེལ་འདྲེན་བྱས་པའི་ལོ་རྒྱུས་ཚད་ལྡན་ཡིག་ཆ་མང་པོའི་ནང་བཀོད་ཡོད་པ་རེད”ཅེས་སི་ཁྲོན་ཞིང་ཆེན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཡིན་པའི་ཆུ་གཤེར་རྩམ་པའི་ལག་རྩལ་རྒྱུན་འཛིན་བྱེད་མཁན་བཀྲ་དགའ་ཡིས་དེ་ལྟར་ངོ་སྤྲོད་བྱས་པ་རེད། ཉེ་བའི་ལོ་ཤས་རིང་རང་རེའི་ཞིང་ཆེན་གྱིས་རྒྱུན་ཆད་མེད་པར་ཞིང་ལས་དང་ཞིང་སྡེ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྲིད་ཇུས་བཟང་པོ་གཅིག་རྗེས་གཉིས་མཐུད་དུ་དོན་འཁྱོལ་བྱས་མཐར། ཞིང་ལས་ཀྱི་ཁ་གསབ་རོགས་དངུལ་གཙོ་བོ་འབྲུ་རིགས་གཞི་ཁྱོན་འོས་འཚམ་གཉེར་སྐྱོང་བྱེད་མཁན་ལ་རྒྱབ་སྐྱོར་དང་།ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱེད་སའི་ཁ་གསབ་རོགས་དངུལ་གཙོ་བོ་འབྲུ་རིགས་ལོ་ཏོག་ལ་ཕྱོགས་ལྷུང་བྱས་པ་རེད། སྲོལ་རྒྱུན་གྱི་ལག་རྩལ་འཕེལ་རྒྱས་གཏོང་བའི་གོ་སྐབས་བཟང་པོར་འཕྲད་ཅིང་།བཀྲ་དགའ་ཡིས“གངས་ལྗོངས་བདེ་མཆོག”རྟགས་ཅན་གྱི་ཆུ་གཤེར་རྩམ་པ་ལ་སོགས་པའི་ཐོན་རྫས་གྲགས་ཅན་རབ་དང་རིམ་པ་བཏོད་ཡོད། ཨ་འབྲུ་ནས་ཀྱི་སྙེ་མ་སྨིན་པའི་དུས་ཚིགས་ལ་སླེབས་པའི་སྐབས་སུ་བདེ་མཆོག་གཞིས་ཀ་ཡིས་ཀྱང་ནས་རྨོན་འདེབས་བྱེད་མཁན་གྱི་དུད་ཚང80ལྷག་ཙམ་སྐུལ་ཁྲིད་བྱས་ཏེ་རྨོན་འདེབས་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཅིག་ལྷག་མངོན་འགྱུར་བྱུང་ནས།“གངས་ལྗོངས་བདེ་མཆོག”ཀྱང་རིམ་བཞིན་དཀར་མཛེས་རྫོང་གི“མིང་བྱང”དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད། 

  བཀྲ་དགའ་ལའང་སྔ་རྗེས་སུ་སི་ཁྲོན་ཞིང་ཆེན་གྱི་སྐབས་བཞི་པའི་ཞིང་སྡེའི་ཤེས་ཡོན་མི་སྣའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོའི་གསེར་གྱི་བྱ་དགའ་དང་ཞིང་སྡེའི་ལས་གཏོད་བྱ་དགའ་སོགས་ཐོབ་པ་དང་།“ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་སྣེ་ཁྲིད་པ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་།ཆུ་གཤེར་རྩམ་པའི་ཐོན་རྫས་རབ་དང་རིམ་པ་ལ་ཁུལ་རིམ་པའི“དྭངས་གཙང་དཀར་མཛེས”ཀྱི་སྤུས་ལེགས་ཞིང་ལས་ཡུལ་ཐོན་ཁྱད་རྫས་དང་གྲགས་ཅན་ཐོན་རྫས་སོགས་ཀྱི་གསེར་གྱི་བྱ་དགའ་གཉིས་ཐོབ་ཡོད་པ་རེད། 

    གཟི་བརྗིད་མཚན་སྙན་དེ་དག་གི་མདུན་དུ་ཁམས་པའི་ཕོ་གསར་འདིས་ཧ་ཅང་ཁེངས་སྐྱུང་གི་སྒོ་ནས“རྩམ་པའི་བྲོ་བ་བཟས་རྗེས་གཞི་ནས་ཞིམ་པོ་ཡིན་པ་ཤེས།ཨ་མ་ལགས་ཀྱི་བསྐྱར་ཟློས་སྐད་ཆའི་གནས་ལུགས་འཚར་ལོངས་བྱུང་རྗེས་གཞི་ནས་གོ།ང་ཚོ་ཆུང་དུས་ནས་སྦྲང་དཀར་རྩམ་པ་བཟས་ནས་འཚར་ལོངས་བྱུང་བ་ཡིན་པར་བརྟེན།ཨ་མ་ལགས་ཀྱིས་གསུངས་པའི་སྐད་ཆ་དུས་གཏན་དུ་བརྗེད་མི་རུང”ཞེས་བརྩེ་དུང་གིས་ཁེངས་པའི་ངང་སྨྱུག་འཛིན་པ་དང་མཉམ་དུ་ཆུ་སྐོར་ཁང་གི་འགྲམ་དུ་སླེབས་རྗེས། ཁོས“བདེ་མཆོག་གཞིས་ཀ”ངོ་སྤྲོད་བྱེད་འགོ་བཙུགས། ཞེང་ཚད་ཧ་ལམ་སྨི་གསུམ་ཡོད་པའི་ཆུ་ཡུར་ཞིག་སྨྱུག་འཛིན་པའི་མིག་ལམ་དུ་མངོན་བྱུང་། ཆུ་ཡུར་གྱི་གཞོགས་ངོས་སུ་རིམ་བཞིན་ཁུང་བུ་བདུན་བཞག་ཡོད་པ་ཞིག་རེད། ངོ་སྤྲོད་བྱས་པ་ལྟར་ན། སྟོད་རྒྱུད་ཀྱི་ཁུང་བུ་གསུམ་པོ་དེ་ནི་ཆུ་ཕྱིར་གཏོང་བྱེད་ས་ཡིན་པས་དགུན་ཁར་ཆུ་ཆུང་བའི་དུས་སུ་འགོག་པང་གིས་བཀག་ཚགས་བྱས་ནས་ཆུ་གསོག་རྒྱག་ཆོག་ལ། དབྱར་ཁར་ཆུ་ཆེ་བའི་དུས་སུ་མཁོ་མེད་ཀྱི་ཆུ་ཕྱིར་གཏོང་བྱེད་ཆོག་པ་རེད། བར་རྒྱུད་ཀྱི་ཁུང་བུ་གསུམ་པོ་དེ་ནི་ཆུ་སྐོར་གྱི་སྒུལ་ཤུགས་ཡོང་ཁུངས་གཙོ་བོ་ཡིན་ཞིང་། ཆུ་སྐོར་གྱི་འཆིག་རྡོ་བཞག་ས་ནི་ཁང་ཆུང་གྲུ་བཞི་མ་ཞིག་རེད། ཚངས་ཕྱེད་སྨི0.8ཙམ་ཡོད་པའི་འཆིག་རྡོ་གསུམ་གྱི་བར་ཐག་སྨི1.7ཙམ་ཡོད་པ་ཞིག་རེད། ཐག་པ་བཞི་ཁང་པའི་ཕྱོགས་བཞིའི་རྩེ་ཟུར་ལ་བཀལ་བའི་ཀོ་བ་ལས་བཟོས་པའི་སྣོད་ཆས(ས་གནས་ཁ་ཤས་སུ་ཀོ་སྟོང་རུབ་ཟེར)ནི་ནས་བླུགས་ས་ཡིན་ཞིང་། སྣོད་ཆས་ཀྱི་མཇུག་སྣེ་གཡག་རྭས་བཟོས་པའི་མཆུ་ཏོ་སྒྲིག་སྦྱོར་བྱས་མཐར་ཡོས་མང་ཉུང་ཅི་འདྲ་གཏོང་ཆོག་མིན་གྱི་ཚོད་འཛིན་ཡོ་བྱད་བྱས། འཐེན་སའི་ཐག་པས་སྙོམ་སྒྲིག་ཡོ་བྱད་སྣེ་མང་ཞིང་ཅུང་རྙོག་འཛིང་ཆེ་མོད།འོན་ཀྱང་ངོ་མཚར་ཆེ་བའི་སྒོ་ནས་ཡོས་འདོན་པའི་མྱུར་ཚད་ཚོད་འཛིན་བྱེད་ནུས་ཐོན་པ་རེད།

ཆུ་གཤེར་རྩམ་པ་ཕྱུག་འགྱུར་ཐོན་ལས་སུ་གྱུར།

   སྨད་རྒྱུད་དུ་ཡོད་པའི་ཆུ་སྐོར་དེ་དག་ཤིང་ཆས་ཤ་སྟག་ལས་བསྐྲུན་པ་ཡིན་ཞིང་། བཀྲ་དགའ་ཡིས་རྒྱུས་ལོན་ཟབ་མོ་ཡོད་པའི་སྒོ་ནས་ངོ་སྤྲོད་བྱས་དོན། ཆུ་ཡོངས་རྫོགས་གུ་དོག་ལ་ཟབ་ཚད་ཏུའུ45ཅན་གྱི་ཆུ་གཤོང་བརྒྱུད་ནས་ཐུར་ཟུར་བཞུར་རྗེས། དལ་བཞུར་རྡེབ་ཤུགས་གཅིག་བསྡུས་བྱས་ནས་ཤིང་གི་འཁོར་ལོའི་གཤོག་པར་རྡེབ་མཐར།ཤིང་གི་འཁོར་ལོའི་འཁོར་མདའ་ཡིས་ཁང་པའི་ནང་གི་འཆིག་རྡོ་བསྐོར་བ་རེད། ཀོ་བས་བཟོས་པའི་སྣོན་ཆས་ནང་བརྔོས་ཟིན་པའི་ནས་ཡོས་བླུགས་ནས། སྙོམ་སྒྲིག་ཡོ་བྱད་ཀྱིས་སྙོམ་སྒྲིག་བྱས་ནས་རྩམ་པ་འཐག་ཆོག་ཅིང་། མཐར་ཞིབ་འཐག་བྱས་ཏེ་ཕྱེ་མའི་དབྱིབས་སུ་བཙིར་ནས་བྲག་ཐོག་ལུ་གུ་རྒྱུ་རྒྱུ། བྲག་ཞབས་ཁ་བ་འབབ་འབབ་ཀྱི་སྟབས་སྟངས་ཁྲོད་དུ་དྲི་མེད་གཙང་བའི་རྩམ་པ་ཤིང་གཞོང་དུ་ཟག་པ་རེད། ཤིང་གཞོང་ནང་གི་རྩམ་པའི་ཚོས་གཞི་ཟིང་སྐྱའི་ནང་ནས་ཀྱི་དྲི་ཞིམ་ལང་ལོང་དུ་འཐུལ། བཀྲ་དགས་སྨྱུག་འཛིན་པར་ཆུ་གཤེར་རྩམ་པ་འཐག་སྟངས་ངོ་སྤྲོད་བྱས་པར་གཞིགས་ན། ཆུ་གཤེར་རྩམ་པ་ནི་ནས་ཀྱི་ནང་ནས་སྤུས་ལེགས་ཤོས་གདམས་གསེབ་བྱས་ཏེ་རླུང་སྐམ་ཡག་པོ་བྱས་མཐར། ཕྱིར་ཉིན་ལ་ཆུ་གྲང་མོའི་ནང་བཀྲུས་ནས་ཡང་དུ་སྐམ་བཅུག་དགོས་པ་དང་།ཕྱི་དྲོར་ཆུ་ཁོལ་ནང་ཡང་ཡང་བཀྲུས་ནས་ཉུང་མཐར་ཡང་ཐེངས་གཉིས་འཁྲུད་དགོས་ཤིང་།རླན་གཤེར་སྐམ་རྗེས་འཕྲལ་མར་ཆེད་དུ་བཟོས་པའི་ཁུག་མའི་ནང་བླུགས་ནས་ཁ་དམ་པོར་བཅིངས་ནས་ཞག་གཅིག་བསྙལ་བའི་ཕྱིར་ཉིན་གཉིས་པར་དེའི་ཁ་ཕྱེ་ནས་ཆང་གི་དྲི་ཞིམ་འདྲེས་པའི་ནས་རྣམས་སླ་ངའི་ནང་དུ་བརྔོས་རྗེས།ཡོས་ཀྱི་འབྲུ་རྡོག་ཡང་བསྐྱར་ཁྲོལ་ཚགས་བྱ་དགོས། རྩམ་པ་འཐག་པའི་བརྒྱུད་རིམ་ནང་བེད་སྤྱོད་པའི་ཆུ་ནི་བདེ་མཆོག་གངས་རི་ནས་འདྲེན་ཡོང་བའི་དྭངས་གཙང་གི་གངས་ཆུ་རེད། “དེའི་སྔོན་དུ་ཞིང་ཆེན་གྱི་ཆེད་རམས་པས་གསལ་འབྱེད་བྱས་ནས་ཆུའི་ནང་ གཏེར་རྒྱུ་ཕུན་སུམ་ཚོགས་པོ་འདུག”ཅེས་ཁུངས་ལུངས་བདེན་དཔང་བྱས་ཤིང་། དྭངས་ཤིང་གཙང་བའི་གངས་ཆུའི་ཐོག་མཐོ་སྒང་གི་སྤུས་ལེགས་ཀྱི་ནས་བསྣན་ན་སྐྱེ་ལྡན་འབྱུང་འཕྲོད་ཀྱི་བཟའ་བཅའ་ཞེས་པའི་ཡིག་འབྲུ་ཁ་ཤས་ཀྱིས་གསལ་བཤད་བྱས་པའི་ཐོག་ནས་ར་སྤྲོད་ཡག་པོ་ཞིག་བྱས་ཡོད། “འབྱུང་འཕྲོད་ལ་བརྟེན་ནས་སྲོལ་རྒྱུན་གྱི་ཆུ་སྐོར་གདམ་ག་བྱས་པ་ཡིན་ནམ” ཞེས་སྨྱུག་འཛིན་པས་དྲི་བ་བཏོན་དུས། བཀྲ་དགའ་ཡིས་མུ་མཐུད་ནས་བཤད་རྒྱུར།“མི་མང་པོ་ཞིག་སོམ་ཉིའི་གནས་སུ་ལྷུང་ཡོད་རེད།དེང་རབས་བཟོ་ལས་འདི་འདྲའི་དར་རྒྱས་ཆེ་བས།གློག་མི་སྤྱོད་པ་ཅི་ཡིན།དེ་ལས་ལྡོག་སྟེ་ང་ཚོའི་མེས་པོས་མི་རབས་ནས་མི་རབས་བར་ལེགས་བཅོས་བྱས་པའི་ཆུ་སྐོར་སྤྱོད་ཐབས་རྒྱུན་འཁྱོངས་པ་རེད”ཅེས་བཤད། ཐོག་མར་ཁོས་རྩམ་པ་ཐོན་ལས་ཅན་འཛུགས་སྐྱོང་བྱེད་རྩིས་བྱེད་སྐབས་ཆུ་དང་གློག་གི་ཁྱད་པར་གསལ་རྟོགས་བྱ་ཆེད།ཁོས་ས་གནས་མང་པོ་ཞིག་ཏུ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་དང་ཚོད་ལྟ་ཐེངས་མང་བྱས་པའི་ཁྱོན་བསྡོམས་ནི་གློག་སྐོར་ལས་ཆུ་སྐོར་ཁེ་བཟང་གཅིག་མ་གཏོགས་མེད། དེ་ནི་མྱུར་ཚད་རེད།“གློག་གིས་འཐག་པའི་སྒུལ་བྱེད་འཕྲུལ་འཁོར་ལ་ཕྱེ་འཐག་པའི་བརྒྱུད་རིམ་ནང་ཚ་མོར་གྱུར་པ་དང་།འཛེར་སྒྲ་ཆེ་བ།གློག་སྤྱོད་མང་བ་བཅས་རེད། གལ་སྲིད་དེ་དག་ལ་བརྟེན་ནས་སྤུས་ཚད་ཡག་པོའི་ཐོན་རྫས་ཐོན་ཐུབ་ན་སྨོས་མེད་རེད། རྩམ་པའི་མདོག་མི་ཡག་ལ་བྲོ་བ་ཡང་ཆུ་སྐོར་གྱིས་འཐག་པའི་རྩམ་པ་ལས་ཞན་པ་རེད། ཆེས་གལ་ཆེ་བ་ཞིག་ནི་རྩམ་པའི་སོས་མ་ཉར་འཇོག་བྱེད་ཡུན་ཆེས་ཆེར་ཐུང་དུ་འགྲོ་རྒྱུ་དེ་རེད” ། “ཆུ་འཐག་གི་ལེགས་ཆ་ཅི་འདྲ་རེད། ” “ཆུ་འཐག་གི་ལེགས་ཆ་ནི་གློག་རིན་འགྲོ་གྲོན་མེད་པ་དང་ཅི་འདྲ་ཡུན་རིང་འཐག་ནའང་ཚ་མོ་མི་རེད་པ།ད་དུང་དྲོད་ཚད་དམའ་རུ་གཏོང་བའི་ནུས་པ་ཡོད་པས། རྩམ་པའི་མདོག་ཁ་ཡག་ལ་བྲོ་བ་ཞིམ་པོ་བཅས་ཡོད་པ་རེད”ཅེས་ངོ་སྤྲོད་བྱས་པ་རེད། 

     ཟུར་བཀོད་དཔྱད་གཞིའི་ཡིག་རིགས། 

  སྤྱིར་བཏང་གི་རྩམ་པ་ནི་ནས་ཆུ་འཁྲུད་རྒྱག་པ་ཙམ་གྱིས་རྔོད་བཏག་བྱེད་ཀྱི་ཡོད། ཆུ་གཤེར་རྩམ་པ་དངོས་ནི་དེ་ལས་ཀྱང་ཡག་ཅིང་། ནས་ཆུར་བཀྲུས་ཏེ་ས་རྡོ་དང་ཡུག་པོ་སོགས་གཙང་མ་བསལ་རྗེས་ཉི་སྐམ་བཏང་སྟེ་ཕྱི་དྲོ་ནས་ཀྱི་དྲོད་མ་ཡལ་གོང་ནས་ཟངས་ཁྲོ་སོགས་ནང་ཆུ་འཁོལ་བཞིན་པའི་ནང་སྦངས་ཙམ་བྱས་ཏེ་ཚགས་ཅན་གྱི་སློ་མར་བླུགས་ནས་ཆུ་ཟགས་ཚར་བའི་མོད་ལ་རྩྭ་སོག་གདན་དུ་བཏིང་བའི་སྒྱེ་མོའི་ནང་འཇོག་པ་དང་དེའི་ཕྱི་ངོས་ཀྱི་ཕྱོགས་ཐམས་ཅད་ནས་གོས་དང་ཕྱ་ར་སོགས་ཀྱིས་དམ་པོར་བཏུམས་ཏེ་ཞག་གཅིག་བསྙལ་ནས་དེའི་ཞོགས་པ་སྔ་མོར་རྔོད་སླང་ནང་བྱེ་མ་དང་ལྷན་དུ་རྔོད་དགོས་ཤིང་དེ་འདྲ་བྱས་ནས་བརྔོས་པའི་གཡོས་དེ་ཚོས་མགྱོགས་ལ་འཚིག་དཀའ་བའི་དགེ་མཚན་ཐོན་གྱི་ཡོད། ཡོས་དེ་གོ་སློ་ཐེངས་གཅིག་བརྒྱབ་རྗེས་དང་དོད་ཚ་བ་རྣམས་ཀྱིས་ད་རུང་ཡོས་སྒྱེ་ནང་བླུགས་ནས་འཕུར་འཕུར་བཏང་སྟེ་ཡོས་ལྤགས་ཀྱང་གཙང་ཕུད་བྱས་རྗེས་ད་གཟོད་མཆིག་རྡོ་རུ་ལེགས་བཏག་བྱེད་ཀྱི་ཡོད་ལ་དེ་འདྲ་ལས་བྱུང་བའི་རྩམ་པ་ནི་ཁ་དོག་ལེགས་ཤིང་དྲི་ཞིམ་ལ་རོ་བཅུད་བཟང་བ་ཞིག་ཏུ་འོང་གི་ཡོད་པ་རེད།།


  • 顶 0