གནས་སྐོར་ཟིན་ཐོ།

2022-10-04
492

   དེ་རིང་ནི་སྤྱི་ལོ༢༠༢༡ལོའི་ཟླ་༧པའི་ཚེས༤སྟེ་གཟའ་ཉི་མ་ཡིན། གནམ་ངོ་དྭངས་ཤིང་དབྱར་གྱི་དཔལ་ཡོན་གྱིས་ཡོངས་སུ་རྫོགས་པའི་མཛེས་སྡུག་ལྟ་བའི་ཆོག་མི་ཤེས་པའི་དུས་བཟང་གི་ཉིན་མོ་ཡིད་དུ་འོང་བ་ཞིག་ཏུ་འདུག ཁོ་བོས་ནང་མི་རྣམས་ཁྲིད་ནས་ཐེ་ཆུའི་བྲག་དཀར་བྱ་རྒོད་ལ་གནས་མཇལ་དུ་ཆས་པ་ཡིན། ཐེ་ཆུའི་བྲག་དཀར་བྱ་རྒོད་ནི་དེང་གི་དབང་དུ་བྱེད་ན་སི་ཁྲོན་མཛོད་དགེ་རྫོང་གི་ཐེ་བོ་ས་ཁུལ་གྱི་ཁོངས་སུ་གཏོགས་ཤིང་རྫོང་ཐོག་ནས་སྤྱི་ལེ་ལྔ་བཅུ་ཙམ་གྱི་ལྷོ་ནུབ་མཚམས་སུ་ཆགས་ཡོད།

   གནས་མཆོག་འདིའི་བཀོད་པ་ནི་མདོ་སྨད་སྨྲ་སེང་རྣམ་གསུམ་གྱི་ཡ་གྱལ་ངེས་དོན་མཁས་པའི་དབང་བོ་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེས་མཛད་པའི་«གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་བསྟོད་ཚིག་གསོལ་འདེབས་བཞུགས»ཞེས་པ་ལས། “ཕྱོགས་མཚམས་རི་བོ་ཀུན་ལས་མངོན་འཕགས་ཤིང་། །རྒྱ་ཆེ་ལྷུན་སྡུག་བརྗིད་ཆགས་སྤོ་མཐོ་བ། །མཐོང་བས་དད་དང་དྭངས་པ་འདྲེན་པ་ཡི། །གནས་མཆོག་གཟི་བརྗིད་ཅན་ལ་གསོལ་བ་འདེབས། །”ཞེས་གསུངས་པ་ལྟར་རང་བྱུང་གི་བཀོད་པ་ནི་བརྗིད་ཆགས་ལ་ལྷུན་སྟུག་པ་རི་བོ་མང་པོ་ཚར་དུ་དངར་བའི་དབུས་ན་རི་རྒྱལ་ལྷུན་པོ་བཞིན་ཀྲང་ངེར་འགྱིང་བ། རི་མགོ་ཐམས་ཅད་དུས་བཞིའི་འགྲོས་དང་བསྟུན་ནས་གཡའ་བྲག་གངས་གསུམ་གྱི་རྣམ་པར་འགྱུར་ཞིང་ཡོངས་སུ་མཛེས་པ། རི་རྐེད་དག་ཏུ་ལྷ་ཤིང་ཤུག་པ་དང་གཡུ་ཤིང་སོམ་པ་སོགས་རང་བྱུང་གི་ལྗོན་ཤིང་སྣ་ཚོགས་ནགས་ཚལ་སྟུག་པོས་ཡོངས་སུ་རྒྱས་པའི་ཚལ་དག་ཏུ་འདབ་ཆགས་བྱ་བྱེའུ་ཚོགས་ཀྱིས་སྐད་སྙན་སྒྲོག་པ། རྐང་འགྲོས་རི་དྭགས་རྣམས་ཀྱིས་གར་དུ་རྩེན་པ། རྫ་ཆུ་བསིལ་མ་ལྷང་ལྷང་དུ་འབབ་པ། ཉིན་སྲིབ་ཀུན་ཏུ་རྩི་ཤིང་སྨན་སྤོས་སྣ་ཚོགས་ཀྱི་དྲི་ངད་ལྡིང་བ། རི་འདབས་སྤང་ལྗོངས་གཡུ་ཡི་མེ་ལོང་འདྲ་བའི་དབུས་སུ་མདོ་སྨད་འཕགས་པ་རྣམ་གསུམ་གྱི་ཡ་གྱལ་རིག་འཛིན་གཙོ་འཕགས་ཆེན་པོས་ཐོག་མར་ཕྱག་བཏབ་པར་གྲགས་པའི་མི་འགྱུར་གསང་ཆེན་གླིང་ངམ་དེང་གི་དབང་དུ་བྱེད་ན་ཉོས་ཞིང་དགོན་སྨིན་གྲོལ་ནོར་བུ་གླིང་འདི་ཉིད་ལྷུན་གྱིས་ཆགས་པ་སོགས་མཛེས་སྡུག་ཡིད་དུ་འོང་ཞིང་རྣམ་པ་སྨྲ་བརྗོད་ཀྱི་མཐའ་ལས་འདས་པ་ཞིག་ཏུ་སྣང་།གཞན་ཡང་མཁས་དབང་ཧོར་བ་དྲུང་རམས་པས་མཛད་པའི་ «གནས་མཆོག་བྲག་དཀར་བྱ་རྒོད་ཀྱི་དཀར་ཆག་མན་ཤེལ་གོང་བུའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །»ཞེས་པ་ལས།“དབུ་རྩེར་སྤྲིན་དཀར་འཁྱིལ་བའི་གདུགས་འཁོར་ཞིང་། །བསྐལ་སྟོང་སངས་རྒྱས་བླ་མ་ཡི་དམ་ལྷ། །ཕྱི་ནང་གསང་བའི་ལྷ་ཚོགས་སྐར་ལྟར་བཀྲ། །རྐེད་དུ་གྲུབ་ཐོབ་རིག་འཛིན་མཁའ་འགྲོ་དང་། །དམ་ཅན་བོན་སྐྱོང་དཔལ་མགོན་སྤྲིན་ལྟར་གཏིབས། །རྩ་བ་ལྷུན་མཐུག་ལྷ་ཀླུ་ཡུལ་སའི་ཚོགས། །དཀར་ཕྱོགས་སྐྱོང་མཛད་མེ་ཏོག་བཀྲ་ལྟར་གནས། །”ཞེས་པས་གནས་ཁྱད་པར་ཅན་འདིའི་སྟོད་སྨད་བར་གསུམ་ལ་བླ་མ་ཡི་དམ་དང་། རིག་འཛིན་མཁའ་འགྲོ། བོན་སྐྱོང་སྲུང་མ། ལྷ་ཀླུ་གཞི་བདག་སོགས་གདུགས་ལྟར་བརྗིད་ཅིང་སྐར་ལྟར་བཀྲ་བ། སྤྲིན་ལྟར་གཏིབས་ཤིང་གྲོགས་ལྟར་འཁོར་བ། དེ་མིན་སྐྱེས་ཆེན་དམ་པ་མང་དུ་བྱོན་ཞིང་། གྲུབ་པའི་རང་རྟགས་མངོན་པར་རྫོགས་པའི་གནས་ཁང་དང་སྒྲུབ་ཕུག རྟག་བརྟན་འགྱུར་མེད་ཤིས་སུ་བཀྲ་བའི་བཀའ་གཏེར་དང་གཏེར་ཆུ། རྒྱལ་བའི་བཀའ་གསུང་འཕྲུལ་བའི་ཡིག་འབྲུ་རང་བྱོན། སྡེ་བརྒྱད་བྲན་དུ་བཀོལ་བའི་བཀའ་རྟགས་ཕྱག་རྗེས་ཞབས་རྗེས། འགྲོ་དྲུག་ཐར་བར་འདྲེན་པའི་བར་དོའི་འཕྲང་ལམ་སོགས་བརྗོད་ཀྱིས་མི་ལང་ཞིང་བགྲང་པའི་མཐའ་ལས་འདས་པས་«བསྟོད་ཚིག་གསོལ་འདེབས» ལས་ཀྱང་།“ཐབས་དང་ཐུགས་རྗེའི་མངའ་བདག་གཤེན་རྒྱལ་མཆོག།གདུལ་དཀའི་མི་དང་མི་མིན་འདུལ་བའི་ཕྱིར། །བྱ་རྒྱལ་ཁྱུང་རྒོད་རྣམ་པ་བྲག་དཀར་རིའི་སྤོར། །མངོན་བཞུགས་མཐོང་བ་དོན་ལྡན་གསོལ་བ་འདེབས། །”ཞེས་དང་། “དྲན་པ་ཡབ་སྲས་ལ་སོགས་རིག་འཛིན་དང་། །གཙོ་འཕགས་ཟླ་རྒྱལ་སྐྱང་འཕགས་ཉི་འོད་དང་། །ཁྲོ་གཉན་ལ་སོགས་གྲུབ་བརྙེས་སྐྱེས་མཆོག་གིས། །བྱིན་བརླབས་སྒྲུབ་གནས་རི་བོར་གསོལ་བ་འདེབས། །སྐལ་བ་བཟང་མོ་འོད་ལྡན་ཉི་འོད་དང་། །སྐྱང་བཟའ་གཡུ་བཙུན་ཞིག་མོ་ལ་སོགས་པ། །མཁའ་འགྲོ་དུ་མ་བཞུགས་ཤིང་བྱིན་བརླབས་པའི། །གནས་མཆོག་ངོ་མཚར་ཅན་ལ་གསོལ་བ་འདེབས། །སངས་རྒྱས་བྱང་སེམས་རིག་འཛིན་མཁའ་འགྲོ་ཡི། །ཕྱག་ཞབས་རྗེས་དང་སྒྲུབ་ཕུག་གཏེར་ཆུ་དང་། །བཀའ་གཏེར་ཡིག་འབྲུ་རང་བྱོན་མངོན་བཀྲ་བའི། །གནས་མཆོག་བཀའ་རྟགས་ཅན་ལ་གསོལ་བ་འདེབས། །”ཞེས་གསུངས་པ་ནང་བཞིན་ཚེ་ལོ་བརྒྱ་པའི་མགོན་པོ་སྟོན་མཆོག་གཤེན་རབ་མི་བོ་དང་། སྙིགས་དུས་འགྲོ་བའི་འདྲེན་སྟོན་དྲན་པ་ཡབ་སྲས་རྣམ་གསུམ། མདོ་སྨད་བསྟན་པའི་མཛེས་རྒྱན་གཙོ་འཕགས་ཟླ་བ་རྒྱལ་མཚན་དང་སྐྱང་འཕགས་ཉི་མ་འོད་ཟེར། སྐྱང་གི་བསྟན་པའི་བདག་པོ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན། ངེས་དོན་གྲུབ་པ་བརྙེས་པའི་སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་དང་མཚན་ལྡན་རྒྱལ་བ་བློ་གྲོས། རྒྱལ་བའི་ལུང་གིས་ཟིན་པའི་མཁའ་འགྲོ་སྐལ་བ་བཟང་མོ་དང་སྐྱང་བཟའ་གཡུ་བཙུན་མ། འགྲོ་མགོན་ཚེ་དབང་རིག་འཛིན་གྱི་རྣམ་སྤྲུལ་དུ་གྲགས་པའི་ཨ་ཁུ་ཚུལ་ཁྲིམས་རྣམ་དག རིག་པའི་གནས་ལ་འཇུག་པ་ཡངས་པའི་ཧོར་བ་དྲུང་རམས་པ། དེང་གི་བསྟན་པའི་ཀ་ཆེན་སྐྱང་སྤྲུལ་དྲི་མེད་འོད་ཟེར་སོགས་འགྲོ་བའི་དོན་དུ་བྱོན་པའི་རིག་འཛིན་མཁའ་འགྲོ་དང་སྐྱེས་ཆེན་དམ་པ་མང་པོས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རློབས་པ། སྒྲུབ་པ་ཉམས་ལེན་གནང་ཞིང་གྲུབ་པའི་རང་རྩལ་རྫོགས་པའི་གནས་ཁྱད་པར་ཅན་ཞིག་ཏུ་འདུག

 སྔ་མོ་ཞིག་ནས་གནས་ཁྱད་པར་ཅན་འདིར་མཇལ་འདོད་ཆེ་ན་ཡང་གོ་སྐབས་བཟང་བོ་ཞིག་མ་བྱུང་། དེ་རིང་གཟའ་མཇུག་ཡིན་པས་གོ་སྐབས་བཟང་། ང་ཚོས་རླངས་འཁོར་སྐོར་ནས་ཐེ་ཆུ་བྲག་དཀར་བྱ་རྒོད་དགོན་བཀྲ་ཤིས་སྨོན་གྲོལ་ནོར་བུ་གླིང་ངམ་ཉོས་ཞིང་དགོན་པར་སླེབས། དགོན་པ་འདི་ཐོག་མར་རིག་འཛིན་གཙོ་འཕགས་ཆེན་པོས་ཕྱག་བཏབ་པའི་མི་འགྱུར་གཡུང་དྲུང་གསང་ཆེན་གླིང་ཞེས་པ་རི་ཁྲོད་ཀྱི་རྣམ་པར་གནས། དེ་ནས་བར་སྐབས་ཤིག་ནས་རི་ཁྲོད་དེ་མང་དུ་འཕེལ་བས་དགོན་པའི་རྣམ་པར་ཆགས། མིང་ལའང་སྨིན་གྲོལ་ནོར་བུ་གླིང་དུ་གྲགས་སྐད། དེ་ནས་སྤྱང་སྤྲུལ་རྒྱལ་བ་གཡུང་དྲུང་ཕུན་ཚོགས་ཀྱི་སྐབས་སུ་དགོན་ཆུང་གཉིས་སུ་གྱུར་བ་གཅིག་ཏུ་བསྡུས་ནས་ཉོས་ཞིང་དགོན་པ་འདི་བཏབ་པར་བཤད། འདིར་ཉོས་ཞིང་དགོན་ཞེས་པའང་དགོན་འདི་ཕྱག་འདེབས་སའི་ས