སྤྱིར་རྩམ་པ་ནི་གནའ་སྔ་མོ་ནས་གདོང་དམར་བོད་ཀྱི་རོ་བྲོ་བ་ཞིམ་ཞིང་བཅུད་ཕན་ནུས་ཆེ་བའི་ཐུན་མོང་མ་ཡིན་པའི་རྒྱུན་ཟས་གཙོ་བོ་ཡིན་ཞིང་དེར་འཚོ་བཅུད་བཟང་ཞིང་རིགས་མང་ཙམ་འདུས།དེས་གཅིན་པ་མངར་འགྱུར་གྱི་ནད་སྔོན་འགོག་བྱེད་ཡས་དང་ནད་དེས་མནར་བའི་ནད་པར་ཟས་དང་སྨན་གཉིས་ཀའི་ནུས་པ་མི་དམན་པ་ཐོན་གྱིན་ཡོད་ལུགས་སྤྱི་ཚོགས་དང་ཚན་རིག་འཕེལ་རྒྱས་འགྲོ་བའི་འགྲོས་དང་འགྲོགས་བཞིན་ཇེ་གསལ་ཡོང་གི་ཡོད་ལ་མི་རིགས་གཞན་དང་རྒྱལ་ཕྱི་ནང་ལའང་རྩམ་པ་ལ་དགའ་ཞེན་དང་དེ་སིལ་ཟས་སུ་དག་སྣང་བྱེད་མཁན་ཡང་མང་དུ་འགྲོ་གི་ཡོད། དཀར་མཛེས་ཆུ་གཤེར་རྩམ་པ་ནི་ཡུལ་དུས་དང་ས་གཤིས་རྒྱུ་སྤུས་ལས་སྣོན་བཅས་ཀྱི་ཐད་ལ་དམིགས་བསལ་གྱི་ཁྱད་ཆོས་མངའ་བས་དེ་ལས་ཀྱང་དགའ་གཅེས་དང་བརྩི་མཐོང་བྱེད་མཁན་མང་ནས་མང་དུ་འགྲོ་གི་ཡོད་པ་དང་། དཀར་མཛེས་ཆུ་གཤེར་རྩམ་པ་འབྱུང་ཡུལ་གྱི་རྫོང་མཁར་གྱི་ཁོ་ར་ཁོར་ཡུག་གི་ཡུལ་ལྗོངས་གཙང་ལ་ཁ་ཞིང་ཆེ་ཞིང་ཉི་འོད་ཕོག་པའི་ཡུན་ཚད་ཀྱང་སི་ཁྲོན་ཞིང་ཆེན་གྱི་ཨང་དང་པོ་ཡིན་ཐོག་ས་ཞིང་ཕལ་ཆེར་སྣུམ་ལ་ཞིང་ཆུ་གཏོང་ཐུབ་ལ་སྒོ་ལུད་བླུགས་པ་ལས་རྫས་འགྱུར་ལུད་སྤྱོད་རྒྱུ་ཉུང་། ནས་སོན་ཡང་སྤུས་རྒྱུད་བཟང་པོ་དག་བདམས་ནས་འདེབས་འཛུཊ་བྱས་ནས་བྱུང་། སྤྱི་བཏང་གི་རྩམ་པ་ནི་ནས་ཆུ་འཁྲུད་རྒྱག་པ་ཙམ་གྱིས་རྔོད་བཏག་བྱེད་ཀྱི་ཡོད། ཆུ་གཤེར་རྩམ་པ་དངོས་ནི་དེ་ལས་ཀྱང་ཡག་ཅིང་། ནས་ཆུར་བཀྲུས་ཏེ་ས་རྡོ་དང་ཡུག་པོ་སོགས་གཙང་མ་བསལ་རྗེས་ཉི་སྐམ་བཏང་སྟེ་ཕྱི་དྲོ་ནས་ཀྱི་དྲོད་མ་ཡལ་གོང་ནས་ཟངས་ཁྲོ་སོགས་ནང་ཆུ་འཁོལ་བཞིན་པའི་ནང་སྦངས་ཙམ་བྱས་ཏེ་ཚགས་ཅན་གྱི་སློ་མར་བླུགས་ནས་ཆུ་ཟགས་ཚར་བའི་མོད་ལ་རྩྭ་སོག་གདན་དུ་བཏིང་བའི་སྒྱེ་མོའི་ནང་འཇོག་པ་དང་དེའི་ཕྱི་ངོས་ཀྱི་ཕྱོགས་ཐམས་ཅད་ནས་གོས་དང་ཕྱ་ར་སོགས་ཀྱིས་དམ་པོར་བཏུམས་ཏེ་ཞག་གཅིག་བསྙལ་ནས་དེའི་ཞོགས་པ་སྔ་མོར་རྔོད་སླང་ནང་བྱེ་མ་དང་ལྷན་དུ་རྔོད་དགོས་ཤིང་དེ་འདྲ་བྱས་ནས་བརྔོས་པའི་ཡོས་དེ་ཚོས་མགྱོགས་ལ་འཚིག་དཀའ་བའི་དགེ་མཚན་ཐོན་གྱི་ཡོད།ཡོས་དེ་གོ་སློ་ཐེངས་གཅིག་བརྒྱབ་རྗེས་དང་དོད་ཚ་བ་རྣམས་ཀྱིས་ད་རུང་ཡོས་སྒྱེ་ནང་བླུགས་ནས་འཕུར་འཕུར་བཏང་སྟེ་ཡོས་ལྤཊ་ཀྱང་གཙང་ཕུད་བྱས་རྗེས་ད་གཟོད་མཆིག་འཁོར་དུ་ལེགས་བཏག་བྱེད་ཀྱི་ཡོད་ལ་དེ་འདྲ་ལས་བྱུང་བའི་རྩམ་པ་ནི་ཁ་དོག་ལེགས་ཤིང་དྲི་ཞིམ་ལ་རོ་བཅུད་བཟང་བ་ཞིག་ཏུ་འོང་གི་ཡོད། དེ་ལྟ་བུའི་རྩམ་པ་དེ་མར་ཕྱུར་བུ་རམ་དང་བསྲེས་རྗེས་ཁ་བཏིང་བལྡག་པའམ་ཇ་ཚ་མོའི་ནང་མར་བཅུག་ཏེ་བུ་རམ་དང་ཕྱུ་ར་རྩམ་པ་བཅས་མཉམ་དུ་པག་བརྫིས་ན་ཟ་མ་ཞིམ་པོ་ཡོང་ལ།གཞན་ཡང་ཇ་དྭངས་ཀྱིས་སྦྲུས་པའི་ཟན་ཆང་མཐེ་བོང་གིས་ཀོང་ཀོང་བྱས་ནས་ཞོ་སྤགས་པའམ། ཡང་ན་སི་པན་དང་ལོ་མའི་ཕྱེ་མ་ཚྭ་དང་སྣུམ་དང་བཅས་པ་ཇ་ཚ་མོའི་ནང་སྦྱངས་པའི་སྐྱོ་མ་སྒྲེ་ནའང་རོ་བྲོ་བ་དམིགས་བསལ་ཅན་གྱི་བཟའ་བ་གྱུར་སྲིད། གལ་སྲིད་ཚིལ་ལམ་རྐང་མར་རྔོད་མ་ཐག་དེའི་ནང་རྩམ་པ་ཉུང་ངུ་བཏབ་ཏེ་ཕྱེ་ཇ་བཀོལ་བའམ་ཡང་ན་ཕྱེ་ཉུང་ཙམ་བཏབ་ཏེ་ཇ་བསྲུབ་མ་དཀྲུགས་ན་བཏུང་བ་ལྷག་བ་ཞིམ་པོའང་ཡོང་གི་ཡོད།
༢ སྒོང་ལོག་ལོག
