ཏུན་ཧོང་ལ་གནས་མཇལ་དུ་བསྐྱོད་པའི་ཟིན་བྲིས།

2020-03-05
198

གཅིག

ཆུང་དུས་ཏུན་ཧོང་གི་སྐོར་མང་དུ་ཐོས་མྱོང་ཡང་ཏུན་ཧོང་གི་གལ་ཆེན་རང་བཞིན་དང་།  ཡུལ་གང་ཞིག་ཏུ་ཡོད་པ་སོགས་གསལ་བོ་ཞིག་ཤེས་ཀྱི་མེད།  རིམ་བཞིན་ལོ་རྒྱུས་ཀྱི་དེབ་ཐེར་དག་ལས་ཏུན་ཧོང་རིག་གནས་སྒྱུ་རྩལ་གྱི་སྐོར་ཤེས་རྟོགས་བྱུང་བ་ནས། དུས་ཡུན་རིང་མོ་ཞིག་གི་ལོ་ཡི་འཁོར་མོའི་ནང་རྒྱང་ཐག་རིང་བའི་ཏུན་ཧོང་ནི་བདག་གི་སེམས་ཀྱི་དྲན་ཤིང་ཞིག་ཏུ་གྱུར་ཏེ།  གནས་མཇལ་དུ་འགྲོ་འདོད་ནི་དྲག་ཏུ་འཕྱོ་བའི་རྒྱ་མཚོའི་རྦ་རླབས་བཞིན་ནམ་ཡང་ཡིད་ཀྱི་གཏིང་མཐའ་ནས་འཇགས་ཐབས་བྲལ།  ཕྱི་ལོ2012ལོའི་སྟོན་ཟླ་བརྒྱད་པའི་ནང་བདག་ཏུན་ཧོང་ལ་ཐོག་མར་གནས་སྐོར་དུ་འགྲོ་བའི་བསྐལ་བཟང་མངོན་དུ་བྱས།  དེ་དུས་ཀྱི་གནས་སྐོར་ཁྲོད་ནས་ཏུན་ཧོང་ལ་གནས་མཇལ་དང་རྒྱུས་ལོན་རགས་ཙམ་བྱེད་ཐུབ་པ་བྱུང་བས་དགའ་སྤྲོ་ཤིན་ཏུ་སྐྱེས་ལ།  ནམ་ཞིག་སླར་ཡང་ཏུན་ཧོང་ལ་གནས་མཇལ་དུ་བསྐྱོད་ནས་སྔར་ལས་རྒྱུས་ལོན་བྱེད་འདོད་ཀྱི་འདུན་པ་ཞིག་འགོག་མེད་དུ་སྐྱེས།  སྟབས་ལེགས་པ་ཞིག་ལ།  ད་ལོའི་དབྱར་ཁའི་ཡུལ་སྐོར་གྱི་འགྲུལ་བཞུད་ལས་ཏུན་ཧོང་ལ་ཡང་བསྐྱར་གནས་མཇལ་དུ་འགྲོ་བའི་བསྐལ་བཟང་མངོན་དུ་བྱས་པས།  བདག་སྤྲོ་སྣང་གིས་ཏུན་ཧོང་ལ་ཆས་ཤིང་སྤྲོ་སྣང་གིས་ཏུན་ཧོང་དང་གྱེས་པ་ཡིན།  

ཕྱི་ལོ2017ལོའི་བོད་ཟླ6པའི་ཚེས2ཉིན་བདག་སྐུ་འབུམ་ལྔ་རིག་སྐྱེད་ཚལ་གླིང་གི་དགེ་གྲོགས་རྣམས་དང་མཉམ་དུ་གཡུ་ཡི་མེ་ལོང་ཐང་ལ་ལྷུང་འདྲའི་རབ་མཛེས་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་དང་། མུ་མཐའ་མེད་པའི་གཏེར་ལེན་ཁའི་བྱེ་ཐང་ཆེན་མོ་སོགས་བརྒྱུད་ནས་ཉིན་དེའི་མཚན་མོའི་དུས་སུ་ཏུན་ཧོང་གྲོང་ཁྱེར་ལ་འབྱོར། མཚན་མོ་དེར་ཏུན་ཧོང་རྫོང་གྲོང་ཁྱེར་དུ་ཞག་སྡོད་བྱས་རྗེས་སང་ཉིན་ཞོགས་པར་ལྗོངས་རྒྱུའི་འགོ་བཟུང་།  ཐོག་མར་ང་ཚོ་ཏུན་ཧོང་གྲོང་ཁྱེར་དུ་རྟེན་གཞི་བྱས་ཡོད་པའི་ཏུན་ཧོང་དངོས་མང་བཤམས་སྟོན་ཁང་ལ་ལྟ་སྐོར་དུ་བསྐྱོད་རྗེས་ཏུན་ཧོང་མོ་ཀོ་བྲག་ཕུག་ལ་གནས་མཇལ་དུ་སོང་བ་ཡིན། 

མོ་ཀོ་བྲག་ཕུག་ལ་བསྐྱོད་པའི་གཞུང་ལམ་གཡས་གཡོན་ནི་ཀྲང་ཡེ་ནས་ཏུང་ཧོང་བར་གྱི་མུ་མཐའ་མེད་པའི་བྱེ་ཐང་དང་མི་འདྲ་བར་བྱེ་འགོག་ནགས་འཛུགས་ཀྱིས་ཡོད་ཚད་སྔོ་ལྗང་ངེར་འདུག་ལ།  ལམ་འགྲམ་གྱི་ལྗོན་ཤིང་དག་གིས་ང་ཚོ་ལ་བསུ་མ་བྱེད་པ་དང་མཚུངས་བར་བསེར་མ་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་དགྱེས་སྒུར་གྱི་གར་སྟབས་བསྒྱུར་བཞིན་མཆིས།  ང་ཚོས་རེ་སྙེག་བྱེད་བཞིན་པའི་གནའ་རབས་རིག་གནས་སྒྱུ་རྩལ་གྱི་བང་མཛོད་དུ་འབོད་པའི་ཏུན་ཧོང་མོ་ཀོ་བྲག་ཕུག་ནི་རླངས་འཁོར་གྱི་མགྱོགས་འགྲོས་དང་བསྟུན་ནས་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་གྱུར་དུས། ལམ་བར་གྱི་ཡིད་སྡུག་པའི་སྣང་བ་དང་ངལ་དུབ་ནི་མཚོ་ཁའི་ཝུ་བ་དང་འདྲ་བར་གར་སོང་ཆ་མེད་དུ་གྱུར་ཏེ། དགའ་བ་དང་སྤྲོ་བའི་རྦ་རླབས་ནི་ཡང་དང་བསྐྱར་དུ་འཕྱུར་བྱུང་།  

ཏུན་ཧོང་གྲོང་ཁྱེར་ནས་ཅུང་ཙམ་བསྐྱོད་མཐར། ང་ཚོ་དངོས་ནས་ཏུན་ཧོང་མོ་ཀོ་ཁུག་གམ་སངས་རྒྱས་སྟོང་གི་བྲག་ཕུག་ལ་འབྱོར་བྱུང་།   རིག་གནས་སྒྱུ་རྩལ་གྱི་གཏེར་མཛོད་དུ་གྲགས་པའི་མོ་ཀོ་བྲག་ཕུག་ནི་བྱེ་མའི་ཐང་ཆེན་གྱི་ཁོད་ཡངས་པའི་ལུང་ཁོག་ཅིག་ཏུ་ཆགས་འདུག   ལུང་བའི་མཐིལ་གྱི་གྲམ་པ་སྐམ་པོའི་འགྲམ་གྱི་ཕར་ཕྱོགས་ཀྱི་ལྗོན་ཤིང་གཡུ་ལོའི་ཚོགས་མ་གཏོགས་ལུང་ཁོག་འདིར་རྩྭ་དང་རྩི་ཤིང་གི་རིགས་ཤིག་བཙལ་དཀའ་བའི་ཚོད་དུ་སྣང་། ལྗོན་པའི་གསེབ་ནས་ཕར་ཕྱོགས་ཀྱི་རི་བོའི་ངོས་ཀྱི་བྲག་ཕུག་རེ་འགའ་མཐོང་ཐུབ་ལ།  བྲག་ཕུག་དང་བར་ཐག་མི་རིང་བའི་མདུན་ངོས་སུ་མཐོ་ཞིང་རྔམས་པའི་བྱེ་མའི་རི་རྒྱུད་རིང་མོ་ཞིག་སྟོད་ནས་ཐུར་དུ་འཁྱུད།  བྱེ་མའི་རི་རྒྱུད་ཀྱི་ངོས་སུ་རི་ཚོགས་མང་པོ་གཅིག་ལས་གཅིག་མཐོ་དང་གཅིག་ལས་གཅིག་མཛེས་ཀྱི་ཚུལ་དུ་རྣམ་པར་འགྱིངས་ཤིང་རི་ངོས་སུ་ལྷ་ཁང་རེ་འགའ་ཡང་མཐོང་།  རི་འདབས་དང་ལམ་འགྲམ་སོགས་སུ་ས་དཀར་གྱིས་བཞེངས་བའི་མཆོད་རྟེན་དེ་དག་གི་དབྱིབས་གཟུགས་ནི་རང་རེའི་བོད་ཁུལ་དང་རྒྱ་ལུགས་ཀྱི་བཞེངས་དབྱིབས་དང་མི་འདྲ་བའི་རྣམ་པ་ཁྱད་པ་ཅན་ཞིག་ཏུ་མཐོང་།  

འཇམ་མགོན་ས་པཎ་མཆོག་གིས། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར། །ཞེས་གསུངས་པ་ནི་ལེགས་བཤད་ཀྱི་དྭངས་མར་འཁུམས་ཏེ།  ཏུན་ཧོང་གི་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་སྙན་པའི་གྲགས་པས་རྒྱལ་ཁབ་མི་འདྲ་བ་དང་མི་རིགས་མི་འདྲ་བའི་ཡུལ་སྐོར་སྤྲོ་འཆམ་པ་གྲངས་མེད་ཅིག་བུང་བའི་ཚོགས་རྣམས་ཟིལ་མངར་མེ་ཏོག་གི་སྦྲང་བཅུད་ལ་འཁོར་བ་བཞིན་མ་བོས་རང་འདུས་བརྒྱབ་འདུག  ཕྱོགས་སོ་སོའི་འགྲུལ་བ་དག་དང་མཉམ་དུ་བདེ་ཞིང་སྙོམས་པའི་གཞུང་ལམ་གྱི་འགྲམ་བརྒྱུད་ནས་ཕར་ཕྱོགས་ཀྱི་བྲག་ཕུག་ཕྱོགས་སུ་བསྐྱོད་དུས། ཟེགས་མ་དང་བྱེ་མས་ཚོགས་ཀྱིས་ཁེངས་བའི་རྐང་འོག་ནས་ཧྲུག་སྒྲ་ཆུང་ངུ་ཞིག་གོམ་པའི་རྡོག་འགྲོས་དང་བསྟུན་ནས་བར་མེད་དུ་མཆེད།  ཟམ་པའི་ཕར་ཕྱོགས་ན་ཚོན་རིས་སྣ་ཚོགས་ཀྱིས་བྱུག་པའི་སྒོ་ཆེན་ཞིག་ཀྲོང་ངེར་འགྱིངས།  སྒོ་བྱང་སྟེང་དུ་རྒྱ་ཡིག་གི(石室寶藏)ཞེས་ཡིག་འབྲུ་ཆེན་པོ་བཞི་བྲིས་འདུག་པ་ནི་རྒྱའི་རང་མོས་སྙན་ངག་གི་སྲོལ་འབྱེད་མཁན་སྐུ་ཞབས་ཀུའོ་མོ་རོ་ལགས་ཀྱི་ཕྱག་བྲིས་ཡིན་པར་བཤད།  སྒོ་ཆེན་དེའི་ནང་ལོགས་སུ་བསྐྱོད་རྗེས་མདུན་ཕྱོགས་ཀྱི་བར་ཐག་མི་རིང་བའི་བྲག་ངོས་ན་ཆེ་ཆུང་མི་འདྲ་བའི་བྲག་ཕུག་གི་ཚོགས་མང་དུ་འདུག་པ་ནི།  མཚན་སྙན་འཛམ་གླིང་ལ་གྲགས་པའི་གནའ་བོའི་རིག་གནས་སྒྱུ་རྩལ་གྱི་བང་མཛོད་དུ་འབོད་པའི་ཏུན་ཧོང་བྲག་ཕུག་ཡིན་པ་ནི་གཞན་གྱིས་མ་བཤད་ཀྱང་ཤེས་ཐུབ།  

3.jpg

གཉིས།

ཏུན་ཧོང་བྲག་ཕུག་ནི་དེང་གི་སྲིད་འཛིན་ལམ་ལུགས་ཀྱི་དབང་དུ་བྱས་ན། ཀན་སུའི་ཞིང་ཆེན་གྱི་ནུབ་མཐའི་རྫོང་ཞིག་སྟེ་ཏུན་ཧོང་རྫོང་གི་ཉེ་འདས་ཀྱི་སྤྱི་ལེ་ཉེར་ལྔའི་མཚམས་ན་ཆགས་ཡོད། རྫོང་མཁར་དེ་ནི་ལན་གྲུ་གྲོང་ཁྱེར་ནས་ལེ་བར་སྟོང་ཕྲག་གིས་ཆོད་ཅིང་མུ་མཐའ་མེད་པའི་བྱེ་ཐང་གིས་ཁེངས་པའི་མྱ་ངན་གྱི་ཐང་ཆེན་པོའི་གནས་སུ་ཆགས།  སྔོན་གྱི་དུས་སུ་རྒྱ་ནག་དང་བོད། ལི་ཡུལ། ཕྱི་རྒྱལ་གྱི་རྒྱལ་ཁབ་མང་པོའི་བར་དར་གོས་གཙོས་བའི་ཚོང་རྫས་མང་པོ་སྐྱེལ་སའི་གནས་ཡིན་པས་ཡུལ་འདི་ལ་ལོ་རྒྱུས་སྟེང"དར་གོས་ཚོང་ལམ་"ཞེས་འབོད། རྒྱ་ནག་གི་ཐང་རྒྱལ་རབས་སྐབས་ཀྱི་སྡེ་སྣོད་འཛིན་པ་ཐང་སན་བླ་མ་ཕྱི་ལོ629ལོར་ཡུལ་འདི་བརྒྱུད་ནས་རྒྱ་གར་འཕགས་ཡུལ་དུ་ཕེབས་ཚུལ་སུམ་པ་ཚང་གིས་གསུངས་ལ།  ཏུན་ཧོང་དངོས་མང་བཤམས་སྟོན་ཁང་ན་ཡང་དེའི་སྐོར་བྲིས་འདུག  རྒྱ་གར་གྱི་སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་དང་བོད་ཀྱི་ལོ་ཙཱ་བ་ཆེན་པོ་བེ་རོ་ཙ་ན་མཆོག་ཀྱང་ཡུལ་འདིར་ཕེབས་ནས་འགྲོ་དོན་མཛད་ཅེས་གནའ་བོའི་ཡིག་རྙིང་ནས་བཤད།  གནའ་དུས་སུ་ཡུལ་འདི་ནུབ་བྱང་ས་ཆའི་ཆོས་ལུགས་ཀྱི་ལྟེ་བ་ཞིག་ཏུ་གྱུར་ཏེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་གྲགས། དགེ་ཆོས་ཀྱི་《དེབ་དཀར་》ལས་ཀྱང་། "སྔར་ཕྱོགས་འདིར་བསྟན་པ་རྒྱ་ཆེར་དར་བ་ལས། སྲོང་བཙན་གྱི་སྐུ་དུས་ཙམ་ན་ཆོས་བསྣུབས་ཏེ། དགེ་སློང་རྣམས་བོད་དང་རྒྱ་གར་དུ་བྲོས། དེ་ནས་བཟུང་ཀླ་ཀློའི་རྒྱལ་ཁམས་ཀྱི་ལྟེ་བ་ལྟ་བུར་གྱུར་ཏེ་ཡོད་ཅིང་།"ཞེས་གསུངས་པ་ལྟར།  ལོ་རྒྱུས་ཀྱི་བཤུལ་ལམ་རིང་མོའི་ཁྲོད་དུ་མི་རིགས་མང་པོའི་ཚོང་པ་དང་ཆོས་ལུགས་མི་སྣ། ལག་ཤེས་པ་སོགས་ཡུལ་འདིར་འདུས་ནས་ལག་རྩལ་དང་བསམ་བློ་བརྗེ་རེས་བྱས་མྱོང་ལ། དུས་རབས་མི་འདྲ་བའི་ནང་དུ་དམག་འཁྲུག་གི་འཁོར་ལོ་ཡང་རབས་དང་རིམ་པ་མང་དུ་བསྐོར་མྱོང་སྐད།

