བཀྲ་ཤིས་འཁྱིལ་དགོན་པ།

2019-10-14
471

རེབ་གོང་དགོན་མ་ལག་སོ་ལྔ་དང་སྒྲུབ་སྡེ་བཅོ་བརྒྱད་ཀྱི་མ་དགོན་དུ་འབོད་པའི་སྒྲུབ་པའི་གནས་མཆོག་བཀྲ་ཤིས་འཁྱིལ་ནི། རྨ་ལྷོ་ཁུལ་རེབ་གོང་རྫོང་རོང་བོ་གྲོང་རྡལ་གྱི་ནུབ་ཕྱོགས་སུ་སྤྱི་ལེ་ཉེར་ལྔའི་མཚམས། ཧོར་ནག་ཞང་གི་ལྷོ་ཕྱོགས་སུ་ཆགས་ཡོད། དགོན་པའི་ས་ཁྱོན་ལ་སྤྱི་ཆིངས3.7ཡོད་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ36668ཡོད།

ངོ་སྤྲོད།

    ཐོག་མར་སྤྱི་ལོ1429ལོར་བྱང་རྭ་སྒྲེང་དགོན་པ་ནས་ཕེབས་པའི་སྒོམ་ཆེན་པ་བཀྲ་ཤིས་བརྩོན་འགྲུས་དང་བྱང་ཆུབ་འབྱུང་གནས། འཇམ་དབྱངས་ཐུབ་བསྟན་གསུམ་གྱིས་གནས་འདིར་མཚམས་ཁང་ཞིག་བཞེངས་ཏེ་སྒོམ་སྒྲུབ་གནང་བར་གྲགས། རྗེས་སུ་རིམ་བཞིན་སྒོམ་ཆེན་པ་བཅུ་ཕྲག་བྱུང་བར་བརྟེན། སྦྱིན་བདག་བཀའ་རྩེབ་གདོང་རྒྱལ་མཚན་ནོར་བུ་གཙོ་མཛད་པའི་བཀའ་རྩེབ་གདོང་དང་། ཉེ་འདབས་ཀྱི་སྡེ་བ་རྣམས་ཀྱི་རོགས་རམ་ལ་བརྟེན་ནས་འདུ་ཁང་ཆུང་བ་ཞིག་གསར་བཞེངས་མཛད། དེ་ནས་བཟུང་རི་ཁྲོད་པ་རྣམས་མཉམ་དུ་འཚོགས་པའི་སྲོལ་བྱུང་ཟེར། རྗེས་སུ་ཡུན་རིང་མ་གནས་པར་ཉམས་དམས་སུ་སོང་། སྤྱི་ལོ 1625ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གནས་དེར་སྒྲུབ་ཁང་ཆུང་བ་ཞིག་བརྩིགས་ཏེ་དབེན་གནས་བཀྲ་ཤིས་འཁྱིལ་ཞེས་པའི་མཚན་གསོལ་བ་ནས་གནས་གཞི་བཟུང་། སྤྱི་ལོ1628ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེས་ཀོའུ་བ་ཆོས་ཀྱི་རྒྱ་མཚོ་གནས་འདིར་གདན་དྲངས། གྲུབ་ཆེན་ཆོས་པ་ཡབ་སྲས་དང་། ཨ་འགྲོན་མཁས་བཙུན་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་མང་པོར་བདེ་གསང་འཇིགས་གསུམ་གྱི་དབང་སོགས་བཀའ་ཆོས་མང་དུ་བསྩལ། ཡབ་རྗེ་སྐལ་ལྡན་རྒྱ་མཚོ་བཀྲ་ཤིས་འཁྱིལ་ཤར་གྱི་སྒྲུབ་ཁང་བཞུགས་ནས་རྒྱལ་བསྟན་སྤྱི་དང་། ནང་སྒོས་སུ་ཟབ་མོ་དབུ་མའི་ལམ་ལ་བློས་དཔྱད་ཅིང་ཞིབ་ཏུ་བལྟས་པའི་མཐུས། སྔོན་དབུས་སུ་སློབ་གཉེར་བྱེད་པ་ལས་དོན་གོ་བ་སུམ་འགྱུར་ལས་ལྷག་པ་ཞིག་ཐུགས་རྒྱུད་ལ་འཁྲུངས་པ་དང་། ཀླུ་སྒྲུབ་དགོངས་པ་མཐར་ཐུག་མངོན་སུམ་དུ་གཟིགས་ཏེ་ས་དང་པོ་རབ་ཏུ་དགའ་བ་ཐོབ། དེར་བརྟེན་གནས་དེ་ལ་དེང་སང“ཤར་རབ་དགའ”ཞེས་འབོད་སྲོལ་ཆགས། ཁྱད་པར་དུ་སྐུ་ཚེ་གང་བོར་མདོ་རྒྱུད་གཞུང་ལ་སྦྱངས་པ་མཐར་ཕྱིན་པའི་འབྲས་རྟགས་སུ་གདུལ་བྱ་ཐུན་མོང་བའི་ངོར་ཞལ་གདམས་ཀྱི་ཚུལ་དུ། 《ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་མགུར་འབུམ》ཞེས་པའི་མགུར་དབྱངས་མི་འདྲ་བ་བཅོ་བརྒྱད(ཕ་རྒོད)རྔོག་ལང་། ཇོ་བསྐོལ། རྫོང་དཀར། དུང་དཀར་དྲུག་གྲགས་མ། ལྷ་ས། གཉིས་བསྐོལ་སྣ་དྲུག བཞི་བསྐོལ་རིང་ཐུང་གཉིས། ཁེར་བསྐོལ་རིང་ཐུང་གཉིས། ལྔ་བསྐོལ། ཨ་ཀ་ཆོས་འཁོར་བཅས་ཀྱི་ལམ་ནས་བཞེངས་སྲོལ་དེ་ད་ལྟའི་བར་དུ་མ་ཉམས་པར་ཡོད། སྤྱི་ལོ1637ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེས་དབེན་གནས་བཀྲ་ཤིས་འཁྱིལ་དུ་བྱམས་སྐུ་མཐོང་བ་དོན་ལྡན་རྟེན་བརྟེན་པ་དང་། བརྩིགས་པའི་ནང་ཚྭ་སྣ་ཚོགས་དང་། བརྩིགས་ངོས་སུ་ལྟུང་བཤགས་སོ་ལྔ་ལ་སོགས་པའི་རྡོ་སྐུ་མང་པོས་བརྒྱན་ཏེ་གསར་བཞེངས་མཛད། དེ་ནི་གྲུབ་ཆེན་ཆོས་པ་རིན་པོ་ཆེའི་ཕྱག་བཟོ་ཤ་སྟག་ཡིན་པ་མ་ཟད། གྲུབ་ཆེན་ཆོས་པ་ཡབ་སྲས་གཙོས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོས་ལྔ་མཆོད་ཆེན་མོའི་དུས་ཆེན་དང་བསྟུན་ཏེ་རབ་གནས་ཀྱང་མཛད་མྱོང་། སྤྱི་ལོ1646ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེས་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ལ་དབེན་གནས་བཀྲ་ཤིས་འཁྱིལ་དུ་རི་ཁྲོད་པ་བཞི་སྡེ་ཞིག་ཨེ་ཚུགས་ལྟོས་ཞེས་པའི་བཀའ་ལུང་ནན་མོ་ཕེབས་པ་དང་། དག་པའི་སྣང་ངོར་འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྡོ་རྗེ་ཕོ་བྲང་ཆེན་པོ་ལྷུན་གྱིས་གྲུབ་ཅིང་། ཐ་མལ་བའི་སྣང་ངོར་གནས་དེར་སླེབས་པ་ཙམ་གྱིས་སྣང་བ་བསྒྱུར་ནུས་པ། རྣལ་འབྱོར་བ་དང་རྗེས་སུ་མཐུན་པའི་དག་པའི་གནས་མཆོག་ཅིག་ཡིན་པར་བརྟེན། སྤྱི་ལོ1648ལོར་ཡབ་རྗེ་བླ་མས་རང་གི་སློབ་མའི་ཚོགས་ལ་ཞལ་གསུང་གནང་སྟེ་དབེན་གནས་བཀྲ་ཤིས་འཁྱིལ་དུ་ལྷ་དང་བླ་མའི་ལུང་བསྟན་ལྟར་འདུ་ཁང་བཀའ་གདམས་ཕོ་བྲང་གསར་བཞེངས་གནང་ནས་དགོན་པ་ཕྱག་འདེབས་མཛད།  གྲུབ་མཐའ་དགེ་ལུགས་ཡིན།