གྲོའི་བག་ཕྱེ་ཆུར་བརྫིས་ཏེ་ལེབ་མོ་བྱས་པ་རྫ་མའམ་ཁྲོ་ལྕགས་སོགས་ཀྱི་སླ་ངའི་ནང་སྐོམ་སྲེག་བྱས་པའི་བག་ལེབ་ལ་གོ་རེ་ཞེས་པའམ་འཁུར་བ་ཟེར་གྱི་ཡོད་ལ། དཀར་མཛེས་རྫོང་ཕྱོགས་ཀྱི་དེ་ལ་སྒོང་ཞེས་འབོད་ཀྱི་ཡོད།སྒོང་ལོག་ལོག་ཅེས་པ་དེ་ནི་ས་ཁུལ་གཞན་ནས་མཐོང་ཐོས་ཉུང་ཞིང་ཡུལ་གྱི་ཁྱད་ཐོན་འདྲ་བ་ཆགས་ཡོད། དེ་ནི་གྲོའི་བག་ཕྱེ་བུལ་ཏོག་འདེབས་པའི་ཆུར་བརྫིས་ནས་ཞིང་དུ་མཐོ་གང་ཙམ་དང་དཔངས་སུ་སོ་གསུམ་བཞི་ཙམ་ཡོད་པའི་སྒོར་སྒོར་བཅོས་ནས་རྫ་མའམ་ཁྲོ་ལྕགས་སོགས་ཀྱི་སླ་ངའི་ནང་སྐོམ་སྲེག་བྱས་ཏེ་ཅུང་སྲ་མཁྲེགས་ཅན་དུ་གྱུར་རྗེས་དེ་ཐབ་ཀའི་གོ་རའི་མེ་མུར་འོབས་ནང་ཆུ་ཚོད་ཕྱེད་ཙམ་བཏུམས་ནས་ཚོས་པ་ན། གོ་ཐལ་གཙང་མར་ཕྱིས་པའི་སྒོང་ལོག་ལོག་དེའི་ཐོག་ངོས་སུ་ཁ་གཅོད་ལྟུ་བུའི་སྒོང་ལྤགས་གོ་གོ་ཞིག་དྲལ་ནས་ནང་སྙིང་སོབ་སོབ་དུ་གཤོངས་ནས་དེའི་ནང་མར་དང་ཕྱུ་ར་དང་བྱེ་མ་ཀ་ར་སོགས་བསྲེས་ནས་བཟའ་ན་རོ་བྲོ་བ་ཞིམ་ལ་གསོ་བཅུད་ཀྱང་ཕུན་སུམ་ཚོགས་པོ་འབྱུང་གི་ཡོད། དེ་མིན་སྒོང་དེའི་ནང་ལོ་མ་དང་སྣུམ་ཚིལ་མཉམ་བཙོ་བྱས་པའི་ཁུ་བ་གར་མོ་བསྲེས་ནས་ཟོས་ནའང་བཟའ་ཆས་དྲི་རོ་ཞིམ་པོ་དམིགས་བསལ་ཅན་ཡོང་གི་ཡོད། སྒོང་ལྤགས་ཇ་ཐེངས་དེ་རང་དུ་ཟ་མ་ཐུབ་ཚེ་ཕྱི་ངོས་སུ་མར་ཅུང་ཙམ་བྱུགས་ཇ་ཐེངས་རྗེས་མའམ་ཉི་མ་ཁ་ཤས་སོང་རྗེས་ཕོ་བའི་ནང་ཇ་ཚ་མོའི་ནང་གཏུབས་ནས་ཟོས་ནའང་ཞིམ་པོ་ཡོད་པ་རེད།
༣ བསྒྲིལ་ཐུག་(རོང་བྲག་སྐད་དུ་བསྒྲིལ་བསྒྲིལ་པུ་ཏ་ཟེར།)
རྒྱུ་ཆ།ཕག་ཤ།གྲོ་ཞིབ།སྐྱུར་པོ་རློན་པ།ཞོག་ཁོག བཙོང་།ཤིང་སྣུམ།ཚྭ།
