བཤེས་གཉེན་བསྟེན་ཚུལ་དང་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་འགྲེལ་བཤད་མདོར་བསྡུས་བཞུགས་སོ།

2016-09-28
445
    ཡོན་ཏན་ཀུན་གྱི་གཞི་གྱུར་དྲིན་ཅན་རྗེ། །  

 

                                                                                     ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །  

                                                                                     ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །  

                                                                                     གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །  

        ཞེས་གསུངས་པ་ལྟར། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ལ་རག་ལས། དེ་ཡང་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་འཚོལ་བའི་ཚུལ་དང་བསྟེན་པའི་ཚུལ་གཉིས།  

    དང་པོ་ཆོས་འབྲེལ་མ་བཞག་གོང་བརྟག་དགོས་ཏེ། བེའུ་བུམ་སྔོན་པོ་ལས། མང་བོ་མི་བཙལ་བཙལ་བ་སྲོག་བསྡོ། ། བློ་མ་སྦྱངས་བས་མང་དུ་མི་རུང་། ། ཞེས་དང་། དེ་བས་ཆོས་འབྲེལ་མ་བརྟག་མང་མིན། ། བརྟག་ནས་བཟུང་ལ་བླ་མར་གུས་བྱ། ། མ་འོངས་བླ་མས་མི་ཕོངས་ཆོས་ཉིད། ། ལས་རྣམས་ཆུད་མི་ཟ་བ་ཡིན་ཕྱིར། ། ཞེས་གསུངས། ལྷག་པར་དེང་སང་ཆོས་རྒྱུན་ལ་དམ་ཚིག་གི་སེལ་ཡོད་པ་དང་ལོག་བཤད་དང་། ཆོས་ལོག་སྤེལ་མཁན་མང་དུ་ཡོད་པས་དེ་འདྲ་བླ་མར་བསྟེན་ན། ངན་སོང་ལས་འགྲོ་ས་མེད་པས་ངེས་པར་བརྟག་ནས་བསྟེན་དགོས། བླ་མ་ལྔ་བཅུ་བ་ལས། དཔའ་བོས་དང་པོར་སློབ་དཔོན་དང་།། སློབ་མའི་འབྲེལ་བ་བརྟག་པར་བྱ། ། ཞེས་གསུངས། སྤངས་བྱའི་བླ་མ་ནི། དེ་ཉིད་ལས། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག། ཁེངས་ཤིང་ཆགས་ལ་མ་བསྡམས་དང་། ། སྤྱོམས་དང་བཅས་བར་མི་བྱའོ། ། ཞེས་དང་། བཀའ་གདམས་གླེགས་བམ་ལས། བཀའ་བསྟན་བཅོས་ཐམས་ཅད་ཤེས་བར་ཁས་ལེན་ཀྱང་། ། དོན་ཉམས་སུ་ལེན་ལ་བརྡུགས་པའི་ཐུགས་རྒྱལ་ཅན། ། སེམས་སྤྱོད་ཉེས་དེ་འདྲ་བསྟེན་པ་མཐོང་ཙ་ན། ། རྗེ་ཀུན་མཁྱེན་ཁྱེད་དང་འབྲལ་གླགས་མི་གདའ་འོ། ། ལུས་ལོངས་སྤྱོད་སྤྲུགས་ཤིང་རྟག་ཏུ་མཆོད་གྱུར་ཅིང་། ། ཐུགས་ཁེངས་བ་མེད་པའི་གང་ཟག་ཁྲོ་གཏུམ་ཅན། ། རྗེ་ཡར་འདྲེན་སྐད་དུ་བསྟེན་པ་མཐོང་ཙ་ན། ། ཆོས་ཁོ་ནས་ཆོག་ཀྱང་འབྲལ་གླགས་མི་གདའ་འོ། ། ཞེས་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་དེ་ལྟར་གསུངས་བ་ལ་ཐུགས་བསམ་རེ་གཏོང་དགོས། བསྟེན་བྱ་བླ་མ་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་ཉེར་ཞི་བ། ། ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུགས། ། དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན།། བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། ། ཞེས་གསུངས་བ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་དང་། གསང་སྔགས་ཀྱི་བླ་མ་ལ། བླ་མ་ལྔ་བཅུ་བ་ལས། བརྟན་ཞིང་དུལ་བློ་གྲོས་ལྡན། ། བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། ། སྔགས་དང་རྒྱུད་གྱི་སྦྱོར་བ་ཤེས། ། སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། ། དེ་ཉིད་བཅུ་ནི་ཡོངས་སུ་ཤེས། ། དཀྱིལ་འཁོར་བྲི་བའི་ལས་ལ་མཁས། ། སྔགས་བཤད་པ་ཡི་སྦྱོར་བ་ཤེས། ། རབ་ཏུ་དང་ཞིང་དབང་བོ་དུལ། ། ཞེས་དང་། པན་ཆེན་བློ་བཟང་ཆོས་རྒྱན་གྱིས། དེ་ཉིད་བཅུ་ཟུང་འབྲི་དང་འཆད་མཁས་བའི།། རྡོ་རྗེ་འཛིན་པའི་གཙོ་ཞེས་གསུངས་བ་སྔགས་ཀྱི་དགེ་བའི་བཤེས་གཉེན་ཀྱི་མཚན་ཉིད་ཡིན་པའི་ངེས་བར་བརྟག་ནས་བསྟེན་དགོས། གཉིས་པ་བསྟེན་ཚུལ་ལ། ཐེག་པ་ཆེན་པོའི་བླ་མ་དང་གསང་སྔགས་ཀྱི་བླ་མ་གང་ཡིན་ཡང་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་བསྟེན་དགོས། བེའུ་བུམ་སྔོན་པོ་ལས། གཙང་གཅིག་མ་ཡིས་བསྟེན་ཚུལ་ཞུས་པས། ། བླ་མ་སངས་རྒྱས་འདུ་ཤེས་ཀྱིས་བསྟེན། ། འདུ་ཤེས་བཅོས་མས་མི་འོང་རྣལ་མ། ། དེ་ལྟར་སྐྱེད་དགོས་གསང་སྔགས་ཀྱི་འམ། ། ཕ་རོལ་ཕྱིན་ཚུལ་བླ་མ་ཁྱད་མེད། ། ཞེས་གསུངས། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་། གསང་སྔགས་གྱི་བླ་མ་གང་ཡིན་ཡང་། འཇིག་རྟེན་ཆོས་བརྒྱད་སྤངས་བ་ཅིག་ངེས་པར་དགོས་ཏེ། བཀའ་གདམས་གླེགས་བམ་ལས། ཡོན་ཏན་ཐམས་ཅད་བླ་མ་ལས་བརྟེན་ནས་འབྱུང་བ་ཡིན། ། བླ་མ་དེ་ཡང་ཡོན་ཏན་རྒྱ་མཚོ་ལྟ་བུ་མངའ་ཡང་འཇིག་རྟེན་ཆོས་བརྒྱད་དང་བྲལ་བ་ཅིག་དགོས་པ་ཡིན། འཇིག་རྟེན་ཆོས་བརྒྱད་མི་མཛད་ན། ཀུ་སུ་ལིའི་བརྟུལ་ཞུགས་མཛད་པ་ཞིག་ཅིས་ཀྱང་འོང་བ་ཡིན། ཞེས་གསུངས། དེ་ལྟར་བརྟག་ནས་བླ་མ་མཁས་བཙུན་བཟང་གསུམ་དང་ལྡན་པ་ཞིག་འཕྲད་ཀྱང་བྱིན་རླབས་འཇུག་མི་འཇུག་རང་ལ་རག་ལས། དད་གུས་དང་ཡིད་ཆེས་མེད་ན་ལེགས་པའི་སྐར་མ་ལྟ་བུ། པོ་ཏོ་བའི་བེའུ་བུམ་སྔོན་པོ་ལས། བླ་མ་དག་ལ་གུས་པ་མེད་ན། ། སངས་རྒྱས་ཉིད་ལ་བསྟེན་ཡང་མི་ཕན། ། དཔེར་ན་ལེགས་པའི་སྐར་མ་བཞིན་ཏེ། ། དེས་ཉི་ཤུ་ཚང་བར་བརྟེན་ཅིང་། ། བསམ་གཏན་དང་པོའི་ཏིང་འཛིན་ཐོབ་ཀྱང་། ། སངས་རྒྱས་ཡིད་ཆེས་ཅུང་ཟད་མེད་པས། ། དགེ་བའི་རྩ་བ་མ་ལུས་བཅད་ནས། ། བསྐལ་མང་དམྱལ་བར་གནས་བར་ལུང་བསྟན། ། ཞེས་གསུངས། བཤེས་གཉེན་བསྟེན་ཚུལ་མ་ནོར་བ་གལ་ཆེ་ལ། སློབ་མ་ཡང་བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བའི། ། ཉན་པོ་སྣོད་ཅེས་བྱས་བར་བྱེད། ། ཞེས་གསུངས་བ་ལྟར། སློབ་མས་ཀྱང་རང་ལ་མཚན་ཉིད་ཚང་ཅི་ཐུབ་ཀྱི་སྒོ་ནས། སྔོན་བྱོན་སྟོན་པའི་རྣམ་ཐར། ། རྗེས་འདུག་གདུལ་བྱའི་ཉམས་ལེན། ། ཞེས་པ་ལྟར། སྔོན་རྟག་ཏུ་ངུ་ཡིས་ཆོས་འཕགས། ། ན་རོ་བས་ཏེ་ལོ་བ། མི་ལས་མར་བ་བསྟེན་པ་སོགས་བསྟེན་ཚུལ་མ་ནོར་བའི་སྟབས་ཀྱིས་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་ལྟ་བུ་དང་། སྐུ་ལུས་མ་སྤངས་བར་མཁའ་སྤྱོད་དུ་གཤེགས་པ་ཡང་མང་པོ་བྱུང་ལ། དེ་ཐམས་ཅད་ཀྱང་བླ་མ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་བ་ལས་བྱུང་བ་ཡིན་ཏེ། དགེ་བཤེས་རྨོག་ཅོག་ཞལ་ནས། བླ་མ་སངས་རྒྱས་སུ་མཐོང་བའི་མོས་གུས་དང་། ། ཅི་མཛད་ཡོན་ཏན་དུ་མཐོང་བའི་དག་སྣང་། ། བསམ་རྒྱུ་བླ་མ་ལས་མེད་པའི་གདུང་སེམས་གསུམ། ། བླ་མའི་བྱིན་རླབས་འདོད་ན་མེད་ཐབས་མེད། ། ཞེས་དང་། ང་གང་དུ་འདུག་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་བའི་ཚེ་གཅིག་གི་སངས་རྒྱས་དེ་ང་ལ་ཡོད་པ་འདྲ། ། ཞེས་གསུངས། ༧བླ་མ་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་ལ་གུས་པའི་བསྟེན་ཅིང་བླ་མ་མཉེས་པར་བྱས་ན། དེ་ལ་བྱིན་རླབས་ངེས་པར་འཇུག་སྟེ། པོ་ཏོ་བའི་བེའུ་བུམ་སྔོན་པོ་ལས། བླ་མ་བྱང་ཆུབ་སེམས་དང་ལྡན་ཞིང་། ། གུས་པའི་ཉན་ན་མཁས་མི་མཁས་རུང་། ། དེ་བས་དེ་ལ་བྱིན་གྱིས་རླབས་འཇུག ། དེ་བས་མ་ཁེངས་བླ་མ་གུས་བ། ། དེ་ནི་དེ་ལ་དོ་གལ་ཆེར་གསུངས། ། ཞེས་གསུངས་པ་ལྟར་ཡིན་པས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་མ་ནོར་བ་གལ་ཆེ། དེ་ན་བསམ་པའི་བསྟེན་ཚུལ་དང་སྦྱོར་བའི་བསྟེན་ཚུལ། སྣོད་ཀྱི་སྐྱོན་གསུམ་སྤངས་བ། འདུ་ཤེས་དྲུག་བསྟེན་པ་སོགས་ཞིབ་མོར་རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེ་འབྲིང་གང་རུང་སྔས་མགོ་དང་མ་བྲལ་བར་བལྟ་དགོས་ཤིང་། དེ་ལས་ཤེས་བར་བྱ་དགོས་པས་ངས་ལོགས་སུ་འབྲི་བའི་ངལ་བ་མི་དགོས་སོ། བླ་མའི་ངོས་ནས་ཀྱང་སྣོད་ལྡན་གྱི་སློབ་མ་ཡིན་མིན་ལ་བརྟག་ནས། སྣོད་ལྡན་ཡིན་ན་རྗེས་སུ་བཟུང་ནས་ཐར་ལམ་མ་ནོར་བར་སྟོན་དགོས་ལ། ཁྱད་པར་དུ་གསང་སྔགས་ཀྱིས་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་ཞིག་ཡིན་ན། སྤྱིར་ཚོགས་པ་སྐྱོང་བ་ལ་སྤྱན་ལྔ་མངོན་ཤེས་ལྡན་པ་ཞིག་དགོས་པར་གསུངས་ཡོད་ལ། དེ་འདྲ་མིན་ཡང་སྣོད་ལྡན་སློབ་མ་དང་སྤངས་བྱའི་སློབ་མའི་ཁྱད་པར་ངེས་པར་བརྟགས་ནས་ཤེས་དགོས། ཕྱིའི་རྣམ་འགྱུར་ལ་ངེས་བ་མེད་པས་ནང་གི་ཀུན་སློང་ཤེས་དགོས། དེ་འདྲ་མིན་ན་རང་གཞན་གཉིས་ཀ་ཕུང་ལ་སྦྱོར་ངེས་ཡིན། ཁྱད་པར་དུ་མན་ངག་རྐུ་རུ་འོང་བ་ལྟ་བུ་ངེས་པར་ཤེས་པ་ཞིག་དགོས་ཏེ། ཐུབ་བསྟན་རྒྱ་མཚོའི་འགབ་འདྲེ་མནན་ཚུལ་ནང་དུ་ཀརྨ་རི་ཆོས་ལས། མན་ངག་གླ་རྩི་བཞིན་དུ་དོན་གཉེར་ཅན། ། བླ་མ་གླ་བ་ལྟ་བུའི་འདུ་ཤེས་བས། ། དུས་ངན་རྔོན་པ་ལྟ་བུའི་སློབ་གཟུགས་ལ། ། འདི་འདྲ་རྐུན་ནོར་བཞིན་དུ་སྦ་བར་རིགས། ། ཞེས་གསུངས་པ་ལྟར་བཀའ་བརྒྱ་དམ་པོར་སྦ་བར་རིགས་སོ། ཞེས་གསུངས། འདི་འདྲ་བྱུང་ན་ངེས་པར་སྤངས་དགོས་ལ། དེ་འདྲ་མིན་ཡང་མན་ངག་གླ་རྩི་ལྟ་བུ་བླ་མ་གླ་རོ་ལྟར་དོར་མཁན་རྣམས་ཀྱང་སྤངས་དགོས། སློབ་མར་འོས་པ་རྣམས་ཀྱང་ཐབས་མཁས་པའི་སྒོ་ནས་སྐྱོངས་དགོས་ལ། འགོ་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་ལམ་གྱི་རིམ་པ་ཐོས་བསམ་བསྒོམ་གསུམ་གྱི་སྒོ་ནས་རིམ་པར་འཁྲིད་དགོས་ལ། དེ་རྣམས་སྒོམ་པའི་ཚེ། ལམ་འོག་མ་བསྒོམས་ཀྱིན། གོང་མ་གོང་མ་ལ་ཐོབ་འདོད་ཆེར་འགྲོ་བ་དང་། གོང་མ་གོང་མ་ཉན་པ་ན་འོག་མ་འོག་མ་ལ་སྒྲུབ་འདོད་ཆེར་འགྲོ་བ་ཞིག་གལ་ཆེའོ། །  

             ལམ་གྱི་གཙོ་བོ་རྣམ་གསུམ་ཉམས་སུ་ལེན་པ་ལ། ཐོག་མར་གནས་ཁང་བྱི་དོར་བྱས། སྐུ་གསུང་ཐུགས་ཀྱི་རྟེན་ལེགས་པར་བཀྲམས། མཆོད་པ་གཡོ་མེད་ཅིང་བཀོད་པ་མཛེས་པར་བཤམས། སྟན་བདེ་བ་ལ་ཚུལ་དང་མཐུན་པའི་སྤྱོད་ལམ་གྱིས་འཁོད་དེ། རང་རྒྱུད་ལ་ལེགས་པར་བརྟགས་ནས་སྐྱབས་འགྲོ་སེམས་བསྐྱེད་བྱ། ཚོགས་ཞིང་གསལ་བཏབ། བསག་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་གནད་དུ་སྨིན་པ་བྱས། མཎྜལ་ཕུལ། ཕྱིན་ཅི་ལོག་གི་བློ་སྣ་འགོག་པ། ཕྱིན་ཅི་མ་ལོག་པའི་བློ་སྣ་སྐྱེ་བ། ཕྱི་ནང་གི་བར་ཆད་ཞི་བ་སྟེ། དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་བཏབ་སྟེ་སྦྱོར་བའི་ཆོས་དྲུག་སྔོན་དུ་སོང་རྗེས། བཤེས་གཉེན་བསྟེན་ཚུལ་ལ་བློ་སྦྱང་དགོས་པས་མཆོད་པར་བརྗོད་པའི་ཚུལ་དུ། རྗེ་བཙུན་བླ་མ་རྣམས་ལ་ཕྱག་འཚལ་ལོ། ཞེས་པས་སྦྱོར་ཆོས་ལྔ་བ་ཕྱག་འཚལ་བ་དངོས་དང་གཞན་རྣམས་ཤུགས་ལ་བསྟན། བླ་མ་ཚོགས་ཀྱི་ཞིང་ཁྱད་པར་བ་ཡིན་པས་དེ་ལ་ཕྱག་འཚལ་བ་ལ་སོགས་པའི་ཚོགས་བསགས་དགོས་པ་དངོས་སུ་གསུངས། རྗེ་བཙུན་ཞེས་པའི་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ཡོངས་སུ་རྫོགས་པ་བསྟན་པར་གསུངས་ཡོད། རྩོམ་པར་དམ་བཅའ་བའི་ཚུལ་གྱིས། རྒྱལ་བའི་གསུང་རབ་ཀུན་གྱི་སྙིང་བོའི་དོན། ། རྒྱལ་སྲས་དམ་པ་རྣམས་ཀྱིས་བསྔགས་པའི་ལམ། ། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་ཏེ། ། ཇི་ལྟར་ནུས་བཞིན་བདག་གིས་བཤད་པར་བྱ། ། ཞེས་གསུངས། དེ་ལ་རྐང་བ་དང་བོས་ངེས་འབྱུང་། གཉིས་པས་བྱང་ཆུབ་སེམས། གསུམ་པས་ལྟ་བ་སྟེ། སོ་སོར་སྦྱར་ནས་གསུངས་ཚུལ་གཅིག་དང་། ལམ་གྱི་གཙོ་རྣམ་གསུམ་པོ། རྒྱལ་བའི་གསུམ་རབ་ཀུན་གྱི་སྙིང་བོའི་དོན་ཡང་ཡིན། རྒྱལ་སྲས་དམ་པའི་སྔགས་པའི་ལམ་ཡང་ཡིན། སྐལ་ལྡན་ཐར་འདོད་རྣམས་ཀྱི་འཇུག་ངོགས་ཀྱང་ཡིན། རྐང་བ་རེ་རེའི་གསུམ་ཀ་ལ་སྦྱར་ཆོག་པའི་གསུང་ལུགས་ཀྱང་ཡོད། གང་དག་སྲིད་པའི་བདེ་ལ་མ་ཆགས་ཤིང་། དལ་འབྱོར་དོན་ཡོད་བྱ་ཕྱིར་བརྩོན་པ་ཡིས། ། རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི། ། སྐལ་ལྡན་དེ་དག་དང་བའི་ཡིད་ཀྱིས་ཉོན། ། ཞེས་པས་ངེས་འབྱུང་གི་སྒོ་ནས་སྲིད་པའི་བདེ་བ་ལ་མ་ཆགས་པའི་སྒོ་ནས། བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་དལ་འབྱོར་དོན་ཡོད་པར་བྱ་འདོད་པས། སྟོང་ཉིད་ཀྱི་ལྟ་བའི་སྒོ་ནས་རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའམ་ཡིད་གཏོད་པར་འདོད་པའི་ཉོན་ཞེས་སྦྱར་ནའང་ཆོག་ལ། ཡང་སྲིད་པའི་བདེ་བ་ལ་མ་ཆགས་པར་དལ་འབྱོར་དོན་ལྡན་དུ་སྒྲུབ་འདོད་ནས་རྒྱལ་བ་དགྱེས་པའི་ལམ་ལ་ཡིད་རྟོན་པའི་སྐལ་ལྡན་གྱི་སྐྱེས་བུའི་ངེས་འབྱུང་གི་གདམས་པ་ཉོན། དེ་བཞིན་དུ། དེའི་བྱང་ཆུབ་ཀྱི་སེམས་ཀྱི་གདམས་པ་ཉོན། སྟོང་ཉིད་ཀྱི་ལྟ་བའི་གདམས་པ་ཉོན་ཞེས་སྦྱར་ནའང་ཆོག ༧ ངེས་འབྱུང་འཆད་པའི་རྒྱུ་མཚན། རྣམ་དག་ངེས་འབྱུང་མེད་པར་སྲིད་འཚོ་ཡི། ། བདེ་འབྲས་དོན་གཉེར་ཞི་བའི་ཐབས་མེད་ལ། ། སྲིད་ལ་བརྐམ་པ་ཡིས་ཀྱང་ལུས་ཅན་རྣམས། ། ཀུན་ནས་འཆིང་ཕྱིར་ཐོག་མར་ངེས་འབྱུང་བཙལ། ། ཞེས་པ་དགག་ཕྱོགས་དང་གཉིས་པ་བསྒྲུབ་ཕྱོགས་ནས། དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། ། ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག ། ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། ། ཡང་ཡང་བསམ་ན་ཕྱི་མའི་སྣང་ཤས་ལྡོག ། ཞེས་གསུངས། དང་པོ་ངེས་འབྱུང་གལ་ཆེ་བའི་རྒྱུ་མཚན་ངེས་འབྱུང་མ་སྐྱེས་ན་སྲིད་པའི་བདེ་བ་ལ་དོན་གཉེར་ཞི་བའི་ཐབས་མེད་ལ། འཁོར་བར་བརྐམ་པའམ་ཆགས་པར་བྱས་ན་སྲེད་པ་དེས་ཀྱང་ལུས་ཅན་རྣམས་སྒོ་ཀུན་ནས་འཆིང་བར་བྱེད་པས་ན་ཐོག་མར་ངེས་འབྱུང་བཙལ་དགོས། འཁོར་བར་འཆིང་བྱེད་ཀྱི་རྩ་བ་མ་རིག་པ། དེའི་འཕྲོ་ནས་བདེ་བ་ཐོབ་འདོད་ཀྱི་སྲེད་པ། བདེ་བ་དོན་དུ་གཉེར་བའི་ལེན་པ་སྟེ་རྩ་བ་འདི་གསུམ་ལ་ཐུག་ཡོད། ཆོས་བྱེད་པར་འདོད་ན་འདོད་ཆུང་ཆོག་ཤེས་གལ་ཆེ་བས། སྲེད་པ་འགོག་པ་ལས་གལ་ཆེ་བ་མེད། ཕུན་ཚོགས་ཐམས་ཅད་རང་ལ་ཐོབ་འདོད་ནས་ཉིན་མཚན་ཆོས་ཀྱི་འདའ་བར་བྱས་ཀྱང་མི་དགེ་བ་ལས་ཆོས་རྣམ་དག་ཞིག་མི་ཡོང་བའི་རྩ་བ་འདི་ལ་ཐུག་ཡོད། དེས་ན་སྲིད་ལ་བརྐམ་པ་འགོག་ལུགས་ལ་གཉིས་ལས། དང་པོ་ཚེ་འདིའི་ཆགས་ཞེན་ལ་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པ་བསྒོམས་པའི་བཟློག་ནུས། དེ་ལ་དང་པོ་དལ་འབྱོར་རྙེད་དཀའ་བསྒོམས་པ་ལ། དལ་འབྱོར་ངེས་བཟུང་བ་ནི་མི་ཁོམ་པ་བརྒྱད་དང་བྲལ་བའི་ན་དལ་བ་བརྒྱད། འབྱོར་བ་བཅུ་ནི། ཉན་ས་ལས། མི་ཉིད་དབུས་སྐྱེས་དབང་བོ་ཚང་། ། ལས་མཐའ་མ་ལོག་གནས་ལ་དད། ། ཞེས་པའི་རང་འབྱོར་ལྔ་དང་། གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དམ་ཆོས་སྟོན། ། བསྟན་པ་གནས་དང་དེའི་རྗེས་འཇུག ། གཞན་ཕྱིར་སྙིང་ནི་བརྩེ་བའོ། ། ཞེས་གསུངས་པ་ལྟར་རོ། དོན་ཆེ་བར་བསམ་པ་ལ། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། ། བདག་གིས་དགེ་གོམས་མ་བྱས་ན། ། འདི་ལས་བསླུས་པ་གཞན་མེད་དེ། ། འདི་ལས་རྨོངས་པའང་གཞན་མེད་དོ། ། ཞེས་སོགས་དང་། འཇུག་པ་ལས། གང་ཚེ་རང་དབང་འཇུག་ཀྱང་མཐུན་གནས་པ། ། གལ་ཏེ་འདི་དག་འཛིན་པར་མི་བྱེད་ན། ། གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། ། དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། ། ཞེས་གསུངས་པ་ལྟར་དོན་ཆེ་བར་བསམ། ༧ རྙེད་དཀའ་བ་ལ། རྒྱུའི་སྒོ་ནས་རྙེད་དཀའ་བ་ནི། བཞི་བརྒྱ་བ་ལས། ཕལ་མོ་ཆེར་ན་མི་རྣམས་ནི། ། དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། ། དེས་ན་སོ་སོའི་སྐྱེ་བོ་རྣམས། ། ཕལ་ཆེར་ངེས་པར་ངན་འགྲོར་འགྲོ། ། ཞེས་གསུངས་པ་དང་། འབྲས་བུའམ་ངོ་བོ་སྒོ་ནས་རྙེད་དཀའ་བ། དཔེའི་སྒོ་ནས་རྙེད་དཀའ་བ་སོགས་ལམ་རིམ་ལས་རྙེད་དཀའ་ཚུལ་ལུང་འདྲེན་དང་བཅས་ཞིབ་པར་གསུངས་པ་ལ་ངེས་ཤེས་རྣལ་མ་ཞིག་མ་སྐྱེས་བར་དུ་བསྒོམས་དགོས་སོ། ༧ འཆི་བ་མི་རྟག་པ་བསྒོམས་པ་ལ། རྩ་བ་གསུམ་རྒྱུ་མཚན་དགུ། ཐག་བཅད་པ་གསུམ་གྱི་སྒོ་ནས་བསྒོམ་དགོས། དེ་ལ་དང་པོ་ནི་ངེས་པར་འཆི་སྟེ། འཆི་བདག་ངེས་པར་འོངས་ཞིང་རྐྱེན་གང་གིས་ཀྱང་བཟློག་ཏུ་མེད་པའི་ཕྱིར་ཚེ་ལ་སྣོན་པ་མེད་ཅིང་འབྲིད་བྱེད་པར་མ་ཆད་དུ་གནས་པས་ཕྱིར་གསོན་པའི་ཚེ་ཡང་ཆོས་བྱ་བའི་ལོང་མེད་པས་ཕྱིར། དེས་ན་ཆོས་ངེས་པར་བྱ་དགོས་པར་ཐག་གཅོད། གཉིས་པ་ནམ་འཆི་ལ་ངེས་པ་མེད་དེ། སྤྱིར་འཛམ་བུ་གླིང་གི་ཚེ་ལ་ངེས་པ་མེད་པས་ཕྱིར། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་པས་ཕྱིར། ལུས་ཤིན་ཏུ་ཉམས་ཆུང་ཞིང་ཆུ་བུར་དང་འདྲ་