་ནི་སྔོན་ཆད་ཁྱིམ་ཚང་ཞིག་གི་ཞིང་ས་ཡིན་ལ། ས་དེ་ཉོས་ནས་དགོན་པ་བཏབ་པས་ཉོས་ཞིང་དགོན་དུ་གྲགས་སྐད། མིང་གཞན་པ་ཞིག་ལ་ཉི་ཤར་དགོན་དུའང་འབོད་སྐད། སྔོན་ཆད་དགོན་པ་འདི་རི་རྐེད་བདེ་ཐང་ཆུང་ཆུང་ཞིག་ཏུ་ཆགས་ཡོད་མོད། དེར་འགྲིམ་འགྲུལ་སོགས་སྟབས་བདེ་མིན་པས་ལོ་ངོ་ཁ་ཤས་ཀྱི་ཡར་སྔོན་དུ་དེང་གི་ས་འདིར་གནས་སྤོས། དགོན་པ་འདིར་སྒྲུབ་ཁང་དང་ཚོགས་ཆེན་འདུ་ཁང་།  གྲྭ་ཤག་ཁ་ཤས་ཙམ་ལས་མེད་པས་དེ་ཙམ་ཆེ་རྒྱུ་མེད། ཡིན་ན་ཡང་དབེན་ཞིང་ཐིང་ལ་ཉམས་དགའ་བའི་ནགས་སྤང་གི་མཚམས་སུ་ལྷུན་ཆགས་སེ་ཡོད། ཕྱི་ཡི་བཀོད་པ་བརྗིད་ཆགས་ལ་ཡིད་དུ་འོང་བ།  ནང་གི་རྟེན་བཞེངས་པ་རྣམས་ཀྱང་སྤུས་དག་ཅིང་ཕུན་སུམ་ཚོགས་པ། བོན་རང་ལུགས་ཀྱི་རྣམ་པ་མངོན་པར་གསལ་བས་དད་པའི་དང་བ་ཡོངས་སུ་འདྲེན་པར་བྱེད།

   དེ་ནས་དགོན་པའི་ནང་དུ་རླངས་འཁོར་བཞག་རྗེས། རྐང་ཐང་གིས་གནས་སྐོར་ལ་སོང་། གནས་ཁྱད་པར་ཅན་འདིར་ཕྱི་ནང་བར་གསུམ་བྱས་ནས་སྐོར་ལམ་གསུམ་ཡོད་པ་ལས་ང་ཚོ་ནི་ནང་སྐོར་ལ་སོང་། འདི་ནི་ལམ་ཐག་ཆེས་ཉེ་བ་དེ་ཡིན། ལམ་ཕྲན་ཞིག་བརྒྱུད་ནས་ཡར་ལ་སོང་དུས་སྔོན་གྱི་དགོན་ཤུལ་དུ་སླེབས། འདིར་ཕ་ཡུལ་ཟུང་ཆུ་ནས་ཡིན་པའི་ཨ་ཁུ་མཚམས་པ་བ་ཞིག་དང་ང་ཚོའི་ཕ་ཡུལ་ནས་ཡིན་པའི་ཨ་ནེ་ཉི་རིག་འཛིན་དང་ཚེ་རིང་ལྷ་མོ་ཞེས་པའི་རྒན་མོ་སྐོར་ར་བ་གཉིས་མ་གཏོགས་མི་གཅིག་ཀྱང་མི་འདུག འདུ་ཁང་རྙིང་བ་དང་གྲྭ་ཤག་ཁ་ཤས་ཙམ་འདུག་མོད། དེ་དག་ལ་བདག་པོ་མེད་པས་ཞིག་རལ་དུ་གྱུར་བའི་ཉེན་ཁའི་ཀློང་ན་ཁེར་རྐྱང་ངང་དབེན་གནས་ལ་མཐིང་འདུག ཁོང་གསུམ་པོ་ནི་འཇིག་རྟེན་འཁོར་བ་བློས་བཏང་ཞིང་གཏན་གྱི་འདུན་མའམ་སྐྱེ་བ་ཕྱི་མ་དང་དུ་བླངས་པའི་ངེས་དོན་གྱི་དགེ་སྦྱོར་བ་ཞིག་ཏུ་མཐོང་། ལྷག་ཏུ་ཆ་འཕྲིན་དང་དཔལ་འབྱོར་གྱི་འགྲན་རྩོད་ཀྱིས་ལུས་སེམས་སྨྱོས་ཤིང་རང་ཉིད་དང་ཁེ་སྙན་འབའ་ཞིག་གིས་ཡོད་ཚད་ཟིན་པའི་དེང་གི་སྤྱི་ཚོགས་ཀྱི་རྙོག་འཛིང་འདི་ལས་རིང་དུ་གར་ཞིང་ལྷིང་འཇགས་དང་དད་སྟོབས་ཀྱི་ཀློང་ན་འཚོ་བའི་མི་འདི་ཚོ་ཅི་འདྲའི་སྐྱིད་ཨང་། དེར་ཨ་ནེ་ཉི་མ་རིག་འཛིན་གྱིས་ཁྱོད་ཅག་ལ་ལམ་རྒྱུས་མེད་པས་གནས་མཇལ་ཡག་པོ་ཞིག་ཡོང་མི་ཐུབ་ངས་ལམ་ཁྲིད་བྱེད་ཟེར་ནས་མ་བསྐོས་དང་བླངས་ཀྱིས་ལམ་ཁྲིད་གནང་། དང་པོ་དགོན་རྙིང་འདིའི་འགྲན་དུ་ཡོད་པའི་སྟག་ལའི་བར་དོ་ཞེས་པར་མཇལ། བར་དོ་འདི་ནི་འགག་འཕྲང་དོགས་ཤིང་ཕུ་ཐག་རིང་བ། གཟར་ལ་མུན་པ་སྟུག་པས་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཏུ་སྣང་། དེ་ནས་ཧོར་བ་དྲུང་རམས་པའི་སྐུ་གདུང་ལ་མཇལ། ཧོར་བ་དྲུང་རམས་པ་ནི་ཟུང་ཆུ་སྐྱང་ཚང་དགོན་པ་ནས་ཡིན་ཞིང་མཁས་པ་ཆེན་པོ་ཞིག་ཡིན། ཁོང་ཉིད་གནས་ཁྱད་པར་ཅན་འདིར་ཐེངས་མང་དུ་ཕེབས་ཤིང་དུས་ཡུན་རིང་པོར་བཞུགས་ནས་བསྙེན་སྒྲུབ་གནང་མྱོང་བ་ནི་ཁོང་གིས་མཛད་པའི་«དཀར་ཆག་མེན་ཤེལ་གོང་བུ»ལས།“ཁོ་བོ་སྔོན་ལས་བཟང་བོའི་འཕྲོ་སད་པས། །མི་ལོ་བཅུ་བཞི་ཙམ་དུ་གནས་དེ་རུ། །རིག་པ་རྐྱང་དེད་དངོས་སུ་བསྙེན་སྒྲུབ་བགྱིས། །”ཞེས་གསལ་བས་ཁོང་ཉིད་གནས་འདིར་མི་ལོ་བཅུ་བཞི་ལྷག་བཞུགས་ཤིང་ས་གནས་མང་ཚོགས་ཀྱིས་ཀྱང་དད་གུས་བརྩི་བཀུར་ཆེན་པོ་འཐོབ་པར་གྲགས། དེ་ནས་ཡར་བརྒྱུད་པས་མཚམས་ཤིག་ཏུ་སྤྲུལ་སྐུ་ཁྲོ་གཉན་རྒྱལ་མཚན་དང་མཚན་ལྡན་རྒྱལ་བ་བློ་གྲོས་རྣམ་གཉིས་ཀྱི་སྐུ་གདུང་ལ་མཇལ། ཁོང་རྣམ་གཉིས་ནི་ཚ་ཞང་ཡིན་ལ་གནས་ཁྱད་པར་ཅན་འདིར་སྒོམ་སྒྲུབ་གནང་ནས་སྐུ་ཚེ་མཐར་ཕྱིན་པའི་མཛད་པ་བསྐྱངས་པར་གྲགས། སྐུ་གདུང་འདི་གཉིས་ནི་ཉེ་དུས་སྐྱང་སྤྲུལ་དྲི་མེད་འོད་ཟེར་རིན་པོ་ཆེའི་ཐུགས་བཀོད་ལྟར་བཞེངས་པ་རེད་ཅེས་ལམ་ཁྲིད་པས་བཤད། དམངས་གཙོ་བཅོས་བསྒྱུར་གྱི་ཡར་སྔོན་དུའང་ཁོང་རྣམ་གཉིས་ཀྱི་སྐུ་གདུང་ཞིག་བཞེངས་ཡོད་པ་ནི་«དཀར་ཆག་མན་ཤེལ་གོང་བུ»ལས་གསལ། དེ་ནས་ཡར་བརྒྱུད་པས་ཉག་ཁ་ཞིག་ལ་ཐོན། དེའི་ཉིན་ངོས་སུ་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གི་སྒྲུབ་ཕུག་འདུག སྐྱང་སྤྲུལ་རིན་པོ་ཆེ་དགུང་ལོ་ཉེར་གཅིག་སྟེང་དབུས་གཙང་ནས་ཕྱིར་རང་ཡུལ་དུ་ཕེབས་ཤིང་ལོ་ངོ་བཅུ་ལ་དཀོར་མི་བཞེས་པའི་དམ་བཅས་ཏེ་སྒྲུབ་པ་ཉམས་ལེན་གཙོར་མཛད་པའི་སྐབས་སུ་གནས་འདིར་ཕེབས་ཏེ་ཡུན་རིང་དུ་བཞུགས་པ་མ་ཟད་དགུང་ལོ་སུམ་ཅུ་ཡས་མས་སུ་སྒྲུབ་ཕུག་འདི་ནས་རྩ་གསུམ་མཆོག་སྒྲུབ་ཐུགས་གཏེར་དུ་བཞེས་ཤིང་དེའི་དན་རྟགས་སུ་རྩ་གསུམ་མཆོག་