བཟོ་སྟངས། སྔོན་ལ་ཤིང་སྣུམ་ནང་ཕག་ཤ་བརྔོས་ཤིང་ཤ་ཚོས་རྗེས་ཞོག་ཁོག་གཏུབས་མ་དེ་ཤ་ཚོས་མ་དང་མཉམ་དུ་བརྔོས་པ་དང་། དེ་ནས་ཆུ་ངེས་ཅན་བླུགས་ཏེ་བཙོས་ཏེ་ཞོག་ཁོག་གཏུབས་མ་ཡོངས་སུ་ཚོས་རྗེས་སྐྱུར་པོ་རློན་པ་བླུགས་ནས་བཙོས་ན་འགྲིག དེའི་འཕྲོས་གྲོ་ཞོབ་དང་ཆུ་མཉམ་དུ་བསྲེས་ནས་བརྫིས་རྗེས་རིལ་ཐག་ཏུ་བསྒྲིལ་ཏེ་གོང་གི་ཁུ་བ་ནང་བཙོ་དགོས། མཐའ་མར་ཚྭ་དང་བཙོང་སོགས་འདོན་རྗེས་བཟའ་ཆོགམེ་ཚད་འབྲིང་བ་དགོས། ཐུག་པ་དེའི་བྲོ་བ་ཞིམ་ཞིང་བཅུད་ཆེ་བས་རྒྱལ་རོང་བོད་པ་ཚོའི་དགའ་བསུ་ཆེན་པོ་ཐོབ་པའི་རྒྱུན་ཟས་སུ་གྱུར་ཞིང་ལུས་ཟུངས་གསོ་སར་ཕན་ཐོགས་ཆེའོ།
༤ བཀྲ་ཤིས་ཉི་མ་ལུང་པའི་མིང་གྲགས་སིལ་ཟས།
བསིལ་ལྡན་ཁ་བའི་ལྗོངས་སུ་ལུང་པ་རེ་ལ་གོམས་སྲོལ་རེ་དང་འཆའ་ལུགས་འཐུང་ལུགས་གོམས་གཤིས་འདྲ་མིན་སྣ་ཚོགས་ཡོད་ལ། དེ་ཡང་སྡེ་རོང་བཀྲ་ཤིས་ཉི་མའི་ལུང་པ་རུ་མར་དང་སྐྱེས་མ་ཐག་པའི་ཕག་ཕྲུག་བསྐོལ་ནས་བཟའ་བའི་ལུགས་སྲོལ་འདི་ནི་ཡུལ་གཞན་དང་མི་འདྲ་བའི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ།ཟས་རིགས་འདི་ནི་དྲི་ཞིམ་ལ་རོ་བཅུད་ལྡན་པས་གཙོ་བོ་མགྲོན་པོ་གལ་ཆེ་དང་ཤག་ཕོ་ཤེས་ལ་གཟབ་པའི་གསོལ་ཟས་ཞིག་ཡིན་པ་དང་མིང་ལ“ཕག་བསྐོལ”ཞེས་འབོད་པ་རེད། དེ་བཟོ་ལུགས་སྣ་ཁ་གཉིས་ཡོད་པ་སྟེ།
གཅིག་ནི་སྐྱེས་མ་ཐག་པའི་ཕག་ཕྲུག་བཤས་ནས་དུམ་བུ་ཆུང་ཆུང་གཏུབས་པར། དེ་ནས་མར་དཀར་གསར་པ་སྲང་གཉིས་ཙམ་ཆུ་གྲང་ནང་བསྐྱུར་ནས་ཚྭ་དང་སྒོག་པ་སོགས་སྤོད་ཆ་རྣམས་བཏབ་ཏེ་ཐབ་ཁ་སྟེང་བཙུགས་ནས་མེ་འབུད་པ། བཙོས་ནས་ཚོས་ཟིན་པའི“ཕག་བསྐོལ”གྱི་ཤ་དེ་སྣག་མོ་ཡིན་ལ་དྲི་ཞིམ་པར་རོ་བཅུད་ལྡན་པའི་གསོལ་ཟས་མཆོག་གྱུར་པ་ཞིག་ཡིན་ནོ།
