མདོ་འཛིན་པ་བཀྲ་ཤིས་དོན་འགྲུབ། ཉན་མཁན་རྣམ་པ་ལགས། དེ་རིང་གི་ང་ཚོའི་ལེ་ཚན་འདིའི་ནང་དུ་གདན་ཞུས་བྱས་པའི་སྐུ་མགྲོན་ནི། རྭ་རྒྱ་ཤེས་རིག་ནོར་བུའི་སློབ་གླིང་གི་དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཡིན། ངས་བསམ་ན་གངས་ཅན་ཁ་བའི་ལྗོངས་སུ་ཁོང་གི་མཚན་སྙན་ཕལ་ཆེར་གོ་མ་མྱོང་མཁན་ཡོད་རྒྱུ་མ་རེད་འདོད། རྒྱུ་མཚན་ཉེ་བའི་ལོ་ཤས་ཀྱི་རིང་འདིར་ངེད་ཅག་གི་སློབ་རའི་འགྱུར་ཁུགས་ཡིན་ནའང་འདྲ། ཡང་ན་རྒྱང་སྒྲོག་དང་། བརྙན་འཕྲིན། འོད་སྡེར། དུས་དེབ། ཚགས་པར་སོགས་ལེ་ཚན་དང་རྣམ་པ་མི་འདྲ་བ་གང་མང་ཞིག་གི་ཁྲོད་ནས་ཁོང་གིས་བོད་རིག་པ་ལས་བརྩམས་ཏེ་གསུང་བཤད་དང་རྩོམ་ཡིག་ཆེས་མང་བོ་ཞིག་གནང་བས་བོད་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཟབ་ཅིང་གདེང་འཇོག་ཆེན་པོ་གནང་བཞིན་ཡོད། དེའི་རྐྱེན་གྱིས་ཉན་མཁན་ཚང་མར་ཁོང་ལ་ཆ་རྒྱུས་ཆེན་པོ་ཡོད། ལྷག་པར་དུ་བོད་ཀྱི་དགོན་སྡེའི་སློབ་གསོའི་ཐད་ནས་བསམ་ན། ཁོང་ནི་ཆུང་དུས་ནས་དགོན་སྡེར་ཞུགས་ཏེ་གྲྭ་བ་བྱས་ཤིང་། བོད་རིག་པ་སྤྱི་དང་ཁྱད་པར་ནང་བསྟན་ཆོས་གཞུང་ལ་སྦྱང་བ་ཟབ་མོ་བྱས་པའི་ཤེས་ཡོན་པ་ཞིག་ཡིན། དེའི་རྐྱེན་གྱིས་བོད་ཀྱི་དགོན་སྡེའི་ཐད་ནས་ཁོང་ལ་བགྲོ་གླེང་གི་རྣམ་པས་དྲི་བ་རེ་ཞུས་ན། ང་ཚོར་འདང་རྒྱག་ས་དང་། བློ་བསྐྱེད་ངེས་ཅན་ཞིག་སྟེར་ཐུབ་པར་ང་ལ་ཡིད་ཆེས་ཟབ་མོ་ཡོད། དེས་ན་གཤམ་ནས་དེ་རིང་གི་བཀོད་སྒྲིག་ལྟར་ཁོང་ལ་ཁ་པར་ལམ་ནས་འབྲེལ་གཏུགས་བྱེད་རྒྱུ་ཡིན།
མདོ་འཛིན་པ། ༼ཁ་པར་ལམ་ནས།༽ དགེ་རྒན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས། བདེ་མོ་ཡིན་ནམ།
ལྡོང་ཡོན་ཏན་རྒྱ་མཚོ། བདེ་མོ་ཡིན། བདེ་མོ་ཡིན། མདོ་འཛིན་པ་བདེ་མོ་ཡིན་ནམ།
མདོ་འཛིན་པ། བདེ་མོ་ཡིན་ལགས། དེ་རིང་ཡང་རྒན་ལགས་ཀྱི་བྱ་བའི་བྲེལ་ཟིང་གི་ཀློང་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་སློབ་རའི་འགྱུར་ཁུགས་ལེ་ཚན་གྱི་གཟའ་ཕུར་བུའི་ཉིན་གྱི་སློབ་གསོའི་བགྲོ་གླེང་གི་གླེང་སྟེགས་ཀྱི་ཐད་གཏོང་ལེ་ཚན་འདིར་ཞུགས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། ལྡོང་ཡོན་ཏན་རྒྱ་མཚོ། ཡ་ཡ། བཀའ་དྲིན་ཆེ། ཁྱེད་རྣམ་པས་བོད་ཀྱི་སློབ་གསོའི་བྱ་བཞག་གི་ཆེད་དུ་སྔར་ལས་ལྷག་པར་འབད་བརྩོན་བྱས་ཏེ། སློབ་གསོའི་སྐོར་གྱི་ལེ་ཚན་འདིའི་དུས་ཚོད་ཇེ་རིང་དུ་བཏང་ཞིང་། ཕྱོགས་གང་ཐད་ནས་སྣ་འཛོམས་རང་བཞིན་ཅན་ཞིག་ཏུ་བསྒྱུར་འདུག་པས། ངས་ཁྱེད་འགོ་འཛིན་པ་དང་འབྲེལ་ཡོད་ལས་ཞུགས་མི་སྣ་ཡོངས་ལ་ཐུགས་རྗེ་ཆེ་ཞུས་པ་ཡིན།
མདོ་འཛིན་པ། རེད། ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། དེ་ནི་ང་ཚོས་བསྒྲུབ་འོས་པའི་དོན་དག་ཅིག་རེད། དེ་རིང་བཀོད་སྒྲིག་བྱས་ཡོད་པའི་གླེང་གཞི་ནི། བོད་ཀྱི་དགོན་སྡེའི་སློབ་གསོའི་ཆ་རེད། བོད་ཀྱི་དགོན་སྡེའི་སློབ་གསོས་བོད་པའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཟིན་ཡོད་པས། དེའི་འཕེལ་རིམ་དང་དགེ་མཚན་སོགས་ནི་རིག་གནས་སློབ་མཁན་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་ཤེས་དགོས་པ་ཞིག་རེད། དེའི་ཕྱིར་དགེ་རྒན་ཁྱེད་ཀྱིས་ཐོག་མར་རྒྱ་ཆེའི་གསན་མཁན་རྣམས་ལ་བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་ནས་ཁ་བརྡ་ཞིག་བྱས་ན་ཇི་འདྲ་རེད།
ལྡོང་ཡོན་ཏན་རྒྱ་མཚོ། རེད། རེད། ང་ལ་མཚོན་ན་མདོ་འཛིན་པས་བཤད་པ་ལྟར་ཆུང་དུས་ནས་བཟུང་སྟེ་བོད་ཀྱི་དགོན་སྡེའི་ཁྲོད་དུ་སོང་ནས་དེའི་སློབ་གསོའི་མཛེས་སྡུག་གི་འོག་ནས་ནར་སོན་ཞིང་མི་ཚེའི་སྙིང་བོ་འཚོལ་བའི་གྲྭ་རྐྱང་དཀྱུས་མ་ཞིག་ཡིན། འོན་ཀྱང་རིག་གནས་ཡོན་ཏན་སོགས་གང་གི་ཆ་ནས་བསམ་ཡང་གོང་དུ་མདོ་འཛིན་པས་མཚམས་སྦྱོར་བྱས་པ་ལྟ་བུའི་ཡ་མཚན་པའི་ལྟ་རྒྱ་ཐོས་རྒྱ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ཅན་ཞིག་མ་ཡིན་མོད། རང་གི་མི་ཚེའི་བརྒྱུད་རིམ་དེ་བོད་ཀྱི་དགོན་སྡེའི་ཁྲོད་ནས་བརྒྱུད་ཡོང་བ་ཞིག་ཡིན་པའི་ཆ་ནས་རང་གི་མཐོང་ཐོས་མྱོང་གསུམ་དང་འབྲེལ་བའི་བསམ་ཚུལ་ཕྲན་བུ་རེ་བརྗོད་ན་མི་ཆོག་རྒྱུ་མེད། སྤྱིར་བཤད་ན། དེ་རིང་གི་བགྲོ་གླེང་འདི་ཧ་ཅང་གལ་ཆེ་བའི་བགྲོ་གླེང་ཞིག་རེད། བགྲོ་གླེང་འདི་དང་འབྲེལ་ཏེ་འུ་ཅག་བོད་ཀྱི་དགོན་སྡེའི་སློབ་གསོའི་ཕྱོགས་ལ་དྲང་ལྡོག་གཉིས་ཆ་ནས་དོ་སྣང་བྱེད་མཁན་མང་བོ་ཞིག་གིས་བསམ་གཞིག་ཞིབ་མོ་དང་གཟུ་བོར་གནས་པའི་བློ་གྲོས་ཀྱིས་འདོར་ལེན་ཅི་དགོས་བྱེད་ཐུབ་པའི་ཆ་རྐྱེན་ཞིག་ཏུ་འགྱུར་ཐུབ་ན་ཕུན་སུམ་ཚོགས་པ་རེད། འོན་ཀྱང་། ངའི་ཁ་བརྡ་འདི་ནི་ང་གཅིག་པུའི་བསམ་ཚུལ་ཙམ་ཡིན་པས་འདིས་བོད་ཀྱི་དགོན་སྡེའི་སློབ་གསོའི་ངོ་བོ་དང་གནད་དོན་ངོ་མ་དེ་བཤད་ཐུབ་པའི་ངེས་པ་གཏན་ནས་མེད། འདོར་ལེན་གང་དགོས་རང་རང་གི་བློ་གྲོས་ཀྱི་རྩལ་ལ་ཐུག་ཡོད་ཅེས་ཐོག་མར་ཞུ་འདོད་བྱུང་།
མདོ་འཛིན་པ། རེད། རེད། ཐུགས་རྗེ་ཆེ།
ལྡོང་ཡོན་ཏན་རྒྱ་མཚོ། དེ་རིང་མདོ་འཛིན་པའི་དྲི་གཞི་ནི་བོད་ཀྱི་དགོན་སྡེའི་སློབ་གསོའི་སྐོར་རེད། དེས་ན། ཐོག་མར་དགོན་པ་དང་། སློབ་གསོ་ཞེས་པ་ལ་གོ་བ་རགས་ཙམ་རྙེད་དགོས་པར་སྙམ། སྤྱིར་དགོན་པ་ཞེས་པ་ནི་མི་མེད་ས་སྟོང་གི་མིང་སྟེ་འབྲོག་དགོན་པའི་དོན་ཡིན་ཡང་། སྐབས་འདིར་གྲོང་ཁྱེར་དང་གྲོང་གསེབ་དག་ལས་རྒྱང་གྲགས་གཅིག་སྟེ་གཞུ་འདོམ་ལྔ་བརྒྱས་ཆོད་པའི་དགེ་འདུན་པའི་འདུ་གནས་ལ་གོ་དགོས། མིང་གི་རྣམ་གྲངས་ལ་ཀློག་གྲྭའི་གནས་དང་། མཁས་གནས། ཆོས་ཀྱི་གྲོང་བརྡལ། ཆོས་ཀྱི་འདུན་ས། བདུད་རྩིའི་ཁང་། དབེན་པའི་གནས། ཞི་བའི་གྲོང་། བསམ་གཏན་ཁང་སོགས་མང་བོ་ཡོད། དེ་ནས་སློབ་གསོ་ཞེས་པ་ནི། འཇིག་རྟེན་ཁམས་ཀྱི་ཤེས་བྱ་རིག་གནས་དང་ཡ་རབས་གོམས་སྲོལ། བསམ་བློའི་འཛིན་སྟངས་ལེགས་པའི་སྐོར་སོགས་ལེགས་པར་སློབ་པའི་ཐབས་ལམ་ཁྱད་པར་བ་ཞིག་ལ་བརྟེན་ནས་མི་ཞིག་གི་མི་ཚེ་གང་ངམ་དུ་མར་༼ཟུར་མཆན། ད་ལྟ་བོད་ཀྱི་མཁས་པ་མང་བོས་བོད་ཀྱི་སློབ་གསོ་ནི་མི་ཚེ་ཕྲེང་བརྒྱུད་ཀྱི་སློབ་གསོ་ཡིན་ཞེས་བརྗོད་ཀྱིན་ཡོད་དེ་དོན་དངོས་སུའང་དེ་ལྟར་གྲུབ་ཡོད།༽ལུས་ངག་ཡིད་གསུམ་དང་འབྲེལ་བའི་བྱ་སྤྱོད་དང་བསམ་ཚུལ་བཅས་ལ་ཕན་བསྐྱེད་སྟེར་བ་དང་མི་འདང་སར་ཁ་གསབ་པ། མི་འགྲིག་སར་བསྒྱུར་བཅོས་གཏོང་བྱེད་ཅིག་ལ་གོ་བ་ལེན་དགོས་པར་སྙམ། དེ་ལྟའི་སློབ་གསོ་དེར། སློབ་གྲྭ་ཁག་མི་འདྲ་བ་སོ་སོ་ལ་དམིགས་ཡུལ་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་བསམ་བློ་ཀུན་སྤྱོད་དང་ཤེས་རིག་ཡོན་ཏན་སྤེལ་ཏེ་ཚད་གཞི་དང་ལྡན་པར་སྐྱེད་སྲིང་བྱེད་པའི་སློབ་གྲྭའི་སློབ་གསོ་དང་། སྤྱི་ཚོགས་འཚོ་བའི་འཕོ་འགྱུར་དང་སྣང་ཚུལ་སྣ་ཚོགས་ལ་བརྟེན་ཏེ་མིའི་རིགས་ཀྱི་ལུས་སེམས་ལ་ལེགས་ཕྱོགས་ནས་བསྒྱུར་བཅོས་དང་འཕེལ་ཤུགས་སྣོན་པའི་སྤྱི་ཚོགས་སློབ་གསོ། སློབ་གྲྭའི་སློབ་གསོ་དང་སྤྱི་ཚོགས་སློབ་གསོ་གཉིས་ཀྱི་རྨང་གཞི་དང་སྤྱིར་མི་ཞིག་གི་རྒྱུན་རིང་སློབ་གསོའི་གཞི་རྩར་གྲུབ་པ་སྟེ། ཁྱིམ་ཚང་རེ་རེའི་ཕ་མ་ཚོའི་རྒྱུན་རིང་འཚོ་བའི་ཉམས་མྱོང་སྟེང་ནས་རང་རང་གི་བུ་དང་བུ་མོར་སློབ་གསོའི་ཐབས་ལམ་སྣ་ཚོགས་སྤྱད་དེ་ལུས་སེམས་སྐྱོན་གྱིས་མ་གོས་པར་སྐྱེད་སྲིང་བྱེད་ཐབས་ཀྱི་ཁྱིམ་ཚང་སློབ་གསོ་ཞེས་རིགས་མི་འདྲ་བ་གསུམ་དུ་དགར་སྟངས་འདི་ཕལ་ཆེར་འཛམ་གླིང་སྤྱི་འགྲོས་ཀྱིས་བཤད་སྟངས་ཤིག་ཡིན་ཚོད་རེད་འདུག དེས་ན་དགོན་སྡེའི་སློབ་གསོ་ཟེར་བ་འདི་ཕལ་ཆེར་རང་ཅག་གི་མི་རབས་འདིར་གསར་བྱུང་གི་ཐ་སྙད་ཅིག་རེད། འོན་ཀྱང་དགོན་སྡེའི་སློབ་གསོ་ནི་རང་ཅག་ལ་གནའ་སྔ་མོ་ནས་ཁྱད་དུ་འཕགས་ཤིང་འཐུས་ཚང་བ་ཞིག་ཡོད། དགོན་པ་ནི་དོན་གྱིས་སློབ་གྲྭ་ཡིན་ལ། དགོན་སྡེར་བཞུགས་པའི་དགེ་འདུན་པ་རྣམས་ཀྱང་འགྲོ་བ་མིའི་སྤྱི་ཚོགས་ལས་ཡན་གར་བ་ཞིག་མ་རེད། དགེ་འདུན་པ་རེ་རེའི་གྲྭ་ཤག་ལ་ཁྱིམ་ཚང་ཞེས་པའི་དོན་མི་ཚང་མོད་གྲྭ་ཤག་ལའང་གྲྭ་ཤག་གི་སློབ་གསོ་ཡོད་པས། དོན་གྱིས་གོང་གི་སློབ་གསོའི་རིགས་གསུམ་ལས་མ་འདས་པར་སེམས་མོད། སློབ་གསོའི་ངོ་བོའི་ཆ་ནས་ཁྱིམ་པའི་སློབ་གསོ་དང་ཁྱད་པར་ཆེན་པོ་ཡོད་ལ། ལོ་རྒྱུས་ཀྱི་རང་བཞིན་དང་། སྒེར་ཚུགས་ཀྱི་རང་བཞིན། མི་རིགས་ཀྱི་རང་བཞིན། ཐུན་མིན་བློ་རྩལ་གྱི་རང་བཞིན། རྒྱུན་མཐུད་ཐུབ་པའི་རང་བཞིན། མ་བཅོས་ཟོལ་མེད་ཀྱི་རང་བཞིན། ཁྱབ་ཆེ་བའི་རང་བཞིན། ཀུན་སྤྱོད་ལས་བསམ་བློ་གཙོ་བའི་རང་བཞིན། ཡིད་ཆེས་ལས་དཔྱད་པ་དང་རིགས་པ་གཙོ་བའི་རང་བཞིན་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་དུ་མ་ཞིག་ཡོད་པ་མངོན་སུམ་ལྟོས་གྲུབ་ཡིན་པས། དགོན་སྡེའི་སློབ་གསོ་ཞེས་ལོགས་སུ་བཀར་ཏེ་གླེང་ནའང་མི་འགྲིག་པ་ཅི་ཡང་མེད། ཡང་བོད་ཀྱི་དགོན་སྡེའི་སློབ་གསོ་ཞེས་གླེང་ཚེ་ནང་ཆོས་ཀྱི་སློབ་གསོ་གཅིག་པུ་མ་ཡིན་པར་བོན་ཆོས་ཀྱི་སློབ་གསོ་ཞེས་ངོ་མཚར་འབུམ་གྱིས་ཕྱུག་ཅིང་ཐུན་མིན་དགེ་མཚན་དང་ལྡན་པ་ཞིག་ཡོད་པ་དེ་ཡང་ཁས་ལེན་དགོས་པར་མ་ཟད། དེའི་ངོ་བོ་དང་བྱུང་འཕེལ་སོགས་ཀྱང་གླེང་དགོས་མོད། ང་ལ་མཚོན་ན་བོན་ཆོས་ཕྱོགས་སུ་ཆ་རྒྱུས་དེ་འདྲ་མེད་ཅིང་དེ་རིང་ངེད་གཉིས་ལ་དུས་ཚོད་ཀྱིས་ཀྱང་ཚད་བཀག་ཡོད་པས། ངས་འདིར་ནང་ཆོས་ཀྱི་སློབ་གསོ་དང་། དེ་ལས་ཀྱང་བོད་བརྒྱུད་ནང་བསྟན་གྱི་སློབ་གསོའི་སྐོར་ནས་མདོ་ཙམ་གླེང་ཆོག་པ་གྱིས།
མདོ་འཛིན་པ། རེད། རེད། དེ་ཆོག་གི་ལགས།
ལྡོང་ཡོན་ཏན་རྒྱ་མཚོ། ངས་གོང་དུ་བཤད་པ་ལྟར་དགོན་པ་ཞེས་པ་དགེ་འདུན་པའི་འདུ་གནས་ལ་གོ་ཡང་འདིར་དགོན་པའི་སློབ་གསོ་ཞེས་པའི་ཚེ་དོན་གྱིས་དགེ་འདུན་པའི་སློབ་གསོའམ་ཡང་ན་ཆོས་ཀྱི་སློབ་གསོ་ལ་གོ་དགོས་པར་འདུག སྤྱིར་ནང་ཆོས་ནི་དགེ་འདུན་པ་ཁོ་ནའི་སྒེར་ཆོས་ཤིག་ག་ལ་ཡིན་ཏེ་མ་ཡིན་མོད། དགེ་འདུན་པ་རྣམས་ནང་ཆོས་ཀྱི་ཆེད་སྦྱོང་བ་ལྟ་བུ་ཡིན་པས་རེ་ཞིག་དགེ་འདུན་པའི་སློབ་གསོ་ཞེས་གོ་བ་བླངས་ཀྱང་མི་འགྲིག་པ་མེད། འོ་ན། དགེ་འདུན་པའི་སློབ་གསོའམ་ཡང་ན་ཆོས་ཀྱི་སློབ་གསོ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་ཅི་རིགས་ཀྱིས་བསྡུས་པའི་ཤེས་པར་བྱ་བ་དེ་ནང་དོན་རིག་པའི་མཚན་ཉིད་དམ་ངོ་བོ་ཡིན་ལ། བསྟན་པ་འདིའི་དབང་དུ་བྱས་ན། གནས་བརྟན་སྡེ་བའི་ལུགས་གཞིར་བཞག་ཚེ་སྤྱི་ལོ་སྔོན་གྱི་ལོ ༥༨༩ བ་སྟེ་མཉམ་མེད་ཤཱཀྱའི་རྒྱལ་བོའི་དགུང་གྲངས་སོ་ལྔ་བར་མངོན་པར་རྫོགས་པར་སངས་རྒྱས་པ་ནས་མི་ལོ་ཞེ་ལྔའི་རིང་ལ་བཀའ་དང་བོ་བདེན་བཞིའི་ཆོས་འཁོར་དང་། བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར། བཀའ་ཐ་མ་ལེགས་ཕྱེས་ཀྱི་ཆོས་འཁོར་བཅས་ཆོས་འཁོར་རིམ་པ་གསུམ་བསྐོར་ཞིང་། བསྡོམས་ན་ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་གསུངས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་དོན་ཐམས་ཅད་ཚུར་བསྡུ་ན་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུ་སྟེ། དེ་ནི་སློབ་དཔོན་སེང་གེ་བཟང་བོས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན་སྙིང་བོའི་རྒྱན་ལས། མདོ་སྡེ་དབྱངས་སྙན་ལུང་དུ་བསྟན། །ཚིགས་བཅད་ཆེད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་ཏུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་དབབ་པའི་སྡེ། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་དག་ཀྱང་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་ཁོ་ནར་འདུ་ཞིང་། སྡེ་སྣོད་གསུམ་ཡང་མདོ་སྔགས་གཉིས་ལས་མ་འདས་ཏེ། མདོ་ཕྱོགས་ནི་གཞུང་བཀའ་པོད་ལྔ་དང་སྔགས་ཕྱོགས་ནི་རྒྱུད་སྡེ་བཞིས་གཏན་ལ་འབེབ་ཅིང་དེར་འདུ་བ་ཡིན་ནོ། །དེ་ལྟར་ལུང་རྟོགས་གཉིས་ཀྱིས་བསྡུས་པའི་དམ་པའི་ཆོས་ལ་སྦྱངས་པ་གཤིས་ཕྱིན་པར་བྱས་ན་མི་གཞི་ཀུན་སྤྱོད་དང་། ཁྱད་པར་དུ་ནང་སེམས་ཁམས་ལ་བཟང་ཕྱོགས་ནས་ཕན་བསྐྱེད་དང་ལེགས་བཅོས་བླ་ན་མེད་པ་བྱེད་ཐུབ་པར་མ་ཟད། དབུགས་ལྡན་སྐྱེ་འགྲོ་ཡོངས་ལ་འདྲ་མཉམ་དུ་བལྟ་ཞིང་ཕན་སེམས་བསྐྱེད་པ་ནི་ནང་ཆོས་ཀྱི་སློབ་གསོའི་བྱེད་ལས་སམ་ཁྱད་ཆོས་ཡིན་ཏེ། ཆོས་གཞུང་དག་ཏུ། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་དང་། བཞི་བརྒྱ་བ་ལས། ཆོས་ནི་མདོར་ན་མི་འཚེ་བ། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་དང་། འཇམ་མགོན་བླ་མའི་ཞལ་ནས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་པས། །རྟག་པར་བསམ་པ་དག་ལ་འབད་པར་བྱ། །ཞེས་དང་། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་གསུངས་ཏེ་འདི་དག་གིས་ནང་ཆོས་ཀྱི་སློབ་གསོའི་ངོ་བོ་དང་བྱེད་ལས་ཁྱད་ཆོས་སོགས་གསལ་བོར་བསྟན་ཡོད་པར་སྙམ། དེ་ཡང་། སྡིག་པ་ཅི་ཡང་མི་བྱ་བ་ཞེས་པ་ནི་ལུས་ཀྱི་སྒོ་ནས་སྲོག་མི་གཅོད་པ། མ་བྱིན་པ་མི་ལེན་པ། མི་ཚངས་པ་མི་སྤྱོད་པའམ་འདོད་ལོག་མི་སྤྱོད་པ། རྫུན་དང་ཕྲ་མ། ཚིག་རྩུབ། ངག་བཀྱལ་མི་བཤད་པ། བརྣབ་སེམས། གནོད་སེམས། ལོག་ལྟ། ཞེ་སྡང་། ཁོང་ཁྲོ་མི་བསྐྱེད་པ་སོགས་སྨད་པར་འོས་པའི་བྱ་སྤྱོད་དང་། བསམ་བློ་ངན་པའི་རིགས་དོར་བའི་སྟེང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད་པ་སྟེ་འཇིག་རྟེན་གྱི་ཡ་རབས་ཀུན་སྤྱོད་དང་། གཞན་ཕན་གྱི་བྱ་བཞག་ལ་སོགས་པ་ཅི་ནུས་ཀྱིས་ཉམས་སུ་བསྟར་བ། ཐོག་མ་མེད་པ་ནས་རང་སེམས་ཀྱི་དབང་དུ་སོང་ཞིང་། སེམས་ཉོན་མོངས་པའི་དབང་དུ་སོང་བའི་ཚུལ་ལེགས་པར་ངོས་ཟིན་པར་བྱས་ནས། དམ་པའི་ཆོས་དང་མཐུན་པར་རང་གི་སེམས་འདུལ་སྦྱོང་ལེགས་པོའི་སྒོ་ནས་སྐྱེས་བུ་གསུམ་གྱི་ལམ་ལ་རིམ་པར་སློབ་པའམ། ཐེག་པ་ཆེ་ཆུང་། ཐེག་པ་ཆེན་པོ་ལའང་རྒྱུ་ཕ་རོལ་ཏུ་ཕྱིན་པ་དང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ། ཐེག་པ་གསུམ་གྱི་དབང་དུ་བྱས་པའི་ལམ་ལྔ་གསུམ་བཅོ་ལྔ། ཐེག་ཆེན་གྱི་དབང་དུ་བྱས་པའི་ས་བཅུའི་རྣམ་བཞག་སོགས་རང་རྒྱུད་ལ་ཉམས་སུ་བསྟར་ཅི་ཐུབ་བྱེད་པ་ནི་སངས་རྒྱས་ཀྱི་རྟོགས་པའི་བསྟན་པའམ་ནང་ཆོས་ཀྱི་སློབ་གསོ་རང་རྒྱུད་ལ་སྦྱོར་བའི་ཚུལ་ཡིན་པར་འདུག ནང་ཆོས་ཀྱི་སློབ་གསོ་ནི་ཚེ་འདི་ཕྱི་གཉིས་ལས་ཕྱི་མ་གཙོ་བོ་དང་། རང་གཞན་གཉིས་ལས་གཞན་གཙོ་བོར་འཛིན་པའི་སློབ་གསོ་ཞིག་ཡིན་པས། ཕན་བཏགས་མ་བཏགས་དང་ལན་ལ་རེ་བ་མེད་པར་བཅོས་མ་མིན་པའི་ཀུན་སློང་རྣམ་དག་ཅིག་གིས་སེམས་ལྡན་ཡོད་དོ་ཅོག་ལ་བྱམས་དང་སྙིང་རྗེས་ཀུན་ནས་བསླངས་ཏེ་གནས་སྐབས་དང་མཐར་ཐུག་གི་ཕན་པ་སྟེར་ཅི་ཐུབ་བྱེད་པ་ཞིག་སྟེ། རང་གི་རྒྱལ་ཁབ་བམ་མི་རིགས། རང་གི་ཆོས་རྒྱུད་དམ་གྲུབ་མཐའ། མིའི་རིགས་ཙམ་སོགས་ལ་དམིགས་པའི་བསམ་པ་ཕྱོགས་རིས་པ་ཞིག་ཀྱང་མ་ཡིན་ལ། ཆོས་ཀྱི་སྒོ་དང་རྣམ་གྲངས་མཐའ་ཡས་པས་གསུངས་ཤིང་སློབ་མོད། མཐར་གཏུགས་ན། དེ་དག་ཐམས་ཅད་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་བསྐྱེད་ཅིང་ཆོས་ཀྱི་གནས་ལུགས་མཐར་ཐུག་པ་དེ་གཏན་ལ་དབབ་པའི་ཐབས་སུ་འཁྱེར་ཞིང་བཀོལ་བ་ཞིག་སྟེ། ད་ལྟ ༧ གོང་ས་རྒྱལ་བའི་དབང་བོ་སོགས་ཀྱིས་ཡང་ཡང་གསུང་བཞིན་པ་ལྟར། མདོར་བསྡུས་དང་སྡོམ་ཚིག་རང་བཞིན་གྱིས་བརྗོད་ན། ནང་ཆོས་ཀྱི་སློབ་གསོའི་ལྟ་བ་རྟེན་འབྱུང་དང་། སྤྱོད་པ་འཚེ་བ་མེད་པ་ཡིན་འདུག་སྟེ། རྟེན་འབྱུང་གི་སྐོར་ལ། རྟེན་འབྲེལ་བསྟོད་པ་ལས། དེ་ཕྱིར་ཁྱོད་ཀྱི་བསྟན་པ་ལ། །རྟེན་འབྱུང་མཐོང་བ་ལེགས་པར་བསྔགས། །དེ་ཡང་ཀུན་ཏུ་མེད་པ་དང་། །རང་བཞིན་གྱིས་ནི་ཡོད་པས་མིན། །ལྟོས་མེད་ནམ་མཁའི་མེ་ཏོག་བཞིན། །དེས་ན་མ་བརྟེན་ཡོད་མ་ཡིན། །ངོ་བོས་གྲུབ་ན་དེ་འགྲུབ་པ། །རྒྱུ་དང་རྐྱེན་ལ་ལྟོས་པ་འགལ། །དེ་ཕྱིར་བརྟེན་ནས་འབྱུང་བ་ལས། །མ་གཏོགས་ཆོས་འགའ་ཡོད་མིན་པས། །རང་བཞིན་གྱིས་ནི་སྟོང་བ་ལས། །མ་གཏོགས་ཆོས་འགའ་མེད་པར་གསུངས། །ཞེས་དང་། ནང་བའི་ལྟ་སྤྱོད་ཀུན་བཏུས་ལས། སྟོང་ཉིད་ཅེས་པ་རྟེན་འབྲེལ་གྱི་དོན་ཡིན་པའི་རྒྱུ་མཚན་གྱིས་ཡིན། ཆོས་རྣམས་རྟེན་འབྲེལ་ཡིན་པའི་དབང་གིས་དེ་རྣམས་རྐྱེན་ལ་ལྟོས་ཏེ་འཕེལ་འགྲིབ་བྱེད་ཀྱིན་ཡོད། འདི་ཡི་ཚུལ་ལས་རྒྱུ་དང་འབྲས་བུ་གཉིས་འཐད་ཅིང་འཇོག་ཐུབ་པ་ཡིན། རྒྱུ་དང་འབྲས་བུ་གནོད་པ་མེད་པར་འཇོག་ཐུབ་པ་ན། འབྲས་བུ་ངན་པ་སྡུག་བསྔལ་ལྟ་བུ་དེའི་རྒྱུ་ངན་པ་རྣམས་སྤོང་བའི་སྒོ་ནས་མེད་པར་བཟོ་ཐུབ་པ་དང་། འབྲས་བུ་བཟང་བ་བདེ་སྐྱིད་ལྟ་བུ་དེའི་རྒྱུ་བཟང་བོ་རྣམས་སྒྲུབ་པ་ལས་ཡོང་བར་འཇོག་ཐུབ། དེ་ལས་ལྡོག་སྟེ་གལ་ཏེ་ཆོས་རྣམས་རང་དབང་དུ་གྲུབ་ཡོད་ན་དེ་རྣམས་གཞན་ལ་མ་བརྟེན་པར་འགྱུར་བ་དང་། གཞན་ལ་མ་བརྟེན་པ་ཡིན་ན་རྒྱུ་དང་འབྲས་བུ་ཡོང་མི་སྲིད་པ་ཡིན། དེས་ན་རྟེན་འབྱུང་འཐད་ན་རྒྱུ་འབྲས་འཇོག་ནུས་ཤིང་། རྟེན་འབྱུང་མི་འཐད་ན་རྒྱུ་འབྲས་ཡོང་མི་ཤེས། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་བ་ཡིན་པའི་སྒྲུབ་བྱེད་མཐར་ཐུག་ནི། དེ་རྣམས་རྒྱུ་དང་རྐྱེན་ལ་བརྟེན་པ་ཙམ་དེ་ཡིན། སྐྱེ་བོ་རྣམས་ཀྱིས་ལྟ་བ་འདི་ལེགས་པར་མ་གོ་བ་ལ་བརྟེན་པའི་འཁྲུལ་བའི་དབང་གིས། ཆོས་རྣམས་སྟོང་བ་ཡིན་པའི་རྒྱུ་མཚན་གྱིས་བཟང་ངན་དང་རྒྱུ་འབྲས་སོགས་མེད་པར་སེམས་པ་འདི་ནི་མཐའ་གཅིག་ཏུ་ལོག་པ་ཡིན། རྒྱུ་འབྲས་འཇོག་ཐུབ་པ་དང་། དེ་ལ་ཡིད་ཆེས་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ཞེས་དང་། སྤྱོད་པའི་སྐོར་ལ། ཆོས་གཞུང་དག་ཏུ། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་བྱེད་ཅིག །ཅེས་དང་། ནང་བའི་ལྟ་སྤྱོད་ཀུན་བཏུས་ལས། ནང་བའི་ཆོས་ཀྱི་སྙིང་བོ་ནི། སྙིང་རྗེ་དང་བྱམས་པ་ལ་བརྟེན་པའི་བྱང་ཆུབ་ཀྱི་སེམས་དེ་ཡིན། ཞེས་གསུངས་པ་ལྟར་ཏེ། འདི་དག་གིས་དགོན་སྡེའི་སློབ་གསོའམ་ནང་ཆོས་ཀྱི་ངོ་བོ་མདོར་བསྡུས་ཤིག་ཤེས་ཐུབ་སྙམ། ཞིབ་རྒྱས་ཤིག་དུས་ཚོད་ཀྱིས་མི་འདང་ལ་ངས་ཀྱང་བཤད་མི་ཤེས། འདི་ལྟར་བསམ་ན། དེ་རིང་གི་གླེང་གཞི་འདི་ནི་ངོ་མ་གླེང་རིན་ཡོད་པ་ཞིག་ཡིན། སྤྱིར་བོད་ཀྱི་དགོན་སྡེ་ནི་བོད་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་དང་། བོད་ཀྱི་དགོན་སྡེའི་རིག་གནས་ནི་བོད་རིག་པའི་ཉིང་བཅུད་དང་སྲོག་ལྟ་བུར་གྲུབ་ཡོད། དེ་ལྟར་མ་ཟད་ད་སྐབས་འཛམ་གླིང་སྤྱིའི་རིག་གནས་ལ་ཤུགས་རྐྱེན་ཆེ་ཞིང་གཟུར་གནས་མཁས་པ་མང་བོས་ཧ་ཅང་དོ་སྣང་བྱེད་བཞིན་པའི་སྒང་ཞིག་རེད། དེས་ན། བོད་པ་ཞིག་ཡིན་ཕྱིན་ནང་ཆོས་ལ་དད་པ་ཡོད་མེད་དེ་རང་དོན་ཡིན་པས་རང་གིས་ཐག་གཅོད་ཆོག་ཀྱང་། གཟི་འོད་འཕྲོ་བའི་རིག་གནས་ཤིག་ཡིན་པའི་ཆ་ནས་དེའི་རིན་ཐང་ཤེས་པར་བྱེད་རྒྱུ་དང་། སྲུང་སྐྱོབ། གཙིགས་འཛིན། ཞིབ་འཇུག