སྒྲུབ་ཀྱི་བསྙེན་པ་རྡོ་ལ་ཕྱག་སེན་གྱིས་བྲིས་པ་ད་ལྟའང་མ་ཉམས་པར་མཇལ་དུ་ཡོད། འཕྲུལ་རྩལ་གཡོ་ཇུས་སྣ་ཚོགས་ཀྱིས་མིག་དབང་འཕྲོག་ཅིང་ཁུངས་མེད་གཏམ་ཚོགས་མང་པོས་ཡིད་སེམས་བསླུ་བའི་དེང་གི་སྐབས་འདིར་བླ་མ་རིན་པོ་ཆེ་ཁོང་ལྟ་བུ་སྐུ་དངོས་སུ་ཕེབས་ཞིང་སྒྲུབ་པ་ཉམས་ལེན་གནང་བའི་བཀའ་རྟགས་ཕྱག་ཞབས་རྗེས་དང་ཁོང་གསུང་། གཞན་ཁུངས་ལྡན་གྱི་རྒྱུ་ཆ་མང་བོ་ལས་གསལ་ལྷང་ངེར་ཡོད་བས་ཡིད་བརྟན་རུང་ཞིང་དད་པའི་དྭངས་པ་མ་ལུས་འདྲེན་པར་བྱས། དེ་མིན་སྒྲུབ་ཕུག་འདིར་སྐྱང་སྤྲུལ་སྒྲུབ་ཕུག་ཏུ་འབོད་ནའང་དོན་གྱིས་རིག་འཛིན་མཁའ་འགྲོ་གོང་མ་རྣམས་ཀྱང་བཞུགས་ནས་སྒྲུབ་པ་ཉམས་ལེན་གནང་མྱོང་རབས་འདུག་ཞེས་ལམ་ཁྲིད་པས་བཤད། དེའི་ཉེ་འགྲམ་དུ་ཨ་མྱེས་སྐྱང་འཕགས་ཆེན་པོའི་ཁྲུས་ཆུ་རུ་གྲགས་པ་བྲག་ངོས་གཟར་བོ་ནས་འབབ་ཅིང་འོག་ཏུ་ལུས་ཁྲུས་བྱེད་ཆོག་པ། ཡང་བྲག་ངོས་ཏག་ཏག་ཏུ་ཁུང་བུ་ཞིག་ལས་ཆུ་ཅི་ཙམ་གཅུས་ན་དེ་ཙམ་འཛད་དུ་མེད་པ་ཞིག་ཡོད་པ་ནི་སྐྱང་སྤྲུལ་རིན་པོ་ཆེའི་གཏེར་ཆུ་རུ་འབོད། གནས་འདིར་ལུས་ཁྲུས་བྱས་ཤིང་གཏེར་ཆུ་འཐུང་བ་སོགས་བྱེད་ན་གྲིབ་དང་བག་ཆགས་ངན་པ་ཐམས་ཅད་སེལ་བར་གྲགས།

   དེ་ནས་ཉག་ག་དེ་བརྒྱུད་ནས་ཅུང་ཙམ་སོང་དུས་སྐྱང་འཕགས་སོགས་ཀྱི་སྒྲུབ་ཕུག་ལ་མཇལ། «དཀར་ཆག་མན་ཤེལ་གོང་བུ»ལས་ཀྱང་། “གཡོན་དུ་བྲག་རི་གླང་ཆེན་འགྱིང་འདྲ་ལ། །སྤྱང་འཕགས་གཙོ་འཕགས་ཟླ་བ་རྒྱལ་མཚན་སོགས། །གྲུབ་བརྙེས་གོང་མའི་ཀེའུ་ཚང་མང་དུ་མཆིས། །དེ་རུ་གནས་ཚེ་ཡུན་རིང་མི་བུལ་ཏེ། །མཁའ་སྤྱོད་ཞིང་དུ་མྱུར་བགྲོད་ནུས་པའི་བརྡ། །འོག་ཏུ་གཡུ་རྟ་སྔོན་པོའི་གཟུགས་བརྙན་གྱིས། །ཁྲི་འདེགས་གདན་འབུལ་བགྱིད་པའི་ཚུལ་དུ་གནས། །”ཞེས་པས་སྒྲུབ་ཕུག་དེའི་འོག་ཏུ་བྲག་རི་ཞིག་རྟ་བཞིན་ཞོན་ཆོག་པ་ཞིག་ཀྱང་འདུག སྒྲུབ་ཕུག་འདི་ནི་བྲག་ངོས་གཟར་ས་ཞིག་ན་ཆགས་ཡོད་སྟབས་ལམ་འཕྲང་དང་སྐས་རིམ་མང་དུ་བརྒྱུད་དགོས་པས་རྒྱུན་ཏུ་བདེ་ས་འཇམ་ས་རུ་འགྲོ་འདུག་ལ་གོམས་པའི་ཁོ་བོར་དཀའ་ལས་མང་དུ་མྱངས། དེ་མིན་ཉག་ག་དེའི་ཤར་ཕྱོགས་སམ་རི་བོ་བྲག་དཀར་བྱ་རྒོད་ཀྱི་མདུན་ཞོལ་དུ་དུར་ཁྲོད་ཁྱད་པར་ཅན་ཞིག་ཡོད་པར་གྲགས་ཀྱང་དུས་ཚོད་ཀྱི་དབང་གིས་མཇལ་མ་ནུས།