གཉིས་ནི་སྐྱེས་མ་ཐག་པའི་ཕག་ཕྲུག་དེ་ཟླ་བ་གཅིག་འགོར་རྗེས་བཤས་ནས་དུམ་བུ་ཆུང་ཆུང་གཏུབས་སྟེ་ཁྲོ་ནང་སྐམ་བརྔོ་ཅུང་ཙམ་བྱས་ནས་ཆུ་འཁོལ་དང་མར་དཀར། ཚྭ་དང་སྤོད་ཆ་སོགས་མཉམ་ཅིག་ཏུ་གསེབ་ནས་ཐབ་ཀ་སྟེང་བཙོ་བར། ཚོས་ཟིན་པའི་“ཕག་བསྐོལ་”ནི་དྲི་ཞིམ་ལ་རོ་བཅུད་ལྡན་པ། ཚོས་མ་ཐག་པའི་“ཕག་བསྐོལ”གྱི་ཤ་དེ་སུར་པན་རྡུང་རྩམ་ནང་བསྒྲེས་ནས་ཟ་ན་ཅི་འདྲའི་ཞིམ་པོ་ལ་ཨང་།
༥ བྲོ་ཞིམ་ཕག་གཟུག
བྲོ་ཞིམ་ཕག་གཟུགས་བཙོས་མ་ནི་རོང་བྲག་བོད་པ་ཚོས་ཟས་མཆོག་ཅིག་ཏུ་བརྩིས་ཏེ་དུས་སྟོན་དུས་ཆེན་ཐོག་རང་གིས་ལོངས་སུ་སྤྱོད་པ་དང་། མགྲོན་པོ་སྣེ་ལེན་བྱེད་པར་གསོལ་ཚིགས་སུ་སྦྱིན་པ་དང་། རྩ་ཆེ་བའི་ཉེ་དུ་མཛའ་གྲོགས་དང་གོང་དཔོན་པོ་རྣམས་ལ་ལག་རྟགས་སུ་གནང་གི་ཡོད་པ་རེད། ཁྱད་པར་དུ་རོང་བྲག་ཏུ་ཡུལ་སྐོར་ལྗོངས་རྒྱུའི་ལས་རིགས་དེ་དར་འཕེལ་བྱུང་ནས་བཟུང་བྲོ་ཞིམ་ཕག་གཟུགས་དེར་ལྗོངས་རྒྱུ་བ་རྣམས་ཀྱི་དགའ་བསུ་ཚད་མེད་ཐོབ་ཡོད་པ་རེད།
བྲོ་ཞིམ་ཕག་གཟུག་གི་ལས་སྟངས་ནི། ཕག་པའི་ཤ་ཁོག་གཅིག་གི་སྟོད་སྨད་གཟུག་སོ་སོ་ཕུད་རྗེས་ཕྱིའི་པགས་པ་བཀོག་པ་ཚིལ་དང་རུས་པ་ཚང་མ་ལེན་རྗེས་སྨྱུག་མའང་ཤིང་དབྱུག་མཉེན་མོ་ཞིག་གིས་ཤ་ཚང་མ་ལེབ་ལེབ་ཏུ་རྒྱ་ཆེར་བཀྲམས་པ། དེ་ནས་བྲོ་ཞིམ་རྩྭ་སྨན་གྱི་ཕྱེ་མ་ཤ་ལེབ་མོའི་ངོས་སུ་སྙོམས་པོ་བསྐུས་ཏེ་རླངས་སྐམ་བྱེད་བཅུག་ན་ཆོག ཕག་གཟུག་ཟ་ཁར་མེ་ཚད་འབྲིང་བས་ཆུ་འཁོལ་རྗེས་ཆུ་ཚོད་ཕྱེད་ཀ་ཙམ་བཙོས་ན་བྲོ་བ་ཧ་ཅང་ཞིམ་པོ་རེད། བོད་ཕག་གི་ཤ་གཟུག་ལ་གཞན་དང་མི་འདྲ་བའི་བྲོ་ཞིམ་ཞིག་ལྡན་པའི་ཟེར་སྒྲོས་མཆིས་སོ།
འཕྲིན་སྟེགས། weikangba