རྒྱུས་ལོན། ཁྱབ་སྤེལ་སོགས་ལ་འབད་ཅིང་བརྩོན་རྒྱུ་ནི་ཧ་ཅང་གལ་ཆེ་བར་སྙམ་སྟེ། ང་ནི། བོད་ཀྱི་དགོན་སྡེའི་སློབ་གསོའི་དར་རྒུད་ནི་བོད་རིག་པའི་དར་རྒུད་དང་ཐད་གར་འབྲེལ་བ་ཡོད་པ་ཞིག་དང་། བོད་རིག་པའི་དར་རྒུད་དེ་འཛམ་གླིང་ཞི་བདེ་འབྱུང་མིན་ལའང་དངོས་ཤུགས་བརྒྱུད་གསུམ་ནས་འབྲེལ་བ་ཡོད་པ་ཞིག་རེད་སྙམ་མཁན་དང་དེ་ལྟར་རྒྱུན་དུ་གཞན་ལ་བརྗོད་མཁན་ཞིག་ཀྱང་ཡིན། སེམས་ཅན་རྣམས་ཀྱི་ཁམས་དང་མོས་པ་མི་འདྲ་བས་ངས་ནང་ཆོས་ཀྱི་སློབ་གསོ་འདི་མི་སུ་ཡིན་ཡང་སེམས་ཀྱི་གསོས་སྨན་དུ་འགྱུར་ངེས་ཞེས་ཐག་གཅོད་མི་ཐུབ་ཀྱང་། ནང་ཆོས་རང་ངོས་ནས་བསམ་ན་ཡང་དག་པའི་སློབ་གསོ་ཞིག་དང་། གནས་ལུགས་དང་བདེན་པ་ཁོ་ན་སྟོན་པའི་ནང་སེམས་ཀྱི་ཚན་རིག་ངོ་མ་ཞིག་རེད་ཅེས་ཚིག་ཐག་ཆོད་པོས་བཤད་ཐུབ། ནང་ཆོས་ཀྱི་ངོ་བོ་དང་དགེ་མཚན་སོགས་ཀྱི་ཆ་ནས་ཧ་ཅང་མདོར་བསྡུས་ཤིག་ཞུས་ན་དེ་འདྲ་ཞིག་རེད་ལགས།
མདོ་འཛིན་པ། ཧ་ཅང་བཀའ་དྲིན་ཆེ། ངོ་མ་ཁ་གསལ་དོན་གསལ་ཞིག་གསུངས་ཐལ། འོན་ཀྱང་། ངས་མཚམས་འདིར་དྲི་བ་ཞིག་འདོན་འདོད་པ་ནི། གོང་དུ་དགེ་རྒན་ལགས་ཀྱིས། དགོན་སྡེའི་སློབ་གསོ་དེར་ལོ་རྒྱུས་ཀྱི་རང་བཞིན་དང་། སྒེར་ཚུགས་ཀྱི་རང་བཞིན་སོགས་མང་བོ་ཡོད་ཚུལ་གསུངས་པ་དེར་ད་དུང་གསལ་ཁ་ཞིག་བཏོད་ན་ཆོག་གམ།
ལྡོང་ཡོན་ཏན་རྒྱ་མཚོ། འོ་རེད། དེ་ཆོག་གི། ཞིབ་པར་བཤད་ན་ཅུང་འགོར་འགྲོ་རྒྱུ་རེད་དེ་ངས་ཚིག་སྣ་བསྡུ་ཅི་ཐུབ་བྱེད། དང་བོ། བོད་ཀྱི་དགོན་སྡེའི་སློབ་གསོ་ལ་ལོ་རྒྱུས་ཀྱི་རང་བཞིན་ཡོད་དེ། བོན་ཆོས་ཀྱི་ཆ་ནས་བཤད་ན་རྒྱལ་བོ་གཉའ་ཁྲི་བཙན་པོའི་ཡར་སྔོན་ཞིག་ནས་བོད་རང་སའི་མེས་པོ་རྣམ་དཔྱོད་ཅན་ཚོས་ས་བོན་ཙམ་དང་རྨང་གཞི་ཙམ་ཞིག་སྲོལ་བཏོད་བྱས་ཡོད་པར་མངོན་ལ། གཉའ་ཁྲིའི་སྐབས་ནས་བོན་ཤེས་པ་ཅན་བཅུ་གཉིས་བྱོན་པ་སོགས་ལ་དཔག་ན་འཕེལ་རྒྱས་སུ་འགྲོ་བའི་སྐབས་རེད། བཤད་ཚུལ་མི་མཐུན་པ་མང་ཡང་བོད་ཀྱི་ལོ་རྒྱུས་སྤྱི་འགྲོས་ལྟར་ན། རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོ་དང་དགུ་བ་སྤུ་དེ་གོང་རྒྱལ་གཉིས་ཀྱི་སྐབས་རྒྱ་གར་དང་སྟག་གཟིག་གི་མཚམས། ཡུལ་གྱུར་རྣ་བ་ཞེས་པ་ནས་འ་ཞའི་བོན་པོ་ཞིག་བྱུང་ནས། ལམ་ལམ་ནི་འབར། ཐོལ་ཐོལ་ནི་སྨྲ། གནམ་གྱི་ལྷ་མཆོད། སའི་འདྲེ་བརྡུང་། གཤིན་གྱི་གྲི་འདུལ། གསོན་གྱི་རིམ་གྲོ་བྱེད། རྡོ་ནག་པོ་ལྷུ་གདུམ་དུ་འབྲེལ་བ་ཞིག་བྱུང་བས་རྒྱལ་བོས་དེ་ལ་བླ་མཆོད་དང་བཀུར་སྟི་མཛད་པར་བཤད། གང་ལྟར་རྒྱུན་རིང་བའི་ལོ་རྒྱུས་ཁྲོད་བོན་ཆོས་ལའང་ལེགས་བཅོས་དང་འཕྲི་སྣོན་སོགས་གང་འཚམ་ཞིག་བྱས་འདུག་ལ། ལྷག་པར་དུ་ད་ལྟའི་བོན་ཆོས་ནི་བཤད་སྟངས་དང་ཐ་སྙད་མི་འདྲ་བ་ཙམ་ལས་ཕྱོགས་མང་བོ་ཞིག་ནས་ནང་ཆོས་དང་གཅིག་པ་ལྟ་བུར་གྱུར་ཡོད་པར་བདག་གིས་སྙམ་ལ། བོན་ཆོས་ཆེས་ཆེར་དར་བའི་སྐབས་ནི་རྒྱལ་བོ་གཉའ་ཁྲི་ནས་ཁྲི་ཐོག་རྗེ་བཙུན་བར་གྱི་གདུང་རབས་ཉེར་བདུན་གྱི་རིང་ཡིན་ཏེ། ང་ཚོའི་ལོ་རྒྱུས་ཁྲོད་གདུང་རབས་ཉེར་བདུན་གྱི་རིང་ལ་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་ཡང་ཡང་འབྱུང་བ་ལྟར་རེད། ངས་དེ་ནི་བོན་སྲིད་ཟུང་འབྲེལ་གྱི་དུས་སུ་ངོས་འཛིན་བྱེད་ཀྱིན་ཡོད། དེ་ནས་ནང་ཆོས་ཀྱི་ལོ་རྒྱུས་རེད། འདིར་མང་བོ་བཤད་མི་དགོས་མོད། སྤྱི་བམ་ཙམ་བཤད་ན། ནང་བསྟན་ཆོས་ལུགས་བོད་ལ་དར་བ་ནི། རྒྱ་གར་གྱི་གནའ་བོའི་རིག་གནས་བདག་མེད་ཅིག་བོད་ལ་འཁྱར་ཡོང་བའམ། ཁུངས་མེད་ལུང་མེད་ཀྱི་གཞན་གྱི་རིག་གནས་ཤིག་ལ་བོད་ཀྱིས་ཨ་གསར་བྱས་པ། བོད་ཀྱི་རྒྱལ་བོ་ན་རིམ་གྱིས་རང་རང་གི་སྲིད་དབང་བརྟན་པའི་ཆེད་དུ་ནང་འདྲེན་བྱས་ཏེ་བོད་མི་རྣམས་ཀྱི་མགོ་རྨོངས་པར་བྱས་པ་དེ་འདྲ་ཞིག་རྩ་བ་ནས་མ་རེད། ད་སྐབས་འདི་ལྟར་འདོད་མཁན་དང་བརྗོད་མཁན་རེ་འགའ་ཡོད་མོད། དོན་དམ་པར་ནང་ཆོས་བོད་ལ་དར་བ་ནི་ཆོས་ཀྱི་དགོངས་དོན་ལྟར་བཤད་ན་རྒྱལ་བ་རྒྱལ་སྲས་ཀྱི་ཐུགས་བསྐྱེད་དུས་སུ་སྨིན་ཞིང་བོད་འབངས་ཀྱི་བསོད་ནམས་ཁྱད་པར་བ་མངོན་དུ་གྱུར་བ་ཞིག་ཡིན་ལ། མིའི་རིགས་ཀྱི་ལོ་རྒྱུས་རིག་པ་ལྟར་བཤད་ན། སྤྱི་ཚོགས་ཀྱི་དགོས་མཁོ་དང་བསམ་བློའི་དགོས་མཁོ་ལྟར་བོད་ལ་ངང་ངམ་ཤུགས་ཀྱིས་གོས་ལ་སྣུམ་དང་རྩྭ་སྐྱར་མེ་ཤོར་བ་བཞིན་འགོག་མེད་དུ་ཐོན་ཞིང་དར་བ་ཞིག་སྟེ། སྟབས་བདེར་བརྗོད་ན་བོད་རང་ལ་སྔར་ཡོད་རིག་གནས་ཙམ་གྱིས་སེམས་ཀྱི་དགོས་མཁོ་ཡོངས་སུ་བསྐང་མ་ཐུབ་པའི་རྒྱུ་མཚན་གྱིས། དཀའ་ཚེགས་དང་འགལ་རྐྱེན་སོགས་གང་ལའང་མ་འཛེམ་པར་རིམ་གྱིས་རིམ་གྱིས་མ་ལག་ཆ་ཚང་བའི་ནང་བསྟན་ཆོས་ལུགས་འདི་བོད་ལ་ནང་འདྲེན་བྱས་པ་ཞིག་རེད། མདོ་འཛིན་པས་མཁྱེན་གསལ་ལྟར། ད་ལྟའི་ནང་བསྟན་ཆོས་ལུགས་འདི་ནི་གནས་བརྟན་སྡེ་བའི་ལུགས་ལྟར་བཤད་ན། མི་ལོ་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ལྷག་གི་ཡར་སྔོན་དུ་གནའ་བོའི་ཤེས་རིག་གི་འབྱུང་གནས་རྒྱ་གར་འཕགས་པའི་ཡུལ་ནས་དབུ་བརྙེས་ཤིང་། རིམ་གྱིས་རྒྱ་གར་རང་དང་། བལ་ཡུལ། འབྲུག་ཡུལ། འབྲས་ལྗོངས། སིང་ག་ལའི་ཡུལ། ལོ་སི། ཐེ་ལན། འབར་མ། ཁམ་ཕུ་ཊེ། ཤམ་བྷ་ལ། ལི་ཡུལ། རྒྱ་ནག སོག་པོ། ཐེ་ཝེ་ནམ། ༼Viet Nam; ༽ཡོན་ནན་ཏེ་རིགས་ས་ཁུལ། ཧིན་རྡུ་ཉི་ཞི་ཡ། ཁོ་རེ་ཡ། འཇར་པན་སོགས་ཡ་གླིང་སྐམ་ས་ཆེན་པོའི་ཁྱོན་དང་། དུས་རབས་བཅོ་བརྒྱད་པའི་ནང་ཙམ་ནས་ནུབ་ཕྱོགས་དབྱིན་ཇི་དང་། འཇར་མན། ཧྥ་རན་སི། དབྱི་ཏ་ལི། ཨ་མེ་རི་ཁ་སོགས་སུ་ཉི་མའི་འོད་སྣང་ཇི་བཞིན་རྒྱ་ཁྱབ་ཏུ་དར་ཞིང་དང་ལེན་བྱས་ཚུལ་སོགས་མང་དུཡོད་ཀྱང་། དེ་རིང་ངེད་གཉིས་ཀྱི་གླེང་གཞི་ནི་བོད་ཀྱི་དགོན་སྡེའི་སློབ་གསོ་སྟེ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཡིན་པས། བོད་ལ་ནང་ཆོས་ཇི་ལྟར་འཕེལ་ཞིང་རྒྱས་པའི་ཚུལ་ཙམ་བརྗོད་རྒྱུ་ནི་སྐབས་བབས་ཀྱི་དྲིས་ལན་ངོ་མ་དེ་རེད། གནས་བརྟན་སྡེ་བའི་ལུགས་ལྟར་ན། སྤྱི་ལོ་སྔོན་གྱི་ལོ ༥༤༤ ལོར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་མྱ་ངན་ལས་འདས་པའི་ཚུལ་བསྟན་རྗེས་སྟོན་པའི་གཏད་རབས་བདུན་དང་འཛམ་གླིང་རྒྱན་དྲུག་མཆོག་གཉིས་སོགས་ཀྱིས་རྒྱ་གར་འཕགས་པའི་ཡུལ་དུ་ཆེས་ཆེར་དར་བར་མཛད་ཀྱང་དུས་ཀྱི་འཕོ་འགྱུར་དང་། ཆོས་ལུགས་རྩོད་འཁྱེར་སོགས་ཀྱི་དབང་གིས་བར་སྐབས་ཤིག་ནས་ཉམས་རྒུད་ཀྱི་ཕྱོགས་སུ་ལྷུང་བ་བདེན་མོད། འོན་ཀྱང་ནང་ཆོས་བོད་ལ་དར་བའི་དུས་དེར་རྒྱ་གར་རང་ནའང་རྒྱལ་བསྟན་ཉི་མ་ཤར་ཤར་བྱེད་པའི་དུས་ཡིན་པས། རྒྱ་གར་བར་མཁོ་མེད་དང་རྙིང་རལ་དུ་གྱུར་བའི་རིག་གནས་ཤིག་བོད་ཀྱིས་གླེན་རྟགས་བསྟན་ཏེ་ནང་འདྲེན་བྱས་པ་དེ་འདྲ་ཞིག་རྩ་བ་ནས་མ་རེད། གང་ལྟར་བོད་ཀྱི་ཡུལ་འདིར་ཁྲི་ཐོག་རྗེ་བཙུན་དང་། རུ་ཡོང་བཟའ་སྟོང་རྒྱལ་ན་མོ་མཚོའི་སྲས་སུ་སྤྱི་ལོ་༢༥༥ལོར་འཁྲུངས་པར་གྲགས་པའི་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་སྟེ་སྤྱི་ལོ་༣༣༣ལོ་ནས་དམ་པའི་ཆོས་ཀྱི་དབུ་བརྙེས་པ་ཞིག་ཡིན་འདུག དབུ་བརྙེས་ཟེར་བ་དེ་ཡང་དཔང་སྐོང་ཕྱག་རྒྱ་བ་ཞེས་ཕྱིས་སུ་ཐོན་མིས་བོད་སྐད་དུ་བསྒྱུར་ཞིང་ད་ལྟ་བསྟན་འགྱུར་ཁྲོད་དུ་བཞུགས་པ་དེ་དང་། གསེར་གྱི་མཆོད་རྟེན་ཞིག མདོ་སྡེ་ཟ་མ་ཏོག་གི་སྙིང་བོ་ཡི་གེ་དྲུག་མ། ཙིན་དྷ་མ་ཎིའི་སྤོས་ཕོར་ཞེས་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བསྐོས་ཕོར་སཙྪ་དཔར་རྒྱག་བྱེད་ཅིག་བཅས་ཕོ་བྲང་ཡུམ་བུ་བླ་སྒང་གི་ཡང་ཐོག་ཏུ་ནམ་མཁའ་ལས་བབ་ཀྱང་ཟེར་ལ། པཎྜི་ཏ་བློ་སེམས་མཚོ་དང་ལོ་ཙཱ་བ་ལི་ཐེ་སེ་ཟེར་བ་གཉིས་ཀྱིས་ཁྱེར་ཡོང་སྟེ་རྒྱལ་བོར་ལེགས་སྐྱེས་སུ་ཕུལ་ཞེས་ཀྱང་འབྱུང་། གང་ལྟར་རྒྱལ་བློན་སོགས་ཀྱིས་དེའི་དོན་མ་གོ་ཡང་ཡ་མཚན་དུ་བཟུང་སྟེ་གཉན་པོ་གསང་བར་བཏགས་ཞེས་ལོ་རྒྱུས་རྣམས་སུ་འབྱུང་ཡང་དོན་གྱིས་དུས་དེར་བོན་ཆོས་ཀྱི་ཤུགས་ཧ་ཅང་ཆེ་སྒང་ཡིན་པས་མངོན་གསལ་དུ་ཁྱབ་སྤེལ་བྱེད་པའི་མཐུན་རྐྱེན་མ་ཚང་བ་ཡིན་ནམ་སྙམ་སྟེ། དུས་དེ་ནས་རྒྱལ་རབས་ལྔའི་རིང་ལ་དངོས་སུ་ལག་ལེན་སོགས་མ་བྱས་པ་དེ་ཡང་རྒྱུ་མཚན་གཙོ་བོ་ཞིག་དང་དཔྱད་གཞི་གལ་ཆེན་ཞིག་རེད། ཕྱིས་སུ་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་རིང་སློབ་དཔོན་ཐོན་མི་སོགས་ཀྱིས་དམ་པའི་ཆོས་གཞུང་མང་བོ་བོད་སྐད་དུ་བསྒྱུར་བར་མ་ཟད། ལོ་པཎ་དང་ཕྱི་ཡུལ་གྱི་ནང་བའི་དགེ་སློང་དུ་མ་བོད་དུ་གདན་དྲངས་ཏེ་མཆོད་བཀུར་བྱས་པ། གཙུག་ལག་ཁང་དང་སྐུ་གསུང་ཐུགས་རྟེན་བཞེངས་པ། གོས་དཀར་ལྕང་ལོ་ཅན་མང་བོས་ཐུགས་རྗེ་ཆེན་པོའི་ཆོས་སྐོར་ལ་ཉམས་ལེན་བྱས་པ། བོད་ཁམས་ཡོངས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལ་གནས་པ། ལྷ་སྐལ་ཐུགས་རྗེ་ཆེན་པོ་དང་མ་ཎི་ཡི་གེ་དྲུག་མའི་བཟླས་བརྗོད་ལ་བརྩོན་པ་སོགས་ནང་ཆོས་ཀྱི་གཞི་རྐང་དངོས་སུ་བོད་ལ་ཚུགས། ལྷག་པར་དུ་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ནས་སད་མི་མི་བདུན་རབ་ཏུ་བྱུང་ཞིང་། བསམ་ཡས་གཙུག་ལག་ཁང་གིས་གཙོས་ཁམས་ཡས་མས་སུ་ཆོས་གྲྭ་ཆེན་མོ་བཅུ་གཉིས་དང་། ཡེར་བ་དང་མཆིམས་ཕུར་སྒོམ་གྲྭ་བཙུགས་པ་སོགས་ཀྱིས་མཚོན།
རྒྱལ་རབས་དང་དུས་རབས་རིམ་པར་འཕེལ་རྒྱས་བྱུང་སྟེ། བོད་མདོ་དབུས་ཁམས་གསུམ་དང་ཆེན་པོ་ཧོར་གྱི་ཡུལ་སོགས་སུ་དགེ་འདུན་པའི་སྡེ་གྲངས་མཐའ་མེད་པ་ལྟ་བུ་ཚུགས་ཤིང་། གྲུབ་མཐའ་མི་འདྲ་བ་དུ་མར་གྱེས། དེ་ལྟར་ནང་ཆོས་ཀྱི་སློབ་གསོ་ཆ་ཚང་བ། གྲ་མ་ཉམས་པ། གྲུ་མ་ཞིག་པའི་ངོ་བོར་འཕེལ་རྒྱས་བྱུང་ལ། ད་སྐབས་རྒྱལ་ཁབ་བརྒྱད་ཅུ་ལྷག་ལ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའམ་ཐེབས་རྩ་ཚོགས་པ། མཐུན་ཚོགས། སློབ་གྲྭ། ཞིབ་འཇུག་གི་ལྟེ་གནས་བཙུགས་པ་སོགས་མང་བོ་ཡོད་ཀྱང་འདིར་རྒྱས་པར་གླེང་ལོང་མི་འདུག་པས་དེ་ཙམ་བྱ། གཉིས་པ། དགོན་སྡེའི་སློབ་གསོ་ལ་སྒེར་ཚུགས་ཀྱི་རང་བཞིན་ཡོད་མེད་དེ་རེད། ངས་གོང་དུ་བཤད་ཟིན་པ་ལྟར་ནང་བསྟན་ཆོས་ལུགས་སམ་དགོན་སྡེའི་སློབ་གསོ་ནི་བརྗོད་བྱ་བསླབ་པ་གསུམ་དང་རྗོད་བྱེད་སྡེ་སྣོད་གསུམ་གྱིས་བསྡུས་པ་ཤིག་ཡིན་ལ། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་ཞིག་ཅིས་ཀྱང་ཡིན་དགོས་པས། རྣམ་བཞག་འདི་དག་ཐེག་ཆེན་ཐེག་དམན། རྒྱ་བརྒྱུད་དང་བོད་བརྒྱུད། ལྷོ་བརྒྱུད་སོགས་ནང་བསྟན་པ་སུ་ཡིན་ཡང་ངེས་པར་དུ་ཁས་ལེན་ཞིང་ཉམས་བཞེས་སུ་བསྟར་བ་ཞིག་ཡིན་ཏེ། ནང་བའི་ཆོས་གཞུང་དུ་བྱམས་དང་སྙིང་རྗེ། ལས་རྒྱུ་འབྲས། དགེ་སྡིག་སྤང་བླང་། སྤྱོད་པ་འཚེ་མེད་བྱེད་དགོས་པ་སོགས་ཤུགས་ཆེན་པོས་གསུང་བཞིན་ཡོད། དེ་དག་ཀྱང་མཐར་གཏུགས་ན་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བའི་སྒོ་ནས་ལེགས་པར་སྒྲུབ་ཐུབ། ལྟ་བ་འདི་ཁས་མི་ལེན་པའི་ནང་བ་བ་ཞིག་མེད་ལ། ནང་ཆོས་ལས་གཞན་ཆོས་ལུཊ་གྲུབ་མཐའ་ཁག་གང་ལའང་ལྟ་བ་འདི་འདྲ་ཞིག་མེད་པས་ནང་བའི་ཐུན་མིན་གྱི་ཁྱད་ནོར་ཁོ་ན་ཡིན་འདུག ཡང་ནང་བ་བས་འཇིག་རྟེན་བཀོད་པ་བོ་མི་འདོད་ཅིང་། རྟག་གཅིག་རང་དབང་ཅན་གྱི་བདག་ཟེར་བ་ཞིག་ཀྱང་ཁས་མི་ལེན་པར། བདག་ཉིད་བདག་གི་མགོན་ཡིན་ཏེ། །གཞན་ལྟ་སུ་ཞིག་མགོན་དུ་བགྱིད། །ཅེས་པའི་ལེགས་བཤད་དང་ལམ་ཕྱོགས་དམིགས་སུ་བཟུང་སྟེ་མཐར་ཐུག་གི་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ལ་སྙེག་གིན་ཡོད། དེ་རིང་ངེད་གཉིས་ཀྱི་གླེང་གཞི་གཙོ་བོ་བོད་ཀྱི་དགོན་སྡེའི་སློབ་གསོ་རེད། འོ་ན་བོད་ཀྱི་དགོན་སྡེའི་སློབ་གསོ་ལ་སྒེར་ཚུགས་ཀྱི་རང་བཞིན་ཇི་འདྲ་ཞིག་ཡོད་ཅེ་ན། ལྟ་སྒོམ་དང་མཐར་ཐུག་གི་བསྙེག་