དེ་ནས་གནས་ཀྱི་མེ་ལོང་དུ་གྲགས་པའི་བྲག་ར་ཏྲ་མིག་ཁང་བརྩེགས་མཐོན་པོ་ཞིག་ལས་ཀྱང་ཆེ་བ་ཞིག་ལ་མཇལ། འདི་ནི་བྲག་རྡོ་ལས་གྲུབ་པའི་རང་བྱུང་གི་ཏྲ་མིག་ཆེས་ངོ་མཚར་བ་ཞིག་ཏུ་འདུག དེ་ནས་འཕྲད་ལམ་བརྒྱུད་ནས་སོང་ན་སྐྱང་བཟའ་གཡུ་བཙུན་མའི་གཏེར་ཆུར་ཐུག དེ་ལ་མཇལ་ཞིང་གཙང་ཁྲུས་བྱས་རྗེས་རིམ་གྱིས་རི་ལས་བབས། རི་འདབས་སུ་རྒྱུ་འབྱོར་བ་རྒྱས་པའི་དན་རྟགས་སུ་གྲུབ་པའི་རི་ཆུང་ངམ་ས་དེའུ་ཞིག་ལ་མཇལ། དེར་ཕྱག་སྐོར་བྱེད་ན་ནོར་ལོངས་སྤྱོད་རྒྱས་ཞེས་ལམ་ཁྲིད་པས་བཤད། དེ་ནས་མར་སོང་ན་ས་གཏེར་རྫོང་ཞེས་པར་མཇལ། འདིའི་བཤད་པ་ནི་«དཀར་ཆག་མན་ཤེལ་གོང་བུ»ལས། “ས་གཏེར་རྫོང་མཇལ་བུམ་གཏེར་བརྒྱ་སྦས་འདྲ། ། སྔོན་གྱི་ལས་ཉོན་བག་སྒྲིབ་ཀུན་དག་ནས། ། འདི་དང་ཕྱི་མར་འདོད་དགུ་ལོངས་སྤྱོད་འཕེལ། ། སྒྲིབ་གཉིས་སྦྱོང་ཞིང་ཚོགས་གཉིས་རྫོགས་པར་འགྱུར། །”ཞེས་བྱུང་།གནས་འདིར་ས་སྔགས་ལེན་རྒྱུ་འདུག སྔོན་ཆད་ཆུང་ཆུང་ཡིན་དུས་ས་སྔགས་རེད་ཟེར་བའི་རིལ་བུ་ཞིག་མཐོང་མྱངས་ཤིང་ཟ་ཡང་མྱངས། དེ་རིང་དངོས་སུ་ས་སྔགས་ལེན་སར་ཐོན་དུས་སྔོན་གྱི་བསམ་ཚུལ་ལ་ངེས་ཤེས་གསར་བ་རེ་ཐོབ་སོང་། དེ་ནས་མར་ལམ་ཆེན་བརྒྱུད་ནས་སོང་ན་དགོན་པར་ཐུག་འདུག དེ་ནི་གནས་འདིའི་ནང་བསྐོར་གྱི་བསྐོར་བ་གཅིག་གི་ཚད་རེད། དེ་ལ་ལམ་ཐག་རིང་ཚད་ནི་སྤྱི་ལེ་སུམ་ཅུ་ལྷག་ཙམ་ཡོད་པ་འདྲ། དེ་ལྟར་ཉིན་གཅིག་གི་གནས་མཇལ་འདི་མཇུག་རྫོགས་སོང་། ལམ་ཁྲིད་པ་ཨ་ནེ་ཉི་མ་རིག་འཛིན་གྱི་གསལ་བཤད་དང་«དཀར་ཆག་མན་ཤེལ་གོང་བུ»དང་། «བསྟོད་ཚིག་གསོལ་འདེབས» དེ་མིན་སྒྲུབ་ཕུག་དང་བར་དོ་སོགས་ཀྱི་གསལ་བཤད་ཐུང་ངུ་བཅས་ལ་མཇལ་བའི་བསྐལ་བ་ལྡན་སོང་བས་གནས་ཁྱད་པར་ཅན་འདིའི་ཕྱི་ནང་གསང་གསུམ་གྱི་བཀོད་པ་དང་སྐྱེས་ཆེན་དམ་པ་གོང་མའི་མཛད་པ་འཕྲིན་ལས་བསྐྱངས་ཚུལ་ལས་དད་པའི་སྤུ་ལོང་གཡོ་ཞིང་དང་པའི་བསམ་པ་དབང་མེད་དུ་འཕྲོག་སོང་། །

