ཨ་མ་ལགས་ཡིད་བཞིན་ནོར་བུ།

2022-09-18
280

ཨ་མ་ལགས་ཡིད་བཞིན་ནོར་བུ།
      དོ་དགོང་ཁེར་རྐྱང་ངང་རང་ཤག་ན། ཡིད་ཀྱི་ཀློང་དུ་ལྷང་ངེར་ཡོད་པའི་ཡིད་བཞིན་གྱི་ནོར་བུ་ཞིག་དྲན་བྱུང་། དེ་ནི་ཨ་མ་མིན་ལ་སུ་ཞིག་ཡིན། སྐབས་རེ་ལྷ་མཆོག་ལས་ཀྱང་ངས་ཁྱེད་ལ་གུས་བརྩི་དང་དད་པ་སྐྱེས། གཞན་པ་ཚོས་ཨ་མ་ལགས་ནི་མི་ཡུལ་གྱི་ལྷ་མོ་དང་དགེ་རྒན་གྱི་ཐོག་མ་ཡིན་ཚུལ་བཤད་ལ་དེའང་བདེན་པ་རེད། ཨ་མ་ལགས་ཡིད་བཞིན་ནོར་བུ། ངའི་ཨ་མ་ལགས་ནི་སྦྲེའུ་ཆུང་གི་སྒོ་འགྲམ་ན་ལག་པས་ཉི་འོད་ཀྱི་མདངས་བཀག་སྟེ། རྒྱང་རིང་གི་བུ་ཆུང་ལ་སྒུག་མཁན་དེ་ཡིན། ངའི་ཨ་མ་ལགས་ནི་སུ་ལའང་ཕོག་ཐུག་གཏོང་བར་མི་དགའ་ལ་བྱམས་བརྩེའི་ངང་ཞི་བར་གནས་མཁན་དེ་ཡིན། ངའི་ཨ་མ་ལགས་ནི་རང་ཉིད་ཀྱི་ལྟོ་གོས་ཧྲལ་ཧྲུལ་ལ་རོལ་ཏེ་བུ་ཆུང་ལ་ཅི་བདེར་ལོངས་སུ་སྤྱོད་དུ་འཇུག་མཁན་གྱི་འཕགས་མ་དེ་ཡིན། ཚང་མས་བཤད་ན་ངའི་ཨ་མ་ལགས་ཀྱིས་རྒྱུན་དུ་བུ་ཆུང་གི་སླད་དུ་གཞན་པ་ཚོར་མཐེ་བོང་བགྲེང་མྱོང་ཟེར། ངག་ནས་ཀྱང་ཞི་བ་རབ་དང་རིམ་པ་ཞིག་བྱས་མྱོང་ཟེར། དེ་ནི་ངའི་ཨ་མ་ལགས་ཡིད་བཞིན་ནོར་བུ་འདྲ་བོ་མིན་ལ་སུ་ཞིག་གིས་ངའི་སླད་དུ་འདི་འདྲ་བཟོ་ཐུབ་བམ། ང་ལ་གསལ་པོ་གསལ་རྐྱང་ཞིག་ཤོད་དང་། ཨ་མ་ལགས་ཡིད་བཞིན་ནོར་བུ། ཞིབ་ཏུ་བསམ་བློ་ཞིག་བཏང་ན་མི་ཡུལ་གྱི་ཨ་མ་དག་གི་འཚོ་གཞིས་དང་མཛད་འཕྲིན་གྱིས་ང་ཚོ་ལ་འདི་འདྲའི་མཛེས་སྡུག་དང་མཚར་སྡུག་བྱིན་ལ། ནང་མི་དང་གྲོགས་པོ་ཐ་ན་ལུས་སྟེང་གི་དྲོད་ཁོལ་ཉག་མ་གཅིག་ཀྱང་ཨ་མ་ལགས་ཀྱིས་མ་བྱིན་པ་ཞིག་ག་ལ་ཡོད། འདི་ལྟར་མུ་ནས་བསམ་བློ་ཞིག་བཏང་བ་ཡིན་ན། འཇིག་རྟེན་ན་ཨ་མ་ལགས་ལས་དྲིན་ཆེན་ཞིག་མེད་པ་ཧ་ཅང་ཚོར་སླ། ཨ་མ་ལགས། ཨ་མ་ལགས་ཡིད་བཞིན་ནོར་བུ། ང་རང་ཆུང་དུས་སུ་བྱིས་པ་བསམ་མེད་ཅིག་ཡིན་པས། ཁྱེད་རང་ལ་དཀལ་ངལ་ཧ་ཅང་ཆེ། བསམ་བློ་དྲང་པོ་ཞིག་ཐད་ཀར་བཏང་ན། འཇིག་རྟེན་ན་རིན་ཐང་གཞལ་དུ་མེད་པ་ཞིག་ཡོད་པ་ནི་ཨ་མ་ལགས་ཀྱི་ལྷག་བསམ་རེད། ལྷད་མེད་ཀྱི་ལྷག་བསམ་རེད། སུ་དང་གང་ཞིག་གིས་ཀྱང་རང་ལ་བྱིན་མི་ཐུབ་པ་ནི་ཨ་མ་ལགས་ཀྱི་ལྷག་བསམ་རེད། ཨ་མ་ལགས་ཀྱི་ལྷག་བསམ་ལ་ལྷད་མེད། དྲི་མ་མེད། ནག་ཐིགས་མེད། ནམ་ཡང་གཡའ་དག་པའི་ནམ་མཁའ་བཞིན་དྭངས་གཙང་ཡིན། ཆུ་བོ་བཞིན་རྒྱུན་ཆད་བྲལ། དུས་དང་ནམ་ཞེས་བྱ་བར་ཨ་མ་ལགས་ཀྱི་ལྷག་བསམ་ནི་རྟག་བརྟན་ཏུ་གནས་པའི་འོད་ཟེར་ཆེན་པོ་ཞིག་ཡིན། ཁྱེད་རང་གི་ཨ་མ་ལགས། ང་ཡི་ཨ་མ་ལགས་ཡིད་བཞིན་ནོར་བུ། ང་ལ་མཚོན་ན་ཨ་མ་ལགས་ནི་འཛད་མེད་དགོས་འདོད་ཀུན་འབྱུང་གི་ཡིད་བཞིན་ནོར་བུ་དེ་ཡིན་ལ། ང་ལ་མཚོན་ན་ཨ་མ་ལགས་ནི་ཕ་མཐའ་གཞལ་དུ་བྲལ་བའི་ཆུ་གཏེར་ཞིག་དང་གཉིས་སུ་མེད། ང་ལ་མཚོན་ན་ཨ་མ་ལགས་ནི་དཔག་ཚད་ཁྲི་ཕྲག་གི་གཟེངས་སུ་མཐོ་བའི་གངས་རི་བརྗིད་ཆགས་དེའང་ཡིན། ཨ་མ་ལགས་ཡིད་བཞིན་ནོར་བུ། འདི་དང་འདི་ལྟ་བུ་ཡི་ཨ་མ་ལགས་ལ་བསྟོད་བསྔགས་ཀྱི་རི་མོ་འབྲི་མཁན་ནི་ང་གཅིག་པུས་ག་ལ་ཚད། གོ་ལ་ཧྲིལ་བོའི་སྲོག་ཆགས་ཡོངས་ཀྱིས་ཨ་མ་ལགས་ལ་ཐུགས་བརྩེ་བས་བཅིངས་ཏེ། ཨ་མ་ལགས་ཞེས་བྲིས་པའི་རྩོམ་ཡིག་ནི་ཁྲི་སྟོང་ལས་ཀྱང་བརྒལ་ཡོད་ལ། སྲོག་ཆགས་རེ་རེའི་ཨ་མ་ལགས་ལ་བཅངས་པའི་སེམས་པ་རེ་རེ་ནི་སྨྲ་བསམ་བརྗོད་འདས་ཀྱི་ཡུལ་ལས་ཀྱང་འགོངས་ཡོད་དོ། །

ཨ་མ་ལགས་ཡིད་བཞིན་ནོར་བུ། ངས་རང་ཉིད་ལ་ཁྱོད་རང་ཁྱི་སྐྱག་ཅིག་མིན་ན། རང་གི་ཨ་མ་ལགས་ལ་གུས་བརྩི་དང་མཐོང་ཆེན་ཁྱད་པར་བ་ཞིག་བྱ་རན། ངས་རང་ཉིད་ལ་ཁྱོད་རང་མི་ཡ་རབས་ཤིག་ཡིན་ན། ཨ་མ་ལགས་ལ་སྲི་ཞུ་དང་ངལ་གསོ་ལྷག་པོ་ཅིག་ཞུ་རན། ངས་རང་ཉིད་ལ་ཁྱོད་རང་ཕོ་རྒོད་ཅིག་ཡིན་ན། ཨ་མ་ལགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་བྱིན་རན། ཞེས་རང་ཉིད་ལ་ཁེར་ལབ་མང་ཙམ་ཞིག་བྱས་མཐར། སྟོད་ན་གངས་རི་བརྗིད་ཅིང་། བར་ན་རི་ཀློང་གིས་མཛེས་པའི་ཕ་ཡུལ་སྐྱིད་པའི་གཡང་ལུང་གི་བྱམས་བརྩེའི་འཛུམ་མདངས་ཀྱི་ཡོངས་སུ་གཏམས་པའི་ཨ་མ་ལགས་མཇལ་དུ་ཕྱིན། ཨ་མ་ལགས་ཡིད་བཞིན་ནོར་བུ་མཇལ་དུ་ཕྱིན། །



  • 顶 0