《དེབ་དཀར་》ལས།"ལི་ཡུལ་གྱི་བར་མཐའ་ཏོང་ཧང་བྱ་བའི་གནས་སུ"ཞེས་ཏུན་ཧོང་ནི་གནའ་དུས་ཀྱི་ལི་ཡུལ་དང་དེང་གི་ཤིན་ཅང་གི་མཐའ་མཚམས་སུ་ཡོད་པར་གསུངས་ལ། ཕྱི་རབས་ཀྱི་ལོ་རྒྱུས་སྨྲ་བ་དག་ནས་ཀྱང་ཏུན་ཧོང་ནི་སྔོན་གྱི་དུས་ལི་ཡུལ་གྱི་ཁོངས་གཏོགས་ཀྱི་ཡུལ་གྲུ་ཞིག་ཡིན་པར་ཞལ་གྱིས་བཞེས།  བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས་ལི་ཡུལ་ནི་ལོ་ངོ་དུ་མའི་རིང་ལ་བོད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་སུ་གནས་བར་བཤད་དེ། 《དེབ་དཀར་》ལས།"ཡུལ་འདི་བོད་ལས་ཤིན་ཏུ་ཁད་རིང་བའི་རྒྱུ་མཚན་གྱིས། སྔར་བོད་འབངས་སུ་འདུས་སོ་བྱ་བ་ཡང་ཡིད་ཆེས་དཀའ་བ་ཙམ་ཡིན་མོད། དགྲ་བཅོམ་དགེ་འདུན་འཕེལ་གྱི་ལི་ཡུལ་ལུང་བསྟན་དུ་ཡང་གསུངས་ཏེ། དེ་ལ་མང་པོ་ཞིག་ནི་བོད་ཀྱི་རྒྱལ་བོས་འཛིན་པར་འགྱུར་རོ། །ཞེས་དང་། གླང་རུ་ལུང་བསྟན་གྱི་མདོ་ལས་ཀྱང་། མ་འོངས་པ་ན་ལས་ཀྱི་དབང་གིས་ཡུལ་འདིར་བོད་དང་སུམ་བྷའི་དམག་རྣམས་ཀྱང་འོང་བར་འགྱུར་ཏེ།  སོགས་གསུངས་སོ། །སུམ་བྷ་དེ་སྔར་བོད་ཁོངས་ཀྱི་རྒྱལ་ཕྲན་ཞིག་གི་ས་ཡིན་པ་ལ།  ཁོང་ཚོའི་རིགས་དེ་དེང་སང་ཨ་མདོའི་ཁྲོད་དུ་འདྲེས་ནས་ཡོད། གཞན་ཡང་སྔ་རྟགས་འཁྲུལ་མེད་ལྟ་བུར། ཉེ་དུས་འདིར་ཡུལ་དེའི་བྱེ་མའི་གསེབ་ནས་བོད་ཀྱི་རྫོང་གོག་མང་པོའི་ཤུལ་གསར་དུ་རྙེད་པ་ལས། སྔ་མོའི་བོད་ཀྱི་ཡོ་བྱད་སྣ་ཚོགས་དང་། ཡུལ་མི་ལས་ཁྲལ་བསྡུས་པའི་བྱང་བུ་ཆེ་ཆུང་དུ་མ།  དམག་དཔོན་སོགས་ཀྱིས་ཕན་ཚུན་བཏང་བའི་ཡི་གེ་ལ་སོགས་པ་ཆེས་མང་པོ་ཞིག་ཐོན་ནས། རྒྱལ་ཁབ་དུ་མར་འཁྱེར་ཏེ་སྔོན་གྱི་ལོ་རྒྱུས་དཔྱོད་པའི་མཁས་པ་ཐམས་ཅད་ཀྱང་ཡིད་ཆེས་པ་ཡིན་ནོ། །"ཞེས་དགེ་ཆོས་ལགས་ནས་གསུངས་བ་ནང་བཞིན། ལི་ཡུལ་དེ་བོད་ཀྱི་མངའ་ཁོངས་སུ་འདུས་པའི་བདེན་པའི་དཔང་རྟགས་སུ་ཡུལ་འདི་ནས་བོད་སྔ་རབས་ཀྱི་དངོས་ཆས་མང་པོ་དང། ལྷག་པར་དུ་བོད་བཙན་པོའི་བཀའ་ཡིག་ཁྲམ་ཤིང་ལ་བཀོད་པ་མང་པོ་རྙེད་པ་དང་།  སྐབས་དེའི་བོད་བཙན་པོའི་རྒྱལ་ས་གནས་མཆོག་ལྷ་ས་ནས་སླུངས་ཚང་ངམ་འབབ་ཚིགས་ཀྱི་ལམ་ལུགས་ལི་ཡུལ་བར་དུ་བཙུགས་པ་དང་། ཏུན་ཧོང་གི་ལྡེབས་རིས་ངོས་སུ་ཡང་བོད་བཙན་པོའི་སྐུ་བརྙན་ཡོད་ལ།  བྲག་ཕུག་ཨང17ནང་ནས་ཀྱང་བོད་ཡིག་གི་དེབ་འབོར་ཆེན་མང་པོ་ཐོན་པ་སོགས་ལ་གཞིགས་ན་ཡང་། ལི་ཡུལ་དང་ཏུན་ཧོང་ནི་སྔར་བོད་ཀྱི་མངའ་ཁོངས་སུ་བསྡུས་པ་ཡིད་ཆེས་པའི་གནས་དང་བོད་དང་འབྲེལ་བ་དམ་ཟབ་ཡོད་པ་རྟོགས་ཐུབ།  གཞན་བྲག་སྒོམ་པའི་《མདོ་སྨད་ཆོས་འབྱུང》དུ"མངའ་རིས་སྐོར་གསུམ་ནི་སྤུ་རངས་མང་ཡུལ་ཟངས་དཀར་གསུམ་སྐོར་གཅིག  ལི་བྲུ་ཤ་སྦལ་ཏི་གསུམ་སྐོར་གཅིག   ཞང་ཞུང་ཁྲི་སྡེ་སྟོད་སྨད་གསུམ་སྐོར་གཅིག"ཅེས་ལི་ཡུལ་མངའ་རིས་སྐོར་གསུམ་དུ་ཕྱེ་བའི་གྲས་སུ་བཞག་པར་གཞིགས་ན་ཡང་ཡུལ་འདི་སྔར་བོད་ཀྱི་མངའ་ཁོངས་ཤིག་ཡིན་པར་སེམས་སོ། །

དགེ་ཆོས་ཀྱི་《དེབ་དཀར་》ལས། ཏུན་ཧོང་ངམ་ལི་ཡུལ་བོད་ཀྱི་བཙན་པོ་སུ་ཞིག་གིས་དབང་དུ་བསྡུས་ཏེ་དུས་ཡུན་གང་འདྲ་ཞིག་ལ་བོད་ཀྱི་མངའ་ཁོངས་སུ་བསྡད་པ་མི་གསལ་ཡང་། དོན་གྲུབ་རྒྱལ་གྱི་《གནའ་རབས་བོད་ཀྱི་བཀའི་ཕོ་ཉ་བགྲོད་ཚུལ་》ལས།  "ཅན་ཀྲུང་ཁྲི་ལོ་གཉིས་པ་(སྤྱི་ལོ781)བོད་ཀྱིས་ཏུན་ཧོང་བཟུང་བ་ནས་ཏ་ཀྲུང་ཁྲི་ལོ་གཉིས་པ་(སྤྱི་ལོ846)ཀྲང་དབྱི་ཁྲའོ་ཡིས་ཧྲ་ཀྲིག་ནས་དམག་དྲངས་ཏེ་བོད་དམག་ཏུན་ཧོང་ནས་ཕྱིར་བསྐྲད་པའི་བར་ལ་ཏུན་ཧོང་བོད་ཀྱིས་བདག་ཏུ་བཟུང་ནས་བསྡོམས་པའི་ལོ་ངོ་དྲུག་ཅུ་རེ་བདུན་སོང་འདུག"ཅེས་རྒྱའི་ལོ་རྒྱུས་ཀྱི་དེབ་ཐེར་དག་ལས་བཤད་པ་ལྟར་བཀོད་འདུག་ཀྱང་།  བོད་ཀྱི་ལོ་རྒྱུས་སྨྲ་བ་འགའ་ནས་ཏུན་ཧོང་བོད་ཀྱི་མངའ་ཁོངས་སུ་ལོ་ངོ་ཉིས་བརྒྱའི་རིང་བསྡད་ཚུལ་བཤད་མཁན་ཡང་མཆིས། བོད་ཀྱིས་ལི་ཡུལ་ས་ཆ་དབང་བསྒྱུར་བྱས་རྗེས་གནའ་དུས་ཤ་ཅི་ཞེས་འབོད་པ་ད་ལྟའི་ཏུན་ཧོང་གི་བྲག་ཕུག་ཡོད་སའི་ཕྱོགས་དེར་མཐོང་ཁྱབ་ཀྱི་སྡེ་བཙུགས་ནས་བདག་སྐྱོང་བྱས་ཏེ། ཐང་གི་ཞང་དང་ལུས་ལ་སོགས་པའི་ཆབ་སྲིད་ཀྱི་སྒྲིག་གཞི་མེད་པར་བྱས།  ༼བཀའ་ཐང་༽ནའང་། "བོད་ཀྱི་དམག་དཔུང་ལི་ཡི་ཡུལ་དུ་ཕབ། །ལི་ཡུལ་ལྕང་ར་སྨུག་པོ་བྲན་དུ་སྤྱད། །"ཞེས་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བྲན་དུ་བཀོད་ནས་བཙན་པོ་གླང་དར་བཀྲོངས་པ་ནས་བཟུང་རྒྱ་ནག་གི་ལག་ཏུ་ཤོར་བར་བཤད།  དོན་དངོས་ཐོག་ལི་ཡུལ་དང་ཏུན་ཧོང་ས་ཁུལ་དེ་བོད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་སུ་དུས་ཡུན་ལོ་ངོ་ག་ཙམ་ལ་བསྡད་པ་ད་དུང་དཔྱད་པའི་གཞིའོ། །