   གནས་ཁྱད་པར་ཅན་འདིར་གནས་ཡིག་དཀར་ཆག་མང་པོ་ཡོད་རབས་འདུག་ནའང་ཧོར་བ་དྲུང་རམས་པ་དང་སྐྱང་སྤྲུལ་དྲི་མེད་འོད་ཟེར་རྣམ་གཉིས་ཀྱིས་མཛད་པ་ལས་གཞན་པ་གནས་སྐབས་མཇལ་མ་བྱུང་།«དཀར་ཆག་མན་ཤེལ་གོང་བུ»ལས། “གནས་འདིའི་དཀར་ཆག་རྒྱས་པ་ཡང་དག་པ། །དང་པོ་སྒོ་འཕར་འབྱེད་པའི་ལྡེ་མིག་པ། །གྲུབ་ཐོབ་སྤྱང་འཕགས་ཆེན་པོའི་གསུང་བ་དང་། །འབྲིང་པོ་མཚན་ལྡན་རྒྱལ་བ་བློ་གྲོས་ཅན། །བསྡུས་པ་རྒྱལ་དབང་ཅན་དང་གསུམ་མཆིས་མོད། །དེང་འདིར་གར་བཞུགས་དངོས་སུ་མཇལ་མ་བྱུང་། །”ཞེས་པར་ལྟས་ན་རིག་འཛིན་སྐྱང་འཕགས་ཆེན་པོས་མཛད་པའི་རྒྱས་པ་ཞིག་དང་མཚན་ལྡན་རྒྱལ་བ་བློ་གྲོས་ཀྱིས་མཛད་པའི་འབྲིང་པོ་ཞིག དེ་མིན་རྒྱལ་དབང་ཅན་ཞེས་པའི་བསྡུས་པ་བཅས་མ་མཐའ་ཡང་གསུམ་ཙམ་ཡོད་པ་འདྲ་ཡང་ཁོང་གིས་ཀྱང་མཇལ་མེད་པར་འདུག གཞན་སྐྱང་སྤྲུལ་ནམ་མཁའ་རྒྱལ་མཚན་མཆོག་གིས་མཛད་པའི་རྩ་གསུམ་མཆོག་སྒྲུབ་ནང་དུའང་འདིའི་སྐོར་ཞིག་ཡོད་པར་བཤད་མོད་གནས་སྐབས་མཇལ་ཐུབ་མ་སོང་། །

   ཞོར་ཞུ། དེ་རིང་གི་གནས་མཇལ་ལམ་ནས་མཐོང་སྣེ་གཞན་ཞིག་ཡོད་པ་ནི་ཁོར་སྲུང་གི་སྐོར་རེད། སྤྱི་རུ་བོད་ཁུལ་ན་གནས་རི་དང་བླ་མཚོ་སོགས་ཤིན་ཏུ་མང་ཞིང་དེ་ལ་དམིགས་བསལ་གྱིས་སྲུང་སྐྱོང་ཞིག་ཐོབ་བཞིན་ཡོད་པ་ནི་ཡ་རབ་ཚུལ་མཐུན་གྱི་གོམས་གཤིས་བཟང་བོ་ཞིག་ཡིན་པས་མུ་མཐུད་དུ་རྒྱུན་འཛིན་དང་དར་སྤེལ་བཏང་དགོས་པར་མཐོང་། ཡིན་ན་ཡང་རང་འདོད་དང་ཨུ་ཚུགས་ཚ་བོས་ཤོག་བུའི་རླུང་རྟ་ཚད་ལས་འདས་པར་མཆོད་པ་དང་། དར་ལྕོག་དང་དར་ཁྲ་སོགས་གང་འདོད་དུ་འཐེན་པ། རང་གི་ལུས་སྟེང་གི་སྲུང་མདུད་དང་ཞྭ་གོས་སོགས་གནས་སུ་འཇོག་པ་སོགས་དད་མོས་སུ་རློམ་པའི་གོམས་གཤིས་མ་དག་པ་དང་། ཤོག་གུ་དང་རྒྱུད་ཤོག་གི་སྣོད་རིགས་སྣ་ཚོགས་སོགས་གང་འདོད་དུ་དོར་བ་བཅས་མང་བོ་མང་བོ་ཞིག་གིས་གནས་རི་མཚོ་གསུམ་དག་ལ་སྦགས་བཙོག་ཀྱང་བཟོ་བཞིན་འདུག དེ་བས་བླང་དོར་ཤེས་ན་མཁས་པ་ཡིན་ཟེར་བ་ནང་བཞིན་ང་ཚོས་གང་ཞིག་ལེགས་པའི་ཆ་དང་གང་ཞིག་མི་ལེགས་པའི་ཆ་ཡིན་པ་ལ་ངེས་ཤེས་གསལ་བོ་རེ་འཐོབ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་འགངས་ཆེ་ཨང་། འདིའི་ཕྱོགས་ལ་བླ་སྤྲུལ་དགེ་བཤེས་རྣམ་པས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཁ་ཏ་བསླབ་བྱ་རེ་གནང་རྒྱུ་ནི་དེ་བས་ཀྱང་གལ་འགངས་ཆེ་ཞིང་ཁོ་བོའི་རེ་བ་ཡང་ཡིན་ནོ། །


  • 顶 0