བས་ཕྱིར། དེས་ན་ད་ལྟ་ཉིད་ནས་ཆོས་བྱ་བར་ཐག་གཅོད། གསུམ་པ་འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་ཏེ། གཉེན་ཉེ་དུ་གྲོགས་མཛའ་བཤེས་ཀྱིས་མི་ཕན་པས་ཕྱིར། ཟས་གོས་གནས་མལ་ནོར་ལོངས་སྤྱོད་ཀྱིས་མི་ཕན་པས་ཕྱིར། ལྷན་གཅིག་སྐྱེས་པའི་ཤ་རུས་གདོས་བཅས་ཀྱི་ལུས་འདིས་ཀྱང་མི་ཕན་པས་ཕྱིར། དེ་ན་ཆོས་ཁོ་ན་བྱ་བར་ཐག་གཅོད། དེ་ལྟར་རྩ་བ་གསུམ་པོ་རེ་རེ་ལ་རྒྱུ་མཚན་གསུམ་རེ་དང་ཐག་བཅད་རེ་རེ་སྟེ། དོན་སྦྱོར་དགུ་བོ་འདི་བློར་བཟུང་ནས་རྒྱབ་བརྟན་ལུང་འདྲེན་དང་བཅས་པའི་ཚིག་འདོན་བཞིན་དུ་འཆི་བ་མི་རྟག་པ་རྒྱུད་ལ་མ་སྐྱེས་པར་དུ་བསམ་དགོས། དེའི་ནང་ནས་ཀྱང་གལ་ཆེ་ཤོས་ནམ་འཆི་ངེས་མེད་ཡིན་པས། ལམ་རིམ་ལས། རྩ་བ་གསུམ་ལས་ཀྱང་གལ་ཆེ་ཤོས་ནམ་འཆི་ངེས་མེད་བསམ་ནས་བློ་ན་འགྱུར་བ་འདི་ཉིད་ཡིན་པས་འབད་པར་བྱའོ། ཞེས་གསུངས་པ་ལྟར་རོ། ཤི་བའི་རྗེས་སུ་ཡང་འགྲོ་ས་གཉིས་ལས་གཞན་མེད་པས་བདེ་འགྲོའམ་ངན་འགྲོའོ། ངན་འགྲོར་སྐྱེས་ན་བདག་ཇི་འདྲ་ཞིག་ཏུ་འགྱུར་སྙམ་དུ་ངན་སོང་གསུམ་གྱི་སྡུག་བསྔལ་བསྒོམ་དགོས། ལམ་རིམ་ལས། འཁོར་བ་སྤྱི་དང་ཁྱད་པར་དུ་ངན་འགྲོའི་སྡུག་བསྔལ་བསྒོམ་པ་ཤིན་ཏུ་གནད་ཆེ་ཞེས་གསུངས་པ་ལྟར། ངན་འགྲོའི་སྡུག་བསྔལ་ལ་འཇིགས་སྐྲག་རྣལ་མ་སྐྱེས་ན། སྐྱབས་འགྲོ་རྣལ་མ་ཞིག་ཀྱང་རྒྱུད་ལ་སྐྱེས་ངེས་ཡིན། དེ་ལྟར་སྐྱེས་ན་ད་གཟོད་ནང་བའི་གྲལ་དུ་ཚུད་པ་ཡིན་པས། རྒྱས་པར་གུང་ཐང་བསྟན་པའི་སྒྲོན་མེ་རིན་པོ་ཆེའི་སྐྱབས་ཁྲིད་སོགས་ལས་ཤེས་པར་བྱའོ།  

       ལས་འབྲས་མི་བསླུ་བའི་ཚུལ་ལ་ངེས་པ་རྙེད་ཀྱི་གལ་ཆེ་བ། ལམ་རིམ་དུ་ཤིན་ཏུ་རྒྱས་པར་གསུངས་ཡོད་པར་ཡང་ཡང་ཏུ་བལྟ་བར་བྱ་ཞིང་བལྟས་པ་ཙམ་གྱིས་མི་ཆོག་པར། ལམ་རིམ་ཆེན་མོ་ལས། དཀར་ནག་གི་ལས་དང་འབྲས་བུ་ཤེས་པར་བྱ། ཤེས་པ་ཙམ་གྱིས་མི་འཇོག་པར་ཡང་དང་ཡང་དུ་བསྒོམ་པར་བྱ་སྟེ།འདི་ཤིན་ཏུ་ལྐོག་ཏུ་གྱུར་བས་ངེས་པ་རྙེད་དཀའ་བའི་ཕྱིར་རོ་ཞེས་དང་། འདི་ལ་བཅོས་མིན་གྱི་ངེས་པ་མ་རྙེད་ན་ཆོས་གང་ལ་ཡང་རྒྱལ་བ་དགྱེས་པའི་ངེས་པ་མི་རྙེད་དོ། ཞེས་གསུངས་པ་ལྟར་གནད་མ་ནོར་བ་གལ་ཆེའོ། དལ་འབྱོར་རྙེད་དཀའ་ན་ལས་འབྲས་ཡན་ཆད་སྐྱེ་བུ་ཆུང་ངུའི་ཆོས་སྐོར་རོ། འབྲིང་གི་སྐབས་སུ་སྡུག་ཀུན་གྱི་ཉེས་དམིགས་རིག་ནས་ཚེ་འདིར་ངེས་པ་མེད་པས་ཕྱི་མ་ཕན་ཆད་ཀྱི་དོན་གཉེར་དགོས། དེ་ལ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་མ་བསམ་པར་ཕྱི་མའི་སྣང་ཤས་ལྡོག་མི་ནུས་པས། དེ་ལྟར་གོམས་པས་འཁོར་བའི་ཕུན་ཚོགས་ལ། ། ཡིད་སྨོན་སྐད་ཅིག་ཙམ་ཡང་མི་སྐྱེས་ཞིང་། ། ཉིན་མཚན་ཀུན་ཏུ་ཐར་བ་དོན་གཉེར་བློ། ། བྱུང་ན་དེ་ཚེ་ངེས་འབྱུང་སྐྱེས་པ་ལགས། ། ཞེས་གསུངས། དེ་ལ་ཡིད་ཡང་ཡང་གོམས་པར་བྱས་ན་འཁོར་བའི་ཕུན་ཚོགས་གང་ལའང་ཡིད་རྟོན་སྐད་ཅིག་གཅིག་ཀྱང་མི་སྐྱེས་བ་དེའི་ཚེ་ན་ངེས་འབྱུང་སྐྱེས་ཀྱང་ཡན་ལག་ཡོངས་སུ་རྫོགས་པ་མིན། ཉིན་མཚན་ཐམས་ཅད་དུ་ཐར་བ་དོན་གཉེར་གྱི་བློ་རྣལ་མ་སྐྱེས་ན་ངེས་འབྱུང་ཡན་ལག་དང་མཚན་ཉིད་རྫོགས། ཐར་བ་དོན་དུ་གཉེར་བའི་ངེས་འབྱུང་མཚན་ཉིད་པ་དེ་དུས་སྐྱེས་པས། ངེས་འབྱུང་ཡིན་ལ་ཐར་བ་དོན་གཉེར་གྱི་བློ་མིན་པ་དང་པོ་དང་གཉིས་ཀ་ཡིན་པ་ཕྱི་མ་ཡིན། དང་པོ་དགག་ཕྱོགས་དང་གཉིས་པ་བསྒྲུབ་ཕྱོགས་ནས་གསུངས། སྡུག་བདེན་འཁོར་བའི་ཉེས་དམིགས་བསམ་ཚུལ་ལ། འཁོར་བ་སྤྱིའི་སྡུག་བསྔལ་བསམ་པ། སོ་སོའི་སྡུག་བསྔལ་བསམ་པའོ། དང་པོ་ལ་སྡུག་བསྔལ་བརྒྱད་བསམ་པ། སྡུག་བསྔལ་དྲུག་བསམ་པ། སྡུག་བསྔལ་གསུམ་བསམ་པའོ། ཁྱད་པར་སྡུག་བསྔལ་བརྒྱད་ཀྱི་དང་པོ་དང་ཐ་མར་ནན་ཆེར་བྱས་ཏེ་བསྒོམ་དགོས་པར་གསུངས་སོ། གཉིས་པ་རིགས་དྲུག་སོ་སོའི་སྡུག་བསྔལ་དྲན་པ་ཉེར་བཞག་ལྟར་བསམ་པ་དྲུག་གོ ། སྡུག་བསྔལ་འདི་རྣམས་རྒྱུ་གང་གིས་བྱས་སྙམ་ན། ཀུན་འབྱུང་འཁོར་བའི་འཇུག་རིམ་བསམ་དགོས། དེ་ཡང་འཁོར་བའི་རྒྱུ་ལས་དང་ཉོན་མོངས་གོས་ཀྱང་ཉོན་མོངས་པ་གཙོ་བོ་ཡིན། ཉོན་མོངས་པ་མེད་ན་སྔར་བསགས་ཀྱི་ལས་མང་དུ་ཡོད་ཀྱང་འཁོར་བར་སྐྱེ་བ་འཕེན་མི་ནུས་ཏེ། སྤྱོད་འཇུག་ལས། ཞེ་སྡང་སྲེད་སོགས་དགྲ་རྣམས་ནི། ཞེས་པ་ནས། ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། ཞེས་གསུངས་པ་ལྟར། རྒྱས་པར་ལམ་རིམ་ལས་ཤེས་པར་བྱའོ། ༧ རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམས་ཚུལ་བསམ་ན། འཁོར་བ་ལ་སྐྱོ་བ་སྐྱེས་པའི་ཐབས་མཆོག་ཏུ་འགྱུར་བ་ཡིན་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། ཐོག་མེད་མ་རིག་པ། གཉིས་པ་འདུ་བྱེད་ཀྱི་ལས། གསུམ་པ་རྣམ་ཤེས། བཞི་བ་མིང་གཟུགས་ཅི་རིགས། ལྔ་བ་སྐྱེ་མཆེད། དྲུག་པ་རེག་པ། བདུན་པ་ཚོར་བ། བརྒྱད་པ་སྲེད་པ། དགུ་བ་ལེན་པ། བཅུ་བ་སྲིད་པ། བཅུ་གཅིག་པ་སྐྱེ་བ། བཅུ་གཉིས་པ་རྒ་ཤི་ཅི་རིགས་སྟེ། སྤྲུལ་བའི་གླེགས་བེམ་ལས། མ་རིག་རྒན་མོ་ལོང་བ་སྟེ། ། འདུ་བྱེད་དག་ནི་རྫ་མཁན་བཞིན། ། རྣམ་ཤེས་སྤྲེའུ་ལྟ་བུ་སྟེ། མིང་དང་གཟུགས་ནི་གྲུར་འཇུག་འདྲ། ། སྐྱེ་མཆེད་ཡུལ་འཁོར་སྟོང་བ་སྟེ། ། རེག་པ་འོ་བྱེད་འདྲ་ཞེས་གདའ།། ཚོར་བ་མིག་ལ་མདའ་བརྒྱབ་སྟེ། ། སྲེད་པ་ཆང་འཐུང་འདྲ་ཞེས་གདའ། ། ལེན་པ་ཤིང་ཐོག་སྙབ་འདྲ་སྟེ། ། སྲིད་པ་སྦྲུམ་མ་འདྲ་ཞེས་གདའ། ། སྐྱེ་བ་དེ་ལ་བུ་སྐྱེས་འདྲ། ། རྒ་ཤི་རོ་ཁུར་འདྲ་ཞེས་གདའ། ། ཞེས་གསུངས་པ་ལྟར་རོ། མ་རིག་པ་འདུ་བྱེད་རྣམ་ཤེས་གསུམ་ནི་འཕེན་བྱེད་ཀྱི་རྒྱུ་དང་། སྲེད་པ་ལེན་པ་སྲིད་པ་གསུམ་ནི་འགྲུབ་བྱེད་ཀྱི་རྒྱུ་ཡིན། སྔ་མ་གསུམ་གྱིས་འཕངས་པའི་ཡན་ལག་ནི་འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་ཕྱེད་དང་ལྔའོ། ཕྱི་མ་གསུམ་གྱི་འགྲུབ་འབྲས་ཀྱི་ཡན་ལག་ནི་སྐྱེ་རྒ་གཉིས་སོ། དེ་ན་མ་རིག་པའི་དབང་གིས་རྒྱུ་དུས་ཀྱི་རྣམ་ཤེས་ལ་ལས་ཀྱི་བག་ཆགས་བཞག་ནས་སྐྱེ་བ་ཕྱི་མར་འབྲས་དུས་ཀྱི་རྣམ་ཤེས་ནས་ཚོར་བའི་བར་འགྲུབ་རུང་དུ་བྱས་པ་དེ། སྲེད་ལེན་གཉིས་ཀྱིས་ཡང་ཡང་གསོས་བཏབ་པས་ལས་ཀྱི་བག་ཆགས་མཐུ་ཅན་དུ་གྱུར་ནས་སྐྱེ་རྒ་སོགས་འགྲུབ་བོ། ཚེ་དུ་ལ་རྫོགས་ཞེས་ན། འཕེན་བྱེད་གསུམང་དང་འགྲུབ་བྱེད་གསུམ་དང་། འཕངས་འབྲས་ཕྱེད་བདུན་པོ་རྣམས་ལ་ཚེ་རེ་རེ་ལས་མི་དགོས་པས་ཡུན་རིང་ནའང་ཚེ་གསུམ་ལས་མི་འགོར། འཕེན་བྱེད་དང་འགྲུབ་བྱེད་ཀྱི་བར་དུ་སྐྱེ་བ་བརྒྱ་སྟོང་གིས་ཆོད་པ་ཡོད་ཀྱང་འགྲུབ་བྱེད་དང་འགྲུབ་འབྲས་བར་ཚེ་གཞན་གྱིས་ཆོད་པ་མེད་དོ། དོན་མདོར་ན། མགོན་པོ་ཀླུ་སྒྲུབ་ཀྱིས། གསུམ་པོ་དག་ལས་གཉིས་འབྱུང་སྟེ། ། གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། ། གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། ། ཉིད་ནི་ཡང་དང་ཡང་དུ་འཁོར། ། ཞེས་གསུངས་པ་ལྟར། མ་རིག་པ་དང་སྲེད་པ་ལེན་པ་སྟེ་ཉོན་མོངས་པ་གསུམ་ལས། འདུ་བྱེད་ལས་དང་སྲིད་པ་གཉིས་འབྱུང་། དེ་གཉིས་ལས་སྡུག་བསྔལ་བདུན་འབྱུང་། དེ་ལས་ཉོན་མོངས་གསུམ་འབྱུང་བ་སོགས་ཀྱི་འཁོར་བར་འཁྱམས་ཚུལ་ཡང་ཡང་བསམ་ན་འཁོར་བ་ལ་སྐྱོ་བ་སྐྱེས་པའི་ཐབས་མཆོག་ཏུ་འགྱུར་ལ། དེ་འདྲའི་སྐྱོ་ཤས་དྲག་པོས་ཉིན་མཚན་ཀུན་ཏུ་ཐར་བ་བསྒྲུབ་འདོད་བྱུང་ན་ངེས་འབྱུང་གི་བསམ་པ་བརྟན་པོ་སྐྱེས་པ་ཡིན། ངེས་འབྱུང་དེ་ཡང་སེམས་བསྐྱེད་རྣམ་དག་གིས་ཟིན་དགོས་པས། ངེས་འབྱུང་དེ་ཡང་རྣམ་དག་སེམས་བསྐྱེད་ཀྱིས། ། ཟིན་པ་མེད་ན་བླ་མེད་བྱང་ཆུབ་ཀྱི། ། ཕུན་ཚོགས་བདེ་བའི་རྒྱུ་རུ་མི་འགྱུར་བས། ། བློ་ལྡན་རྣམས་ཀྱིས་བྱང་ཆུབ་སེམས་མཆོག་བསྐྱེད། ། ཞེས་གསུངས། བློ་དང་ལྡན་པ་རྣམས་ཀྱི་ངེས་འབྱུང་ཙམ་གྱིས་ཆོག་ཤེས་མི་བྱེད་པར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་པར་མཛོད། དེ་ཇི་ལྟར་བསྐྱེད་ན་རང་གཞན་གྱི་ལེགས་པ་ཐམས་ཅད་ཀྱི་འབྱུང་གནས། རྒུད་པ་ཐམས་ཅད་སེལ་བའི་སྨན། མཁས་པའི་སྐྱེ་བོ་ཀུན་གྱི་བགྲོད་པའི་ལམ་ཆེན་པོ་མཐོང་ཐོས་དྲན་རེག་གིས་ཀྱང་འགྲོ་བ་ཀུན་གྱི་གསོས་སུ་གྱུར་བ། གཞན་གྱི་དོན་དུ་ཞུགས་པས་རང་གི་དོན་ཞར་ལ་གྲུབ་པའི་ཐབས་མཁས་པ་ཆེན་པོ་དང་ལྡན་པའི་ཐེག་པ་ཆེན་པོ་ལ་འཇུག་དགོས། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་གསུང་མགུར་ལས། ཕ་བདེ་སྟོང་དབྱེར་མེད་ཀྱི་དོན་བསྒོམས་པས། ། བདག་གཉིས་འཛིན་གྱིས་བཅིངས་པ་མེད་པར་གྲོལ། ། རྗེ་བདེན་གཉིས་འོད་གསལ་ཆོས་ཀྱི་སྐུ། ། ཕ་འབྲལ་མེད་ཀྱི་བླ་མ་སྙིང་ལ་ཞུགས། ། དུས་ད་ལྟ་མི་ལ་རས་པ་ང་། ། གངས་ཏི་སའི་མགུལ་ན་བསྒོམས་ཙ་ན། ། དྭངས་ཆ་ལ་ཤེས་བྱའི་དཀྱིལ་འཁོར་ཤར། ། སྤྱན་མངོན་ཤེས་སོགས་འདོད་ན་ཡོད་ཚོད་ན་གདའ་སྟེ། ། ཁོ་བོ་མཆོག་ལ་སེམས་པའི་རྣལ་འབྱོར་ལགས། ། ང་ཆུ་དབར་བྲག་དམར་གྱི་མཆོང་ལིང་ན། ། ནམ་མཁའ་ལ་ལྷུང་བ་མེད་པར་འགྲོ། ། རྫུ་འཕྲུལ་སོགས་འདོད་ན་ཡོད་ཚོད་ན་གདའ་སྟེ། ། ཁོ་བོ་མཆོག་ལ་སེམས་པའི་རྣལ་འབྱོར་ལགས། ། ང་ཚེ་རིང་གངས་དཀར་གྱི་སྟོངས་ཤེད་ན། ། སྲིད་གསུམ་གྱི་འདྲེ་ལ་ཡ་མི་ང་། ། དབང་སྡུད་སོགས་འདོད་ན་ཡོད་ཚོད་ན་གདའ་སྟེ། ། ཁོ་བོ་མཆོག་ལ་སེམས་པའི་རྣལ་འབྱོར་ལགས། ། ང་ལ་ཕྱི་གངས་ལ་བསྒོམས་ཙ་ན། ། མཁའ་འགྲོ་མཚོ་སྤྲིན་ལྟར་འཐིབས་ནས་གདའ།། དངོས་གྲུབ་ཅིག་འདོད་ན་ཡོད་ཚོད་ན་གདའ་སྟེ། ། ཁོ་བོ་མཆོག་ལ་སེམས་པའི་རྣལ་འབྱོར་ལགས། ། ཕོངས་འདི་ལྟར་སོང་སོང་བསྒོམས་ལས་བྱུང་། ། བུ་འདི་དོན་ཡིད་ལ་ལེགས་པར་བཟུང་། ། སྙིང་ལ་གྲོས་ཆེན་བཏབ་ན་ལེགས། ། ཚེ་གཏན་གྱི་འདུན་མ་བསྒྲུབ་ན་ལེགས། ། ཞེས་གསུངས། ཐེགས་པ་ཆེན་པོ་དེ་ལ་ཡང། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེགས་པ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེགས་པ་གཉིས་ལས་མེད་ལ། དེ་གཉིས་གང་གི་སྒོར་འཇུག་ཀྱང་། འཇུག་སྒོ་བྱང་ཆུབ་ཀྱི་སེམས་ཁོ་ན་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། ། འཁོར་བའི་བཙོན་རྭར་བསྡམས་པའི་ཉམས་ཐག་རྣམས། ། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། ། འཇིག་རྟེན་ལྷ་མི་བཅས་པའི་ཕྱག་བྱར་འགྱུར། ། ཞེས་གསུངས་པ་ལྟར་ཡིན་ལ། དེ་འདྲའི་བྱང་ཆུབ་ཀྱི་སེམས་སྦྱངས་པའི་རིམ་པ་ནི། སེམས་ཅན་ཐམས་ཅད་མར་ཤེས་པ་། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་བྱམས་པ། ལྔ་བ་སྙིང་རྗེ། དྲུག་པ་ལྷག་བསམ། བདུན་པ་སེམས་བསྐྱེད་དེ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་སེམས་བསྐྱེད་པ་དང་། བདག་གཞན་མཉམ་བརྗེའི་སྒོ་ནས་སེམས་བསྐྱེད་ཚུལ་གཉིས་ཡོད་པ་ལས་ཕྱི་མ་ལའང་སེམས་བསྐྱེད་ཚུལ་ཙམ་མ་གཏོགས་སྔ་མ་ཕལ་ཆེར་ཚང་དགོས། དེ་ལྟར་མིན་ན་སྙིང་རྗེ་བསྒོམ་པ་ཙམ་དུ་འགྱུར། དེས་ན་ཐོག་མར་མཉམ་མེད་ཇོ་བོ་ཆེན་པོའི་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ལ། སྐྱེ་འཆི་འཕོ་བའི་ངོ་མ་ཤེས་པ་མ་གཏོགས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྐྱེ་བ་ལ་གྲངས་མེད། མར་མ་གྱུར་བའི་སེམས་ཅན་མེད། དེ་བཞིན་དུ་ཕར་མ་གྱུར་བའི་སེམས་ཅན་མེད། སློབ་དཔོན་དུ་མ་གྱུར་བའི་སེམས་ཅན་མེད། དེ་བཞིན་དུ་བུ་ཆུང་མ་གཉེན་ཉེ་དུ་དགྲ་སོགས་སུ་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་ལ། དེ་ལྟར་ཕྱོགས་ཐམས་ཅད་ནས་བསྒོམ་པས། དཔེར་ན། ཁྱི་རྒན་ཞིག་ཟུག་པའི་སྐད་གོ་བ་ན་ངའི་མ་རྒན་དེ་ཟུགས་སོ་སྙམ་དུ་མིག་ནས་འཆི་མ་འབྱུང་བ་དང་། ལུས་ཀྱི་བ་སྤུ་ལྡང་བ་སོགས་ཀྱི་ཚད་མ་ཁྱད་པར་ཅན་བྱུང་བས་ན། མར་ཤེས་པ་སྐྱེ་བའི་ཚད་ཡིན། སེམས་ཅན་ཐམས་ཅད་བདག་གི་མ་ནམ་བྱས་རེས་ཀྱིས་དྲིན་གྱིས་བསྐྱངས་བ་ཤ་སྟག་ཡིན་པས། དྲིན་གཟོ་བྱེད་པ་སུ་ལ་བབས་ན་བདག་ལ་བབས། དེ་ན་སེམས་ཅན་འདི་དག་གི་དོན་སྒྲུབ་པ་ལ་རྐྱེན་བཟང་ངན་ཅི་ཞིག་ཐོག་ཏུ་བབས་ཀྱང་བདག་གིས་བཟོད་པར་བྱས་ཏེ། གཞན་གྱི་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་གྱི་དྲངས་པའི་སེམས་བསྐྱེད་དགོས། རྒྱུ་འབྲས་མན་ངག་བདུན་དང་བདག་གཞན་མཉམ་བརྗེ་སྟེ། དེ་གཉིས་གང་གི་སྒོ་ནས་སེམས་བསྐྱེད་ཀྱང་སངས་རྒྱས་ཐོབ་འདོད་ཙམ་གྱིས་མི་ཆོག་པར། གཞན་དོན་དུ་སངས་རྒྱས་ཐོབ་འདོད་དགོས། དེས་སྐྱེ་བ་ལ་གཞན་དོན་དོན་གཉེར་གྱི་བློ་དང་། དེ་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་འདོད་པའི་སྙིང་རྗེ་དང་། བདེ་བ་དང་ལྡན་འདོད་ཀྱི་བྱམས་པ། དེ་གཉིས་ཚོགས་པའི་ལྷག་བསམ་དེས་གཞན་དོན་དོན་གཉེར་གྱི་བསམ་པ་སྒྲུབ། གཞན་དོན་དོན་གཉེར་དངོས་ལྷག་བསམ་དང་། གཞན་གཉིས་ཡན་ལག་ཡིན། དེ་ལ་སེམས་ཅན་སྡུག་བསྔལ་གྱིས་མནར་ཚུལ་ཤེས་དགོས་པས། ཤུགས་དྲག་ཆུ་བོ་བཞི་ཡིན་རྒྱུན་གྱིས་ཁྱེར། ། བཟློག་དཀའ་ལས་ཀྱི་འཆིང་བ་དམ་པོས་བསྡམས། ། བདག་འཛིན་ལྕགས་ཀྱི་དྲ་བའི་སྦུབས་སུ་ཚུད། ། མ་རིག་མུན་པའི་སྨག་ཆེན་ཀུན་ནས་འཐིབས། ། མུ་མེད་སྲིད་པར་སྐྱེ་ཞིང་སྐྱེ་བ་རུ། ། སྡུག་བསྔལ་གསུམ་གྱིས་རྒྱུན་ཆད་མེད་པར་མནར། ། གནས་སྐབས་འདི་འདྲར་གྱུར་བའི་མ་རྣམས་ཀྱི། ། ངང་ཚུལ་བསམ་ནས་སེམས་མཆོག་བསྐྱེད་པར་མཛོད། ། ཞེས་གསུངས། ཆུ་བོ་བཞི་ནི་སྐྱེ་རྒ་ན་འཆི་བཞི། རང་བཅག་རྣམས་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་སྐྱེ་འཆི་སོགས་ལ་བརྟེན་ནས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་ཡང་ཡང་མནར་བ་དང་ལས་བཟློག་དཀའ་བས། བཅོམ་ལྡན་འདས་ཀྱིས་ལས་ཀྱི་རྣམ་པར་སྨིན་པ་ནི་མ་རྟོགས་སོ། ཞེས་གསུངས་པ། སྤྱིར་བཟློག་མི་ཐུབ་པ་མིན་ཡང་། ལས་ཀྱི་ངོ་བོ་ལས་འབྲས་བུ་མ་སྨིན་ན་བཟློག་ནུས། སྨིན་ན་འཕེན་པ་མ་རྫོགས་པར་སངས་རྒྱས་ཀྱིས་ཀྱང་། ལས་ཀྱི་ཤུགས་ནི་ཆུ་བོའི་རྒྱུན་དང་འདྲ། ཞེས་ལས་དབང་ཆུ་ཀླུང་དྲག་པོའི་རྒྱུན་བཞིན་བཟློག་དཀའ་བ་ལྟར་གསུངས། ལས་ཀྱི་འཆིང་བྱ་དམ་པོས་བསྡམས་ནས། རྐང་ལག་གཡོ་འདོད་ཀྱང་གཡོ་མི་ནུས་བྱ་བྱེད་ལས་ཀྱི་དབང་ལས་རང་དབང་མེད། བདག་འཛིན་ལྕགས་ཀྱི་དྲ་བར་དཔེ་བླངས་བ། རང་རེ་རྣམས་བྱ་བ་གང་བྱས་ང་དང་ངར་འཛིན་པའི་དབང་དུ་སོང་བ། གཡས་གཡོན་མདུན་རྒྱབ་གང་ལ་རེག་ཀྱང་ལྕགས་ཀྱི་དྲ་བ་ལས་མེད་པ་དང་འདྲ། མ་རིག་པ་མུན་པ་དང་། དེས་བླང་དོར་ལ་རྨོངས་པར་སྦྱར་ནས་བསམ་བློ་གཏོང་། དཔེར་ན། མི་ཞིག་གིས་ཡན་ལག་ཐག་པས་བཅིངས་ནས་ལྕགས་ཀྱི་དྲ་བར་བཅུག དེ་སྟེང་མུན་པ་འཐིབས། ཆུ་བོར་བསྐྱུར་ན་འགུལ་བསྐྱོད་གང་ཡིན་ནའང་ཐབས་མེད་ལ། གལ་ཏེ་ཆུ་ཀླུང་མེད་པའི་སྐམ་ས་དང་དཀར་གསལ་ཡོད་ནའང་ཐབས་ཀི་འདེབས་པ་ལྟ་བུའི་བྱེད་ལུགས་ཡོད་ཀྱང་དེ་འདྲ་མེད། མི་དེ་ཉི་མ་རེ་རེ་གཉིས་གཉིསལྟ་བུ་མ་ཡིན་པར་མཚམས་འཛིན་རྒྱུ་མེད་པས། འཁོར་བར་སྐྱེ་བ་གཅིག་ཙམ་མ་ཡིན་པར་ད་དུང་ཐུག་མེད་མེད་དུ་འཁྱམས་པ་སྡུག་བསྔལ་གྱི་གཞི། དེའི་སྟེང་སྡུག་བསྔལ་གསུམ་གྱིས་མནར་བ་དང་དེའི་སྟེང་ནད་དྲག་པོས་གདུང་བ་ལྟ་བུའི་ངང་ཚུལ་བསམ་ན། སྙིང་རྗེ་ཆེན་པོ་རང་དབང་མེད་པར་སྐྱེས་ཏེ་དེས་དྲངས་ནས་བྱང་ཆུབ་ཀྱི་སེམས་དང་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་དགོས་སོ། སྤྱིར་སེམས་བསྐྱེད་པའི་སྔོན་དུ་སྟོང་ཉིད་རྟོགས་པའང་ཡོད་མོད་ཀྱང་། རང་རེས་སེམས་བསྐྱེད་སྔོན་དུ་བཏང་ནས་ལྟ་བའི་དཔྱད་པ་བྱས་ན་ལྟ་བ་གནད་དུ་འགྲོ་བ་ཞིག་འོང་། ཞེས་གསུངས་ཡོད། དེས་ན་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས་ཆོག་པར་མི་འཛིན་པར། རང་རྒྱུད་ལྷན་སྐྱེས་ཀྱི་མ་རིག་པ་ངོས་བཟུང་སྟེ། དེ་འགོག་པ་ལ་ཡང་དག་པའི་ལྟ་བ་དགོས། ཡང་དག་པའི་ལྟ་བ་རང་རྒྱུད་ལ་མ་སྐྱེས་ན་བསམ་པ་བཟང་བ་ཙམ་ལས་གཞན་འཁོར་བ་ལས་སྒྲོལ་བའི་ནུས་པ་མེད་པས། སེམས་བསྐྱེད་ཀྱིས་རྩིས་ཟིན་པའི་ཡང་དག་པའི་ལྟ་བ་རང་རྒྱུད་ལ་ངེས་པར་བསྐྱེད་དགོས་པའི་རྒྱུ་མཚན་ནི། ༈ གནས་ལུགས་རྟོགས་པའི་ཤེས་རབ་མི་ལྡན་ན། ། ངེས་འབྱུང་བྱང་ཆུབ་སེམས་ལ་གོམས་བྱས་ཀྱང་། ། སྲིད་པའི་རྩ་བ་གཅོད་པར་མི་ནུས་བས། ། དེ་ཕྱིར་རྟེན་འབྲེལ་རྟོགས་པའི་ཐབས་ལ་འབད། ། ཞེས་གསུངས། དེ་ཡང་ཆོས་ཐམས་ཅད་ཀྱི་གནས་ལུགས་ཟབ་མོ་རྟོགས་པའི་ཤེས་རབ་མེད་པར་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་ལ་ཅི་ཙམ་གོམས་ཀྱང་འཁོར་བའི་རྩ་བ་བཟ

  • 顶