བེ་ནུ་ལུང་པ་ཆུ་ཚན་སྦང་སྲོལ་འདི་འདྲ་ཞིག་ཡོད།

2022-10-08
251

རྒྱལ་ཐང་བེ་ནུ་ལུང་པ(ད་ལྟའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཧོང་ཕའོ་གྲོང་)དུ་བྲག་དཀར་ཆུ་ཚན་དང་རྡོ་ཟམ་ཆུ་ཚན་སོགས་ཡོད་པས་ས་གནས་དེ་གའི་མང་ཚོགས་ཀྱིས་ཆུ་ཚན་སྦང་བར་དགའ་ཞེན་ཆེན་པོ་ཡོད། ཆུ་ཚན་སྦང་བ་ལ་རྒྱལ་ཐང་ས་ཆའི་ཡུལ་སྐད་དུ་ཚ་ཆུ་ཞབས་ཞེས་ཟེར། དུས་རྒྱུན་ཁོམ་པ་ཡོད་ན་ནང་མི་དང་རོགས་པ་མཉམ་དུ་འགྲོགས་ནས་ཆུ་ཚན་སྦང་བར་འགྲོ་དགའ། ལོ་ལྟར་གྱི་དཔྱིད་ཀ་དང་སྟོན་ཁར་ཁྱིམ་ནང་གི་ལས་ཀ་བཞག་ནས་ཆུ་ཚན་སྦང་འགྲོ་བའི་སྲོལ་ཡོད་དེ། དཔྱིད་ཀར་ཆུ་ཚན་སྦང་འགྲོ་བ་ལ་དཔྱིད་ཚ་ཞབས་ཞེས་ཟེར་བ་དང་སྟོན་ཁར་ཆུ་ཚན་སྦང་འགྲོ་བ་ལ་སྟོན་ཚ་ཞབས་ཞེས་ཟེར།

    དཔྱིད་ཚ་ཞབས་ཟེར་བ་ནི་ལོ་ལྟར་དཔྱིད་ཀར་ཞིང་པ་ཚོས་ནས་ཀྱི་ས་བོན་འདེབས་ཏེ་སྨྱུ་གུ་གཅིག་རེ་གཉིས་རེ་འབུ་དུས་ཁྱིམ་ནང་གི་ཕོ་མོ་རྒན་གཞོན་ཀུན་གྱིས་བཟའ་བཅའ་དང་མཚན་གོས། ཐབ་ཆས། གུར་སོགས་དགོས་མཁོ་ཆེ་བའི་ཅ་ལག་སྣ་ཚོགས་ཁྱེར་ཏེ་བྲག་དཀར་ཆུ་ཚན་དང་རྡོ་ཟམ་ཆུ་ཚན་གྱི་འགྲམ་དུ་ཉིན་ཞག་བདུན་བསྡད་ནས་ཆུ་ཚན་སྦང་འགྲོ་བ་དེ་ཡིན། ཡང་དཔྱིད་ཚ་ཞབས་དུས་མི་རྣམས་ཀྱིས་ཕག་རུས་དང་བྱ་སོགས་ཁྱེར་ནས་ཆུ་ཚན་སྦང་བའི་ཞོར་དུ་ཁུ་བ་ཐུང་བས་དཔྱིད་ཚ་ཞབས་ན་ལུས་ཕོང་གི་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད་པའི་བཤད་སྲོལ་ཡོད།

    སྟོན་ཚ་ཞབས་ཟེར་བ་ནི་སྟོན་ཁར་ཞིང་པ་ཚོས་ཞིང་ནང་གི་ལོ་ཏོག་ཡོད་ཚད་རབ་ཚར་རྗེས་གྲོང་པ་ནང་གི་ཡུལ་མི་དག་ཁོམ་པའི་ཉིན་ཞིག་མཉམ་དུ་འགྲོགས་ཏེ་ཉིན་གཅིག་གི་བཟའ་ཆས་ཁྱེར་ནས་ཆུ་ཚན་སྦང་བར་སོང་། སྟོན་ཚ་ཞབས་འགྲོ་བའི་དམིགས་ཡུལ་གཙོ་བོ་ནི་སྟོན་བསྡུ་རྫོགས་རྗེས་ལུས་སེམས་ཐམས་ཅད་ངལ་གསོ་རྒྱག་པ་དེ་ཡིན།

    རྒན་པ་ཚོའི་བཤད་སྲོལ་ལྟར་ན། དཔྱིད་ཚ་ཞབས་ཟེར་བ་དང་སྟོན་ཚ་ཞབས་ཟེར་བ་གཉིས་ཀྱི་དུས་ཡུན་རིང་ཐུང་མི་འདྲ་ལ། སྔོན་ཆད་དང་བསྡུར་ན་ཆུ་ཚན་སྦང་བ་ལ་འགྱུར་ལྡོག་ཆེས་ཤོས་ནི་བཟའ་བཅའ་ཐོག་བྱུང་ཡོད་དེ། སྔོན་ཆད་ཡིན་ན་ཆུ་ཚན་སྦང་འགྲོ་དུས་ཇ་དང་རྩམ་པ། དེ་མིན་འབྲས་དང་ཕག་ཤ་སོགས་ཀྱི་རྒྱུན་ཟས་ལས་གཞན་པ་མེད། དུས་རབས་དར་འཕེལ་བྱུང་བ་དང་མང་ཚོགས་ཀྱི་འཚོ་བ་ཇེ་ཡག་ཏུ་གྱུར་བ་དང་བསྟུན་ནས་མི་རྣམས་ཀྱིས་ཆུ་ཚན་སྦང་འགྲོ་དུས་རྒྱུན་ཟས་དེ་ཚོ་མ་གཏོགས་ད་དུང་ཤིང་ཏོག་སྣ་ཚོགས་དང་བསྲེགས་ཟས་སོགས་ཁྱེར་ནས་ཆུ་ཚན་སྦང་བ་ལས་སྐྱིད་པོ་གཏོང་བར་སྣང་ཆེན་བྱེད་ཡོད། 


  • 顶 0