
གླིང་དཀར་སྟོད་ཀྱི་ཡུལ་གྲུ་འདི་རུ་ལྷུན་ཆགས་སུ་གནས་པའི་ཆོས་སྡེ་ཆེན་མོ་སྟག་ཚ་དགོན་པའི་འདུ་ཁང་དང་། དུས་བསྟུན་དུ་བཞེངས་པའི་དཔེ་མཛོད་ཁང་། ཚར་དུ་དངར་བའི་མཆོད་རྟེན། ལྷབ་ལྷུབ་ཏུ་སྐྱོད་པའི་དར་ཅོག ད་དུང་རྔམ་བརྗིད་ཀྱི་དབྱངས་རྟ་ལ་འགྲོགས་པའི་ཆོས་ཀྱི་སྒྲ་དབྱངས་བཅས་ཀྱིས་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཅིང་། གནས་འདིའི་སྐྱེ་བོ་རྣམས་ནི་དགེ་བའི་ལས་ལ་མངོན་པར་ཕྱོགས་ཤིང་། མང་ཐོས་རིག་པའི་གནས་ཀྱི་ཕ་མཐའ་རུ་སོན་པར་འདོད་པའི་བློ་ལྡན་བུང་བའི་ཚོགས་ནི་འཆད་རྩོད་རྩོམ་པའི་ལས་ལ་སྐོམ་པས་ཆུ་འདོད་པ་ལྟར་འབད་བཞིན་གདའ།
སྟག་ཚ་དགོན་པའི་དགོན་བདག་སྤྲུལ་སྐུ་བསྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་གི་ཐུགས་དགོངས་ལ་དེང་གི་དུས་འདིར། རང་རེ་ཁ་བ་ཅན་ལ་ཁ་ཚ་དགོས་གཏུགས་སུ་མཁོ་བ་ནི་མེས་པོའི་མཛད་རྗེས་ཀྱི་དར་ཆ་ཁོ་ན་དགུང་ལ་བསྒྲེངས་པའི་རང་མཐོང་གི་འུར་སྒྲོག་དེ་མ་ཡིན་པར། སྤུན་ཟླ་གཞན་གྱི་སྔོན་ཐོན་ཤེས་རིག་སྦྱོང་བ་དང་ནང་འདྲེན་བྱས་ཏེ་རང་གི་སྲོལ་རྒྱུན་རིག་གནས་ལ་ཟུངས་ཁྲག་གསར་པ་བསྐྲུན་དགོས་པ་མ་ཟད་རྣམ་པ་ཐམས་ཅད་ནས་འཐུས་སྒོ་ཇེ་ཚང་དུ་གཏང་དགོས་པ་རྟོགས། དེའི་ཕྱིར། སྤྱི་ལོ་2001ལོར་ཁོང་གིས་རྒྱལ་ཡོངས་ཀྱི་དཔེ་མཛོད་ཁང་ཆེན་མོ་སྐོར་ཞིག་ལ་ཟུར་དཔྱད་བྱས་རྗེས། སྟག་ཚ་དགོན་པའི་སྤྲུལ་སྐུ་སྐལ་བཟང་འཇིགས་མེད་བསྟན་པའི་རྒྱལ་མཚན་ཚང་དང་མཉམ་དུ་དཔེ་མཛོད་ཁང་འདི་ཇུས་འགོད་བྱས་པ་ཡིན་ལ། སྤྱི་ལོ་2006ལོའི་ཟླ་7པའི་ནང་དུ་དཔེ་མཛོད་ཁང་འདི་དངོས་སུ་ལེགས་འགྲུབ་བྱུང་།

འདི་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེའི་ལོ་རྒྱུས་ཐོག་གི་དེང་རབས་ཀྱི་དཔེ་མཛོད་ཁང་ཆེས་ཐོག་མ་དེ་ཡིན་ལ། ཕྱིའི་བཀོད་པ་རྔམ་ཞིང་བརྗིད་ལ་བོད་ཀྱི་སྲོལ་རྒྱུན་བཟོ་བཀོད་ཀྱི་ཁྱད་ཆོས་མངོན་པར་ལྡན་ཞིང་། ནང་གི་བཅའ་བཀོད་