    སྤྱི་ལོ1656ལོར་ཡབ་རྗེ་བླ་མས་དབེན་གནས་དེར་བཞུགས་པའི་བྱ་བཏང་བ་རྣམས་ལོ་མཚམས་དང་ཟླ་མཚམས་ངག་མཚམས་སོགས་ཀྱི་སྒོ་ནས་མདོ་སྔགས་ཀྱི་ལམ་ལ་མྱོང་འདོན་ཤར་སྒོམ་རྒྱུན་མར་བྱེད་པ་སོགས་ཀྱི་ཕྱག་སྲོལ་བཙུགས། དེ་ནས་དབེན་གནས་དེར་རེབ་གོང་གི་བཤད་གྲྭ་རྣམས་དང་ཁྱད་པར་རོང་བོ་གྲྭ་ཚང་ཐོས་བསམ་གླིང་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱངས་པ་སྔོན་དུ་སོང་བའི་མཁས་དབང་རྣམས་ཀྱིས་མདོ་རྒྱུད་དགོངས་དོན་མ་ལུས་པ་སྟན་ཐོག་གཅིག་ནས་ཉམས་སུ་ལེན་སའི་སྒྲུབ་པའི་གནས་མཆོག་ཞིག་ཏུ་གྱུར། 

    སྤྱི་ལོ1676ལོར་ཡབ་རྗེ་བླ་མས་དབྱར་གནས་ཀྱི་བཅའ་ཡིག་ཤ་སྦྲང་བློ་བཟང་རྒྱ་མཚོ་ལ་གནང་སྟེ་བཀྲ་ཤིས་འཁྱིལ་དགོན་པ་གཉེར་གཏད་ཡང་ཡང་མཛད། ཡབ་རྗེ་བླ་མའི་རྗེས་ཤ་སྦྲང་བློ་བཟང་རྒྱ་མཚོ་སློབ་དཔོན་དུ་བཞུགས། བསོད་སྙོམས་ལ་ཕེབས་བཞུད་ཚུན་ཆད་པགས་རིགས་དང་ཕུ་དུང་གྱོན་མི་ཆོག་པ་དང་། གུང་ཚིགས་དུས་ལས་མི་ཡོལ་བ་སོགས་འགྲིག་ལམ་རྒོད་ཆང་གི་བཅའ་ཡིག་དང་མཐུན་པར་མཛད་ཅིང་། ལོ་མཚམས་ཀྱི་སྲོལ་གཏན་ཆགས་སུ་བཙུགས། སྔོན་ཆད་དབེན་གནས་འདིར་མདོ་སྔགས་ཀྱི་ལམ་ལ་སྦྱངས་པ་མངོན་དུ་སོང་བའི་བྱ་བཏང་བ་ཤ་སྟག་བཞུགས་ལ། རྗེས་སོར་དགོས་དབང་གིས་རིམ་གྱིས་འགྱུར་ཏེ་གྲྭ་བ་རྒན་གཞོན་གསར་རྙིང་ཁྱད་མེད་ཚོགས་སུ་ཞུགས་རྒྱུའི་སྲོལ་དར། དེ་ལྟར་ཡབ་རྗེ་བླ་མའི་སྐུ་ཕྲེང་རིམ་བྱོན་དང་། གྲུབ་ཆེན་ཆོས་པ་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་གཙོས་རེབ་གོང་ཕྱོགས་ཀྱི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་སྒྲུབ་སྡེ་འདི་ཉིད་ཆོས་སྲིད་གཉིས་ཆར་བདག་སྐྱོང་གནང་། 