ད་ལྟའི་ཏུན་ཧོང་ཞེས་འབོད་པའི་མིང་འདི་ལ་ལོ་རྒྱུས་ཞིབ་འཇུག་པ་དག་གི་ཁྲོད་ན་བཤད་ཚུལ་མི་མཐུན་པ་མང་དག་ཅིག་འབྱུང་འདུག  གནའ་བོའི་རྒྱ་ཡིག་རྣལ་མ་(敦煌)ཡིན་པར་འདོད་པ་རྣམས་ཀྱིས་དེ་དོན་དར་རྒྱས་ལ་བཤད་དེ།  གནའ་དུས་སུ་ད་ལྟའི་ཏུན་ཧོང་གི་ཡུལ་འདིར་ཞིང་ལས་དང་ཚོང་ལས་སོགས་ཤིན་ཏུ་དར་རྒྱས་ཆེ་བས་དེ་ལྟར་ཐོགས་པར་བཤད། ལ་ལས་གནའ་བོའི་གྷུ་རིག་གི་སྐད་ཡིན་ཟེར་ལ།  བོད་ཀྱི་ལོ་རྒྱུས་སྨྲ་བ་དག་ནས་ཏུན་ཧོང་ཞེས་པ་ནི་གནས་དེར་སངས་རྒྱས་ཀྱི་སྐུ་གཟུགས་མང་དུ་ཡོད་པས་"སྟོང་སྐུ་"ཞེས་འབོད་པའི་སྒྲ་འགྱུར་བ་ཡིན་ཟེར་བ་དང་།   "འདུ་ཁང་"ཞེས་པའི་སྒྲ་འགྱུར་བ་ཡིན་ཚུལ་སོགས་ལུགས་མང་དུ་ཡོད་འདུག

5.jpg

གསུམ།

མོ་ཀོ་ཁུག་(莫高窟)སྟེ་ཏུན་ཧོང་བྲག་ཕུག་ལ་སངས་རྒྱས་སྟོང་གི་བྲག་ཕུག་ཀྱང་ཟེར། ཏུན་ཧོང་བྲག་ཕུག་དེ་ཀྲུང་གོའི་བྲག་ཕུག་ཆེན་པོ་གསུམ་གྱི་ཡ་གྱལ་དུ་འདྲེན་ཞིང་ད་ལྟ་འཛམ་གླིང་ལ་མཚན་སྙན་རབ་ཏུ་རྒྱས་པ་ནི། ཡུལ་འདིར་བྲག་ཕུག་མང་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་བ། བྲག་ཕུག་ཏུ་བཞུགས་པའི་སྐུ་བརྙན་དག་ལ་གསོན་ཉམས་ལྡན་པ། བྲག་ཕུག་ངོས་ཀྱི་ལྡེབས་རིས་དག་ལ་མཚར་སྡུག་རྣམ་པར་བཀྲ་བའི་ཁྱད་ཆོས་མངའ་བ་བཅས་ཀྱི་དབང་གིས་ཡིན་ངེས་ལ། ཕྱིས་སུ་བྲག་ཕུག་ཨང17པའི་ནང་དུ་གནའ་བོའི་དཔེ་རྙིང་འབོར་ཆེན་བྱུང་བའི་དབང་གིས་ཡིན་པ་སྨོས་མ་དགོས་པ་རེད།  

འོ་ན་ཏུན་ཧོང་དུ་བྲག་ཕུག་འདི་འདྲ་མང་པོ་དང་བྲག་ཕུག་དེ་དག་ཏུ་སྐུ་བརྙན་འདི་འདྲ་མང་པོ་ཞིག་གནས་ཚུལ་གང་འདྲ་ཞིག་གི་འོག་ནས་བྱུང་བ་ཡིན་ནམ་ཞེ་ན། ད་ལྟ་ཏུན་ཧོང་ཁུལ་དུ་ཡོད་པའི་ཐང་རྒྱལ་རབས་སྐབས་ཀྱི་རྒྱ་ཡིག་གི་རྡོ་རིང་དང་།  ཏུན་ཧོང་གི་ལོ་རྒྱུས་ངོ་སྤྲོད་ཀྱི་དེབ་དག་ལས།  ཕྱི་ལོ་སྔོན366ལོར་རྒྱའི་བཙུན་པ་ཡོ་ཙུན་(བློ་བཙུན་ཞེས་བྲིས་པའང་ཡོད)ཞེས་པ་སེམས་དབེན་པར་གནས་ཤིང་སྒོམ་ལ་རྩེ་གཅིག་ཏུ་གཞོལ་བ་ཞིག་ཡུལ་འདི་བརྒྱུད་ནས་ཕེབས་སྐབས།  སངས་རྒྱས་སྟོང་གི་ཞལ་གཟིགས་བྱུང་སྟེ་ཡུལ་འདིར་བྲག་ཕུག་ཅིག་བརྐོས་པ་དང་། ཕྱིས་སུ་རྣལ་འབྱོར་བ་ཧྥ་ལེང་ཞེས་འབོད་པ་ཞིག་འདིར་ཕེབས་ཏེ་བཙུན་པ་ཡོ་ཙུན་གྱིས་བརྐོས་པའི་བྲག་ཕུག་གི་ལོགས་སུ་བྲག་ཕུག་ཅིག་བརྐོས། དེ་ནས་རིམ་བཞིན་དུས་རབས་མི་འདྲ་བ་དང་རྒྱལ་རབས་མི་འདྲ་བའི་དུས་སྐབས་རེ་རེར་དད་ལྡན་མང་པོས་བྲག་ཕུག་མང་པོ་བཟོ་བསྐྲུན་བྱས་པ་དང་། བྲག་ཕུག་ནང་དུ་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་དང་ལྡེབས་རིས་མང་པོ་བཞེངས་བསྐྲུན་བྱས་པར་བསྟུན།  ཏུན་ཧོང་ནི་ལོ་རྒྱུས་ཀྱི་རང་བཞིན་ལྡན་ཞིང་གནའ་བོའི་བྲག་ཕུག་དང་སྐུ་གཟུགས། ལྡེབས་རིས་སོགས་བརྗིད་ཆགས་ཤིང་མཛེས་སྡུག་ལྡན་པའི་གནས་མཆོག་ཅིག་ཏུ་གྲུབ་སྟེ། ཕྱོགས་སོ་སོའི་ནང་བའི་དད་ལྡན་པ་རྣམས་ཀྱི་མཆོད་པའི་རྟེན་དང་། ཡུལ་སྐོར་གནས་མཇལ་བ་དག་གི་མིག་གི་བདུད་རྩི་བླ་ན་མེད་པ་ཞིག་ཏུ་གྱུར།  