ལ་དེང་རབས་སྔོན་ཐོན་རིག་གནས་ཀྱི་དགེ་མཚན་ཡོངས་སུ་ཚང་བའི་དཔེ་མཛོད་ཁང་འདི་ལས། ང་ཚོས་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཀྱི་འོད་སྣང་གིས་བསྐྱངས་པའི་ཆོས་ལུགས་ལས་དོན་ལ་ཡར་རྒྱས་གོང་འཕེལ་བྱུང་བའི་འབྲས་བུ་གཡུར་དུ་ཟ་བ་དེ་མཐོང་ཐུབ་པ་མ་ཟད། ཡུལ་གྲུ་འདིའི་ཆོས་དད་མང་ཚོགས་ཚོའི་དུས་བསྟུན་མདུན་སྐྱོད་དང་། གསར་གཏོད་སྒོ་འབྱེད་ཀྱི་སྙིང་སྟོབས་ཀྱང་ཉམས་སུ་མྱངས་ཐུབ།
དཔེ་མཛོད་ཁང་ཆེན་མོ་འདིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་3300ཙམ་ཡོད་ལ། དེར་དཔེ་ཀློག་ཁང་དང་། རིག་གཞུང་སྙན་ཞུ་ཁང་། དཔེ་མཛོད་ཁང་། དངོས་མང་བཤམ་སྟོན་ཁང་། ལམ་རིམ་ལྷ་ཁང་བཅས་ཡོད། དཔེ་མཛོད་ཁང་ཆེན་མོ་འདིའི་ཕྱིའི་བཀོད་པ་དང་ནང་གི་རྒྱན་སྤྲས་གང་གི་ཐད་ནས་ཀྱང་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་དགེ་མཚན་མ་ལུས་པར་ཡོངས་སུ་མཚོན་འདུག
སྟག་ཚའི་ཆོས་རིག་དཔེ་མཛོད་ཁང་ཆེན་མོ་འདིའི་སྒོ་འཕར་ཕྱེས་པ་ན། ཁྱེད་ཉིད་ཤེས་བྱའི་བང་མཛོད་ཆེན་མོ་དང་། བོད་ཀྱི་ལོ་རྒྱུས་ཀྱི་དངོས་མང་བཤམ་སྟོན་ཁང་ཆེན་པོ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རིག་གནས་འགྲེམ་སྟོན་ཁང་ཆེན་མོ་ཞིག་ཏུ་འབྱོར་བ་ཇི་བཞིན། ལྟ་བ་མིག་གིས་ཆོག་མི་ཤེས་ཤིང་བརྗོད་པ་ཚིག་གིས་མགུ་མི་གང་བར་འགྱུར་ངེས།
ཐོག་ཁང་དང་པོའི་དཔེ་མཛོད་ཁང་དུ་གྲུབ་མཐའ་རིས་སུ་མ་ཆད་ཅིང་ཕྱོགས་སུ་མ་ལྷུང་བའི་སྒོ་ནས་གླེགས་བམ་དང་དཔེ་དེབ་འབུམ་གཅིག་ལྷག་ཉར་ཚགས་བྱས་ཡོད་ཅིང་། བོད་ཡིག་སྐོར་ལ་བཀའ་བསྟན་སོགས་མདོ་སྔགས་ཀྱི་གསུང་རབ་མང་པོ་དང་། སྒྲ་ཚད་བཟོ་གསོ་དང་གནམ་རིག་སྐར་རྩིས། རྣམ་ཐར་དང་ཟློས་གར་སོགས་བཞུགས་ཡོད། རྒྱ་ཡིག་སྐོར་ལ་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་དང་ལོ་རྒྱུས། ཚད་མ། མཛེས་རྩལ། ཡུལ་སྐོར་ཟིན་ཐོ། རིག་གཞུང་ཞིབ་འཇུག སྤྱི་ཚོགས་ཚན་རིག སློབ་གསོ་སོགས་སྐོར་གྱི་དཔེ་ཆ་གང་འདོད་ཅི་དགོས་ཡོད་པས། ཡུལ་ཕྱོགས་འདིའི་སྐྱེ་བོ་རིག་གནས་ལ་དད་དུངས་ཆེ་བ་རྣམས་ནི་བུང་བས་སྦྲང་རྩི་འཐུ་བ་ཇི་བཞིན་དུས་རྒྱུན་དདཔེ་མཛོད་ཁང་འདིའི་ནང་དུ་འཁོར་ཞིང་འདུ།