    སྤྱི་ལོ1958ལོའི་ཡར་སྔོན་དུ་དགོན་པ་འདིར་རྒྱུན་བཞུགས་བླ་མ་རེ་ཟུང་དང་དགེ་འདུན་པ་སུམ་བརྒྱ་ལྷག་ཡོད། རྟེན་བཞེངས་ཀྱི་སྐོར་ལ་དགོན་པའི་ཤར་གྱི་རབ་དགའ་རྒྱལ་མཚན་བརྟན་པོ་དང་། མཆོད་ཁང་སྟེང་འོག་གཉིས། མགོན་ཁང་། གཟིམ་ཁང་། འདུ་ཁང་བཀའ་གདམས་ཕོ་བྲང་། བྱམས་ཁང་མཐོང་བ་དོན་ལྡན། གྲུབ་ཆེན་ཆོས་པ་ཡབ་སྲས་ཀྱི་གཟིམ་ཁང་། བསྐོར་མཐའི་མཆོད་རྟེན་བྱིན་ཅན། ནང་ཆེན་རེ་ཟུང་། གྲྭ་ཤག་བརྒྱ་ཕྲག་ལྷག་བཅས་ཡོད། 

    སྤྱི་ལོ1958ལོའི་ཟིང་འཁྲུག་དང་རིག་གསར་གྱི་སྐབས་སུ་དགོན་པའི་ལྷ་རྟེན་ཆོས་གསུམ་མེད་བརླགས་བཏང་སྟེ། དགོན་ཤུལ་ཡུལ་ཕྱོགས་དེའི་ཕྱུགས་འཚོ་སར་བསྒྱུར། རྗེས་སུ་རྟེན་བྱིན་ཅན་ཏེ་ཡབ་རྗེ་དང་ཆོས་པ་རིན་པོ་ཆེའི་འདྲ་ཐང་། གྲུབ་ཆེན་ཆོས་པའི་ཕྱག་བཟོའི་རྡོ་སྐུ་མང་པོ་སོགས་བདག་གཉེར་བྱས་པས། ད་ལྟ་དགོན་པའི་ནང་དུ་བཞུགས།  

    སྤྱི་ལོ1980ལོར་བསྟན་པ་ཡང་དར་གྱི་དབུ་བརྙེས་པ་དང་མཚུངས་སུ་དགོན་པའི་སྔོན་བྱིངས་འདྲེན་དགེ་འདུན་མཁས་མཆོག་གཙོས་གྲྭ་བ་རེ་ཟུང་གིས་དགོན་ཤུལ་བདག་གཉེར་བྱས་ཏེ་གནས་གཞི་བཟུང་། སྤྱི་ལོ1981ལོར་དགོན་པའི་གྲྭ་རྒན་རེ་ཟུང་དང་ལྷ་སྡེ་སྦྱིན་བདག་རྣམས་ཀྱིས་དགོན་པ་ཉམས་གསོ་བྱེད་འགོ་བརྩམས། ལོ་དེའི་ཟླ་གསུམ་པའི་ཚེས་བཞིའི་ཉིན་རྫོང་ཆུང་སྐུ་ཕྲེང་དྲུག་པ་འཇིགས་མེད་མཁས་བཙུན་ལུང་རིགས་རྒྱ་མཚོ་དང་། ཁ་སོའི་སྐུ་ཕྲེང་བདུན་པ་འཇིགས་མེད་འཕྲིན་ལས། རོང་རྒན་སྐུ་ཕྲེང་དྲུག་པ་དགེ་འདུན་དར་རྒྱས་རྒྱ་མཚོ། ཚོ་འདུ་གྲུབ་ཆེན་སྐུ་ཕྲེང་བཞི་བ་འཇིགས་མེད་ཆོས་དབང་ཉི་མ། རོང་བོ་ཐོས་བསམ་གླིང་དགེ་བའི་བཤེས་གཉེན་ཆེན་མོ་དགེ་འདུན་བསྟན་འཛིན་སོགས་རོང་བོ་དགོན་ཆེན་གྱི་བླ་མ་དང་དགེ་བའི་བཤེས་གཉེན་གཙོས། དགེ་འདུན་པ་རྣམས་ཀྱིས་བཀྲ་ཤིས་གསོ་སྦྱོང་བླངས་པ་དང་། ཐལ་སྐད་ཆོས་བསྒྲགས་སྔོན་དུ་བཏང་ནས་བཀའ་གདམས་ཕོ་བྲང་གི་གཞིར་ཕྱག་ཐིག་བཏབ་སྟེ་འདུ་ཁང་བསྐྱར་བཞེངས་ཀྱི་དབུ་བཙུགས། ལོ་དེའི་ཟླ་བདུན་པའི་ཚེས་དྲུག་ཉིན་(ཡབ་རྗེ་བླ་མའི་དུས་མཆོད)རོང་བོ་དགོན་ཆེན་གྱི་གདན་ས་གསུམ་དང་། གཡེར་གཤོང་དགོན་པ། རོང་བོ་དགོན་སོགས་བླ་གྲྭ་ཡོངས་རྫོགས་ཆོས་སྟོན་དང་འབྲེལ་བའི་རབ་གནས་གནང་བར་གདན་དྲངས་ཏེ་ཆོས་ཀྱི་སྒོ་འཕར་རྒྱ་ཆེར་ཕྱེས། དེ་ནས་བཟུང་ཚོགས་ཆོས་ཐོག་དང་ཆོ་ག་ཕྱག་ལེན་ཉམས་གསོ་བྱས་ཏེ་སྔར་སྲོལ་ལྟར་རྒྱུན་འཁྱོངས་བྱས་པ་མ་ཟད། རྟེན་བཞེངས་ཀྱི་ལས་སྒོ་སྣ་ཚོགས་ཀྱང་བསྒྲུབས།

     ད་ལྟ་དགོན་པ་འདིར་ཤར་རབ་དགའ་རྒྱལ་མཚན་བརྟན་པའི་མཆོད་ཁང་སྟེང་འོག་གཉིས་དང་། གཟིམ་ཁང་། འདུ་ཁང་བཀའ་གདམས་ཕོ་བྲང་། བྱམས་ཁང་། ཚེ་དཔག་མེད་ལྷ་ཁང་། འདུ་ཁང་ཆེན་མོ། མགོན་ཁང་། ནང་ཆེན་རེ་ཟུང་། གྲྭ་ཤག་སུམ་ཅུ་རྒྱུན་བཞུགས་ཀྱི་བླ་མ་རེ་ཟུང་དང་དགེ་འདུན་པ་སུམ་ཅུ་སོ་དྲུག་བཅས་བཞུགས་པས། གཞི་གསུམ་གྱི་ཕྱག་ལེན་གཙོ་མཛད་པའི་ཚོགས་ཆོས་ཐོག་དང་ཆོ་ག་ཕྱག་ལེན་སོགས་སྔར་སྲོལ་ལྟར་གཏན་ཆགས་སུ་ཚུགས་ཡོད།

     དགོན་བདག་བླ་མ་ནི་ཡབ་རྗེ་སྐལ་ལྡན་རྒྱ་མཚོ་སྐུ་ཕྲེང་རིམ་བྱོན་དང་ད་ལྟའི་དགོན་པ་ཕྱག་འདེབས་མཁན་ནི་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་ཡིན། ཁོང་ནི་སྤྱི་ལོ1607ལོར་ཡབ་རོང་བོ་མཁར་འབུམ་རྒྱལ་དང་ཡུམ་ནག་ཡུ་བཟའ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། 

     སྤྱི་ལོ1625ལོར་གྲུབ་ཆེན་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་གནས་དེར་སྒྲུབ་ཁང་ཆུང་བ་ཞིག་བརྩིགས་ཏེ་དབེན་གནས་བཀྲ་ཤིས་འཁྱིལ་ཞེས་པའི་མཚན་གསོལ་བ་ཡིན། ལྷ་སྡེ་ལ་ཧོར་ནག་རུ་གོང་ཞོལ།  འོལ་མོ། ཨ་འོག སྟོང་ཆོས། ཁྱུང་བོ། རེབ་ས། སྔགས་ས། བྲག་དཀར། འགྲོན་ལུང་། གར་རྩེབ་གདོང་། རོང་བོ་ཚང་། ཤ་བུ་ནར་བཀྲ་ཤིས་འཁྱིལ་ཚོ་བ་དང་མི་སྐྱ་ཚང་བཅས་ཡོད།

དཔྱད་གཞིའི་ཡིག་ཆ།

  • སྙིང་ལྕགས་ཀྱིས་གཙོ་སྒྲིག་བྱས་པའི 《རྨ་ལྷོའི་ས་མིང་ལོ་རྒྱུས་རིག་གནས་བརྡ་འགྲེལ》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2011ལོའི་ཟླ11པར་དཔར་ཐེངས་དང་པོ།


  • 顶