དེ་ལས་ཀྱང་ངོ་མཚར་ཞིང་ཡིད་དབང་འཕྲོག་པ་ཞིག་ནི།  གཏེར་མའི་བྲག་ཕུག་ཏུ་འབོད་པའི་བྲག་ཕུག་ཨང17པའི་ནང་དུ་གཏེར་མའི་ཡིག་རྙིང་འབོར་ཆེན་ཞིག་བུད་པ་དེ་རེད།  དེ་ཡང་མན་ཇིའི་རྒྱལ་རབས་ཀྱི་གོང་མ་ཀོང་ཞིའི་ཁྲི་ལོ་ཉེར་དྲུག་པ་སྟེ་ཕྱི་ལོ1900ལོའི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན།  བཙུན་པ་ཝང་ཡོན་ལུའུ་(ཏའོ་ལུགས་འཛིན་པའི་ཆོས་པ་ཞིག་ཡིན་ལ་ཧུའུ་པེ་མ་ཁྲིན་རྫོང་གི་མི་ཡིན། གནས་མཇལ་ལ་ཡུལ་མང་པོར་སོང་རྗེས་ཏུན་ཧོང་ལ་སླེབས་ཏེ།  ལྷ་ཁང་ལ་བསྙེན་བཀུར་གྱིས་བདག་པོར་གྱུར)ཟེར་བ་ཞིག་གིས་བྲག་ཕུག་ཨང17པའི་ནང་ལོགས་ཀྱི་བྱེ་མ་འཕྱག་སྐབས། བྲག་ཕུག་གི་གཡོན་ལོགས་ཀྱི་སྒོའི་ཟུར་གྱི་གྱང་ངོས་སུ་སེར་ག་ཞིག་ཡོད་པ་འབྲུ་དུས། མཐོ་ཚད་ལ་ཧ་ལམ་མི་དར་མའི་གཟུགས་ཀྱི་རིང་ཚད་དང་ཞེང་ལ་རྨི་གཉིས་ཙམ་འདུག་པའི་བྲག་ཕུག་ཆུང་ངུ་ཞིག་རྙེད།  བྲག་ཕུག་ནང་དུ་གནའ་བོའི་དཔེ་དེབ་མང་པོ་དང་སྐུ་གཟུགས་སོགས་མང་དུ་སྦས་ཡོད་པའི་གསང་སྒོ་གྲོལ་བ་ནས་ཕྱོགས་ཀྱི་སྐྱེ་བོ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཏེ་མཚན་སྙན་འཛམ་གླིང་ལ་སྔར་ལས་ཡོངས་སུ་གྲགས་པའི་འགོ་བརྩམས།  

བྲག་ཕུག་དེ་ལས་རྙེད་པའི་དཔེ་དེབ་ལ་རྒྱ་བོད་གཉིས་དང་རྒྱ་གར། ལི་ཡུལ་དང་གྲུ་གུ་སོགས་ཀྱི་ཡིག་རིགས་མི་འདྲ་བ་བརྒྱད་ཀྱིས་བྲིས་པ་ཡོད་ལ། དེབ་ཀྱི་བརྗོད་བྱའི་ཐད་ནས་ནང་བསྟན་རིག་པ་གཙོ་བྱས་གནའ་བོའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་རིག་པ།  སྒྱུ་རྩལ་དང་ལོ་རྒྱུས་སོགས་དང་། གཞན་ལྷ་སྐུ་དང་ཆོས་ལུགས་ཀྱི་ཡོ་བྱད་སོགས་དང་། དཔེ་དེབ་ཆེས་མང་ཤོས་ནི་རྒྱ་བོད་གཉིས་ཀྱི་ཡིག་རིགས་ཀྱིས་བྲིས་པའི་དེབ་ཡིན་ལ། བོད་ཡིག་གི་ཐད་ནས་གནའ་བོའི་ཡིག་རྙིང་གིས་བྲིས་པའི་ནང་བསྟན་ཆོས་ལུགས་ཀྱི་བསྟན་བཅོས་མང་པོ་དང་། བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་དང་སྙན་ངག  མགུར་དབྱངས། མཚན་ཉིད་རིག་པ། ལྷ་སྒྲུང་སོགས་སྣ་ཚོགས་ཀྱིས་གྲུབ། 

6.jpg

གནས་ཚུལ་དེ་བཙུན་པ་ཝང་ཡོན་ལུའུ་བྱ་བས་མན་ཇི་སྲིད་གཞུང་ལ་སྙན་སེང་ཞུས་ཀྱང་། མན་ཇི་སྲིད་གཞུང་གི་དཔོན་རིགས་དག་གིས་ལོ་རྒྱུས་ཀྱི་གཏེར་མ་དེ་དག་གི་རིན་ཐང་ངོས་མ་ཟིན་པ་དང་།  ཕྱོགས་གཞན་ཞིག་ནས་སྐབས་དེའི་མན་ཇིའི་སྲིད་གཞུང་ནི་འཇིག་ཉེན་དང་གཉོམ་ཆུང་དུ་གནས་བའི་སྐབས་དང་ཁེལ་བའི་དབང་གིས་དོ་སྣང་ཆེར་མ་བྱས། བཙུན་པ་ཝང་ཡོན་ལུའུ་ལ་བྲག་ཕུག་གི་སྒོ་ཡང་བསྐྱར་རྒྱག་དགོས་པའི་བཀའ་ཕབ་ཏེ་བྲག་ཕུག་གི་སྒོ་བརྒྱབ།  དེ་ནས་ཕྱི་ལོ1907ལོར་དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པ་སི་ཐན་དབྱིན་(Sir Aurel Stein)ཞེས་འབོད་པ་ཏུན་ཧོང་ལ་སླེབས། ཏུན་ཧོང་ས་ཆའི་སྐབས་དེའི་ས་གནས་དཔོན་པོའི་ཆོག་མཆན་ཐོབ་པ་ལ་བརྟེན་ནས་མོ་ཀོ་བྲག་ཕུག་ལ་བདེ་བར་འབྱོར། བཙུན་པ་ཝང་ཡོན་ལུའུ་ལ་དངུལ་སྒོར་ལྔ་བརྒྱ་སྤྲད་ནས་བྲག་ཕུག་གི་དཔེ་རྙིང་བྲིས་མ་སྒམ་ཉེར་བཞི་དང་། གཞན་དཔེ་རིས་དང་དངོས་ཆས་གཞན་དག་གི་སྒམ་ལྔ་བཅས་བསྡོམས་པའི་རིག་གནས་དངོས་རྫས་སྟོང་ཕྲག་དགུ་ལྷག་བདམས་གསེས་ཀྱིས་འཁྱེར། དེའི་ཕྱི་ལོར་ཧྥ་རན་སི་རྒྱལ་ཁབ་གྱི་པོ་ཞིས་ཧི་ཟེར་བ་ཡང་ཏུན་ཧོང་ལ་འབྱོར་ཏེ་དཔེ་རྙིང་བྲིས་མ་སྟོང་དྲུག་ལྷག་དང་དཔེ་རིས་མང་པོ་འཁྱེར། དེ་ནས་ཕྱི་ལོ1909ལོར་མན་ཇི་སྲིད་གཞུང་གིས་དངོས་རྫས་ལྷག་མ་པེ་ཅིན་ལ་སྐྱེལ་ཡོང་དགོས་པའི་བཀའ་ཕབ་ཅིང་། ལམ་བར་ནས་དཔོན་རིགས་མང་པོས་རྐུ་འཁྱེར་དང་བཙོང་བ་སོགས་བྱས་པས་དཔེ་རྙིང་བྲིས་མ་བརྒྱད་སྟོང་དྲུག་བརྒྱ་ལྷག་ལས་མེད་པར་བཤད།  དེའི་རྗེས་སུ་ཨ་མེ་རི་ཁའི་ཧྭ་ཨེར་ན་བྱ་བ་ཕྱི་ལོ1924ལོར་ཏུན་ཧོང་ལ་འབྱོར་ཏེ་རྫས་འགྱུར་ཆུ་ཡི་བྱེད་ཐབས་བཀོལ་ཏེ་གནའ་བོའི་ལྡེབས་རིས་མང་པོ་རྐུ་འཁྱེར་བྱས་པས།  ད་ལྟ་ཏུན་ཧོང་ནས་ཐོན་པའི་རིག་རྫས་རྩ་ཆེན་མང་པོ་ཨ་རི་དང་དབྱིན་ཇི།  ཧྥ་རན་སི། ཨུ་རུ་སུ།  འཇར་མན། རྒྱ་གར་སོགས་སུ་ཁྱབ་ནས་ཡོད་པ་ལས། དབྱིན་ཇིའི་ལོན་ཏོན་དཔེ་མཛོད་ཁང་དང་ཧྥ་རན་སིའི་ཕ་རེ་སེའི་དཔེ་མཛོད་ཁང་གཉིས་ཀར་བོད་ཡིག་གི་དཔེ་རྙིང་ཤོག་དྲིལ་ལྔ་སྟོང་ཙམ་དང་།  དེ་ལས་གཞན་ཨ་རི་དང་རྒྱ་གར་སོགས་སུ་ཡང་ཤིན་ཏུ་མང་པར་བཤད་ལ། ཏུན་ཧོང་རྫོང་རིག་རྫས་བཤམས་སྟོན་ཁང་དུ་བོད་ཡིག་གིས་བྲིས་བའི་མདོ་ཁ་འཐོར་སུམ་བརྒྱ་ལྷག་དང་འཕགས་པ་བརྒྱད་སྟོང་བ་བྲིས་མ་ཚར་གཉིས་བཅས་བཞུགས་པར་བཤད། མཁས་དབང་དགེ་ཆོས་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡེ་ལེ་གསར་བ་རུ་ཏུན་ཧོང་ནས་རྙེད་པའི་བོད་ཡིག་གི་ཤོག་དྲིལ་དང་དངོས་ཆས་མང་པོ་མཐོང་བ་《དེབ་དཀར་》དུ་བཤད་པ་ལྟར་རོ། །

གནས་མཇལ་སྐབས་སྣེ་ཤན་མས་ཏུན་ཧོང་གི་གཏེར་ཡིག་དང་ལྡེབས་རིས་མང་པོ་དབྱིན་ཇི་དང་ཨ་རི། ཧྥ་རན་སི་སོགས་ཀྱི་གནའ་རྫས་རྟོག་ཞིབ་པ་ཡོང་ནས་རྐུ་འཁྱེར་བྱས་པས།  རང་རྒྱལ་གྱི་རིག་གནས་ལ་གྱོང་གུན་དང་གཏོར་བརླག་ཚབ་ཆེན་བཏང་ཚུལ་སོགས་ལབ་དུས།  རྒྱ་རིགས་བློ་མཐུན་མང་པོ་ཞིག་གིས་བདེན་པའི་མགོ་བོ་ནང་དུ་བཀུག་པར་བྱེད་མོད།  ཞིབ་ཏུ་བསམ་ན་ཏུན་ཧོང་གི་གཏེར་ཡིག་དང་ལྡེབས་རིས་དེ་འདྲའི་མང་པོ་ཞིག་ཕྱི་གླིང་བ་དེ་དག་གིས་འཁྱེར་སོང་བ་ནི་དངོས་གནས་འགྲིག་པར་འདོད་དེ།  གལ་ཏེ་གནའ་རྫས་དེ་འདྲའི་འབོར་ཆེན་ཞིག་ཀྲུང་གོར་ལུས་ཡོད་པ་ཡིན་ན་དེ་དུས་ཀྲུང་གོར་རིག་རྫས་སྲུང་སྐྱོབ་ཁང་ཚད་ལྡན་མེད་ལ།  ཕྱོགས་གཞན་ནས་ཆིན་རྒྱལ་རབས་དང་ཀྲུང་ཧྭ་མིན་གོའི་དམག་འཁྲུག  ལྷག་པར་དུ་རིག་གསར་གྱི་རླུང་འཚུབ་སོགས་ཀྱིས་མིང་གི་ལྷག་མར་མི་འགྱུར་བའི་ངེས་པ་ག་ལ་ཡོད་སྙམ་སོང་།  