ཤེར་ཕྱིན་གསེར་བྲིས་མ།
ཐོག་ཁང་གཉིས་པའི་དངོས་མང་བཤམ་སྟོན་ཁང་དུ་གཙོ་བོ་བོད་མི་རིགས་ཀྱི་ཁྱད་དུ་འཕགས་པའི་བློ་གྲོས་དང་ཟུངས་ཁྲག་གིས་བསྐྲུན་པའི་གསེར་ཟངས་དང་ཤིང་ལས་གྲུབ་པའི་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བྱིན་ཅན་དང་། ཚྭ་ཚྭ། ཐང་ག གྱང་ཐང་། དེ་མིན་གསེར་བྲིས་དང་དངུལ་བྲིས། དུང་བྲིས་སོགས་ཀྱི་གླེགས་བམ་འགའ། མཆོད་ཆ་སྣ་ཚོགས་བཅས་ཆོས་ལུགས་ཀྱི་རིག་དངོས་རྩ་ཆེན་མང་པོ་དང་རོལ་ཆས་སྣ་ཚོགས། ཁྱད་འཕགས་ལག་རྩལ་གྱི་ཐོན་རྫས་གང་མང་། བོད་མིའི་འཚོ་བའི་ཡོ་བྱད། འགྱུར་རྡོ་དང་ཐོག་རྫས་སྣ་ཚོགས། རྡུལ་ཚོན་གྱི་དཀྱིལ་འཁོར་སོགས་བཤམས་སྟོན་བྱས་ཡོད།
འགྲེམ་སྟོན་ཁང་ནང་གི་ཐང་ག་དེ་དག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་གྱི་ཉིང་བཅུད་གཅིག་འདུས་ཀྱི་མཚོན་བྱེད་ཅིག་ཡིན་ལ། འགྲེམ་སྟོན་ཁང་འདིར་གནའ་བོའི་བོད་ཀྱི་ཐང་ག་སྣ་ཚོགས་ཉར་ཚགས་བྱས་ཡོད་པ་མ་ཟད། ད་དུང་མིང་རྒྱལ་རབས་དང་ཀྲུང་ཧྭ་མེན་གོའི་དུས་སྐབས་ཀྱི་ཐང་ག་བརྒྱ་ཕྲག་ལྷག་ཉར་ཚགས་བྱས་ཡོད་དེ།
པཎ་ཆེན་སྐུ་ཕྲེང་བཅུ་པ་སྐུ་དངོས་ནས་ཨ་ལགས་སྟག་ཚ་ཚང་ལ་གནང་བའི་པཎ་ཆེན་སྐུ་ཕྲེང་དགུ་པའི་འདྲ་སྐུའི་ཐང་ག་དེ་ནི་དུས་རབས་གོང་མའི་ལོ་རབས་ཉི་ཤུའི་ནང་དུ། ཀྲི་ཅང་ཏུའུ་ཅིན་ཧྲིན་གོས་འཐག་བཟོ་གྲྭ་ཁང་གིས་འཐག་དྲུབ་བྱས་པ་རེད། ཏུའུ་ཅིན་ཧྲིན་ཞེས་པ་ནི་ཆིང་རྒྱལ་རབས་ཀྱི་མཇུག་གི་དུས་སྐབས་སུ་བྱུང་བའི་རྒྱལ་གཅེས་ཁེ་ལས་པ་མིང་གྲགས་ཅན་ཞིག་ཡིན་ལ། ཆིང་རྒྱལ་རབས་ཀྱི་རྗེས་སུ་ཉམས་རྒུད་དང་དབུལ་ཕོངས་སུ་གྱུར་བཞིན་པའི་སྐབས་དེའི་ཀྲུང་གོའི་རྣམ་པ་མཐོང་བས། ཏུའུ་ཅིན་ཧྲིན་གྱིས་བཟོ་གྲྭ་བཙུགས་ནས་ཀྲུང་ཧྭ་དར་སྤེལ་གཏང་རྒྱུའི་དམ་བཅའ་ནན་མོ་སེམས་ལ་ཉར་བ་རེད། མི་རིགས་ཁེ་ལས་པ་དེའི་རྒྱལ་གཅེས་ཀྱི་བྱ་སྤྱོད་ལ་རྒྱབ་སྐྱོར་བྱེད་ཆེད། པཎ་ཆེན་སྐུ་ཕྲེང་དགུ་པས་ཏུའུ་ཅིན་ཧྲིན་གོས་འཐག་བཟོ་གྲྭ་ཁང་ནས་གོས་ཐང་སྟོང་ཕྲག་འགའ་བཟོ་དྲུབ་བྱས་ཏེ་བོད་ལྗོངས་སུ་ཁྱེར། པཎ་ཆེན་སྐུ་ཕྲེང་དགུ་པའི་བཀའ་དྲིན་མཚོན་ཕྱིར། ཏུའུ་ཅིན་ཧྲིན་གོས་འཐག་བཟོ་གྲྭས་པཎ་ཆེན་སྐུ་ཕྲེང་དགུ་པའི་འདྲ་སྐུའི་གོས་ཐང་གསོན་ཉམས་ལྡན་པ་འདི་འཐག་དྲུབ་བྱས་ཏེ་ཁོང་ལ་ཕུལ།

ཆོས་རིག་དཔེ་མཛོད་ཁང་གི་དཔེ་ཀློག་ཁང་།
གནའ་བོའི་ལོ་རྒྱུས་ཀྱི་བཞུར་རྒྱུན་དང་འགྲོགས་པའི་རིག་གནས་དངོས་རྫས་འདི་དག་ལས། རིགས་སོ་སོའི་མི་དམངས་རྣམས་ཀྱིས་ཕན་ཚུན་རོགས་འདེགས་དང་། བརྩི་བཀུར། མཉམ་འབད་བཅས་བྱས་པའི་ལོ་རྒྱུས་གསལ་པོར་ར་སྤྲོད་བྱེད་ཐུབ་ཅིང་། བོད་རིགས་མི་དམངས་ཀྱི་བྱམས་བརྩེ་དང་བློ་གྲོས། དཔའ་ངར་དང་སྤོབས་སེམས་བཅས་ཀྱང་གསལ་པོར་རྟོགས་ཐུབ།
ཐོག་ཁང་གསུམ་པའི་ལམ་རིམ་ལྷ་ཁང་དུ་བོད་བརྒྱུད་ནང་བསྟན་དར་སྤེལ་དང་བོད་མི་རིགས་ཀྱི་རིག་གནས་ལ་མཛད་རྗེས་བླ་མེད་བཞག་པའི་སྐྱེས་ཆེན་དམ་པ་རིམ་བྱོན་གྱི་སྐུ་བརྙན་ཆ་ཚང་བཞེངས་ཡོད་ལ། མདུན་ངོས་ཀྱི་གཙོ་སྐུ་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགེ་ལུགས་པའི་གྲུབ་མཐའི་སྲོལ་འབྱེད་པ་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་འདྲ་སྐུ་ཡིན་ལ། ཁོང་གིས་མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་དོན་སངས་རྒྱས་ཀྱི་དགོངས་པ་ཇི་བཞིན་བཀྲལ་ཞིང་དོན་ཉམས་སུ་བཞེས་ཏེ། ཕྱི་རུ་ཉན་ཐོས་ཀྱི་སྤྱོད་པ་ཞི་ཞིང་དུལ་བ་དང་། ནང་དུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་གཞོལ་བའི་ལྟ་སྤྱོད་གཙང་མའི་ལུགས་བཟང་སྤེལ་ཏེ་གངས་ཅན་མཁས་གྲུབ་ཀུན་གྱིས་གཙུག་ཏུ་བཀུར་ཞིང་མཐའ་དབུས་སྐྱེ་འགྲོ་ཐམས་ཅད་ཀྱིས་གུས་ཤིང་བཏུད་པར་གྱུར་པས། གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ་ཞེས་ས་ཆེན་པོ་འདིར་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་ཀུན་ཏུ་ཁྱབ་པ་བྱུང་།
བོད་བརྒྱུད་ནང་བསྟན་ཆོས་ལུགས་རིག་གནས་ཀྱི་ཁྱད་ཆོས་དང་དེང་རབས་དཔལ་ཡོན་གྱི་རྣམ་པ་གཞི་གཅིག་ཏུ་བསྡུས་པའི་དཔེ་མཛོད་ཁང་འདི་རུ་གྲུབ་མཐའ་སོ་སོ་དང་། མི་རིགས་སོ་སོ། ལོ་རྒྱུས་ཀྱི་དུས་སྐབས་སོ་སོ་བཅས་ཀྱི་ཕུལ་བྱུང་རིག་གནས་ཀྱི་དཔེ་གཞུང་སྣ་ཚོགས་དང་། རིན་ཐང་གཞལ་དུ་མེད་པའི་རིག་གནས་དངོས་རྫས་གང་མང་ཉར་ཚགས་བྱས་ཡོད་པ་མ་ཟད། དེང་རབས་དཔེ་མཛོད་ཁང་གི་དོ་དམ་དང་། སློབ་ཁྲིད། དཔེ་ཀློག ལྟ་སྐོར་སོགས་ཀྱི་ཐབས་ཤེས་སྣ་མང་ལ་བརྟེན་ནས། རྒྱ་ཆེའི་ཀློག་པ་པོ་དང་ཞིབ་འཇུག་མཁན་རྣམས་ལ་ཞབས་འདེགས་གང་ལེགས་སྒྲུབ་བཞིན་ཡོད་པ་འདི་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་སྔར་བྱུང་མ་མྱོང་པའི་རྣམ་པ་ཞིག་ཡིན་ལ། དེས་བོད་མི་རིགས་ཀྱི་རིག་གནས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐད་ལ་ནུས་པ་གལ་ཆེན་འདོན་བཞིན་ཡོད།

གནམ་སྔོན་པོའི་འོག་དང་སྤྲིན་དཀར་པོའི་མཐིལ་ན། ས་ཕྱུག་མོའི་པང་དང་ཆུ་དྭངས་མོའི་འགྲམ་དུ། མཐོང་ན་ཉམས་དགའ་ཞིང་བརྗོད་ན་སེམས་སྐྱིད་པའི་མཐོ་སྒང་གི་ཕྲ་རྒྱན་ལྟ་བུར་བྱིན་ཆགས་སུ་གནས་པའི་གླིང་དཀར་སྟོད་ཀྱི་ཆོས་སྡེ་ཆེན་མོ་སྟག་ཚ་དགོན་དགེ་ལྡན་བཀྲ་ཤིས་ཆོས་བཟང་གླིང་གི་ཆོས་རིག་དཔེ་མཛོད་ཁང་འདི། འཛམ་གླིང་འཛིན་མའི་ཡང་རྩེར་རྟག་བརྟན་གྱི་རྡོ་རིང་ཇི་བཞིན། ཡུལ་ཁམས་འདིའི་སེམས་ཅན་ཡོངས་ལ་ལམ་སྟོན་དང་སྟོབས་ཤུགས་ཚད་མེད་གནང་ངེས་སོ། །

སྟག་ཚ་དགོན་པའི་སྤྲུལ་སྐུ་བསྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ་མཆོག་གིས་ཆོས་རིག་དཔེ་མཛོད་ཁང་གི་གནས་ཚུལ་ངོ་སྤྲོད་མཛད་བཞིན་པ།
འཕྲིན་སྟེགས། weikangba