4.jpg

8.jpg

བཞི།

ཀྲུང་གོ་གསར་བ་དབུ་བརྙེས་རྗེས་ཀྱི་ཕྱི་ལོ1961ལོ་ཙམ་ཞིག་ལ་གནའ་རྫས་སྲུང་སྐྱོབ་སྡེ་ཁག་ཏུ་བཞག་སྟེ་ཏུན་ཧོང་བྲག་ཕུག་དང་དེའི་དངོས་ཆས་དག་ལ་སྲུང་སྐྱོབ་དང་དོ་དམ་ལེགས་པར་བྱས་བས། ཏུན་ཧོང་བྲག་ཕུག་དེ་འཛམ་གླིང་གི་ཡུལ་སྐོར་བྱེད་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་རེད།  མིག་སྔར་ཏུན་ཧོང་དུ་བྲག་ཕུག་ཆེ་ཆུང་བཞི་བརྒྱ་གོ་གཉིས་ལྷག་དང་སྐུ་གཟུགས་ཆེ་ཆུང་ཉིས་སྟོང་བརྒྱ་ལྷག  ལྡེབས་རིས་ཁྲི་ལྔ་སྟོང་ལྷག་ཡོད་པར་བཤད་ཀྱང་།  གནས་མཇལ་གྱི་བྲག་ཕུག་བཅུ་ཕྲག་གཉིས་ཙམ་ལས་སྒོ་འབྱེད་ཀྱི་མི་འདུག  ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་རྒྱུད་ལམ་རིང་མོའི་ཁྲོད་ཏུན་ཧོང་ས་ཆ་འདིར་མི་རིགས་སོ་སོའི་ཆོས་ལུགས་པ་དང་ལག་ཤེས་པ། ཚོང་ལས་པ་སོགས་ལས་རིགས་མི་འདྲ་བའི་མི་སྣ་མང་དུ་འདུས་ནས་མི་རིགས་སོ་སོའི་བར་ལ་རིག་གནས་བརྗེ་རེས་ཀྱི་ཡུལ་གྲུ་ཁྱད་པར་བ་ཞིག་ཏུ་གྲུབ་མྱོང་།  བོད་བཙན་པོའི་རིང་ལ་བོད་ཀྱིས་ཡུལ་འདི་ཡུན་རིང་ལ་དབང་བསྒྱུར་བྱས་བ་དང་བསྟུན། བོད་མི་མང་པོ་ཞིག་ཀྱང་ཡུལ་འདིར་སླེབས་ཏེ་བྲག་ཕུག་བརྐོ་བ་དང་སྐུ་བརྙན་བཞེངས་བསྐྲུན་སོགས་བྱས་ཏེ་ཏུན་ཧོང་རིག་གནས་སྒྱུ་རྩལ་ལ་བྱས་རྗེས་བླ་མེད་བཞག  དེང་གི་ཞིབ་འཇུག་པ་མང་པོས་ཕྱོགས་བསྡོམས་གནང་བ་ལྟར་ན་བོད་མིས་སྔ་རྗེས་སུ་ཏུན་ཧོང་ས་ཁུལ་དུ་བྲག་ཕུག་ཆེ་ཆུང་མི་འདྲ་བ་སུམ་ཅུ་ལྷག་དང་།  ལྡེབས་རིས་དང་སྐུ་བརྙན་མང་པོ་བཞེངས་བསྐྲུན་བྱས་ཏེ་བོད་ཀྱི་རིག་དངོས་མང་པོ་ཞིག་ཡུལ་འདིར་ལོ་རྒྱུས་ཀྱི་དན་རྟགས་སུ་བཞག་ཡོད་ཟེར་ལ།  དེང་སྐབས་ཀྱང་བྲག་ཕུག་ཨང159དང་237བཅས་ཀྱི་རྩིག་ངོས་སུ་བོད་བཙན་པོའི་སྐུ་བརྙན་ཆེ་ཚད་རེ་བཞེངས་པ་དངོས་སུ་མཇལ་རྒྱུ་ཡོད་པར་མ་ཟད།  བྲག་ཕུག་ཨང་146ནང་དུ་སངས་རྒྱས་དཔའ་བོ་བདུན་གྱི་སྐུ་གཟུགས་བཞུགས་པའི་མཆོད་ཁྲིའི་མདུན་ངོས་སུ་བོག་ཡིག་གིས་"ཁྲི་གཙུག་ལྡེ་བརྩན་གྱི་སྐུ་རིང་ལ། ་་་་་སེམས་ཅན་ཐམས་ཅད་ཀྱི་་་་་་སྒོས་གཙུག་ལག་ཁང་འདི་་་་་ཆུ་ཕོ་་་་་་བཙུགས་ཏེ།  ཤིང་ཕོ་སྟག་ལ་་་་་སྐུ་གཟུགས་སྤྱན་ཕྱེས་ཏེ།  ཞལ་བསྲོས་སོ། །"ཞེས་པ་ལྟ་བུ་བོད་བཙན་པོ་རལ་བ་ཅན་གྱི་མཚན་དང་དུས་ནམ་ཞིག་ལ་བཞེངས་པ་སོགས་བཀོད་ཡོད་པར་བཤད།  བྲག་ཕུག་འགའ་ཞིག་གི་སྒོའི་ཀླད་དུ་བོད་ཡིག་གིས་བྲག་ཕུག་བཞེངས་མཁན་གྱི་སྦྱིན་བདག་གི་མིང་དང་དུས་ནམ་ཞིག་ལ་བཞེངས་བ་སོགས་བྲིས་པའི་ཡིག་འབྲུ་མཐོང་མཁན་སྔོན་གྱི་དུས་སུ་ཡོད་པར་འདུག  

འོ་ན་བྲག་ཕུག་ཨང་17པའི་ནང་དུ་བཞུགས་པའི་གཏེར་ཡིག་དེ་དག་དུས་ནམ་ཞིག་ལ་མི་སུ་ཞིག་གིས་གཏེར་དུ་སྦས་བ་ཡིན་ནམ་ཞེ་ན། དེང་གི་ལོ་རྒྱུས་ཆེད་མཁས་པ་དག་གི

  • 顶