སྟོད་ཀྱི་བླ་མ་ཆེ་དྲུག་སྐོར་རགས་ཙམ་གླེང་བ།

2016-01-08
272

  འདིར་བཤད་པར་བྱ་བ་ལ་གཉིས་ཏེ། གཞུང་སོ་སོའི་ནང་གསུངས་ཚུལ་ཁག་དང༌།དེ་དག་སོ་སོའི་དོན་བཤད་པའོ།།དང་པོ་གསང་བ་སྔགས་ཀྱི་བསྟན་པའི་རྒྱུད་འཛིན་མུ་ཏིག་ཕྲེང་བ་བཞིན་ཚར་དུ་དངར་བའི་ནང་ནས་སྟོད་ཀྱི་བླ་མ་ཆེ་དྲུག་ཅེས་ཡོངས་སུ་གྲགས་པའི་ལོ་རྒྱུས་བཤད་ཚུལ་མི་མཐུན་པ་དུ་མ་ཞིག་ཡོད་དེ།  མ་རྒྱུད་སངས་རྒྱས་རྒྱུད་གསུམ་དང༌། དེའི་འགྲེལ་བ་མ་མོའི་རྒྱུད་འགྲེལ་སོགས་ལྟར་ན།  གསང་བ་འདུས་པ་དང༌།  སྟག་ལ་མེ་འབར།  རྨ་ལོ་དར་དཔྱང༌།  ཡོངས་སུ་དག་པ། མི་ལུས་བསམ་ལེགས།ཡེ་ཤེས་སྙིང་པོ་སོགས་བཞག་ལ། དར་རྒྱས་གསལ་སྒྲོན་ལས། སྟག་ལ་དང༌། ཡོངས་དག རྒྱལ་གཤེན།ཀྲུ་གྲུབ། སྣང་མདོག མུ་ཁྲི་བཙན་པོ་སོགས་བཞེད་དོ། །

     ལེགས་བཤད་མཛོད་དང༌། སྐལ་བཟང་མགྲིན་རྒྱན།བསྟན་འབྱུང་སྣང་བ་དཀར་པོ། རྒྱལ་རབས་བོན་གྱི་འབྱུང་གནས་སོགས་ཀྱི་དགོངས་དོན་མཐུན་པས།ཁོ་བོས་སྐབས་འདིར་ལུང་ཕྱི་མ་རྣམས་ཀྱི་དགོངས་པ་ལྟར་བཀོད་ན། གསང་བ་དུས་པ་དང༌།སྟག་ལ་མེ་འབར། ཡོངས་སུ་དག་པ། མི་ལུས་བསམ་ལེགས། ཡེ་ཤེས་སྙིང་པོ།སྣང་བ་མདོག་ཅན་དང་དྲུག་ཡིན་ཏེ། བསྟན་འབྱུང་སྣང་བ་དཀར་པོ་ལས།སྟོད་ཀྱི་བླ་མ་ཆེ་དྲུག་ཅེས། གསང་འདུས་སྟག་ལྷ་ཡོངས་དག་དང༌།བསམ་ལེགས་ཀླུ་གྲུབ་སྣང་མདོག་གིས། བོན་རྣམས་དར་ཞིང་རྒྱས་ལ་སྤྱད།ཅེས་གསུངས་པ་ལྟར་ཡིན།

     གཉིས་པ་སོ་སོའི་དོན་ལ་དྲུག་ཡོད་པའི་དང་པོ་གསང་བ་འདུས་པ་ལ་གསུམ་སྟེ།  སྐུ་སྐྱེ་བ་བཞེས་ཚུལ་དང༌། དེ་ནས་གསང་སྔགས་ཀྱི་བོན་བསྒྲུབ་ཚུལ།མཐར་གྲུབ་པ་བརྙེས་ཚུལ་ལོ།  དང་པོ་ནི། རྟག་གཟིགས་ཀྱིས་ཡུལ་ཤོད་མ་གསེར་སྟེང་བྱ་བར།མཁར་ལིང་ལིང་བང་རྩེར། ཡབ་ལྷ་ཡི་རྒྱལ་པོ་ཞི་བ་ལྡན་དང༌།ཡུམ་ལྷ་བཞིན་མཛེས་གཉིས་ལས་དགུང་ཚེས་བཅོ་རླུང་ལྔའི་ཉིན་སྲས་ཞིག་འཁྲུངས་པ་མཚན་བཟང་དང་ལྡན་ཞིང༌།  ཁྲོ་བོའི་སྒྱུ་རྩལ་དང་ཐེག་དགུའི་དོན་ཐུགས་ལ་གསལ་བ།  གསང་བའི་གཟུངས་ཐུབ་པ་ཞིག་བྱུང་བས་མཚན་དུ་གསང་བ་འདུས་པ་ཞེས་གསོལ་པའོ། །

      གཉིས་པ།  གསང་སྔགས་ཀྱི་བོན་བསྒྲུབ་ཚུལ་ནི།འཆི་མེད་ཡུམ་སྲས་གཤེན་གསུམ་གྱིས་བདུད་སྲིན་གྱི་གཉའ་གནོན་དང༌།  བཤད་སྒྲུབ་ཀྱི་སྲོལ་འཛིན་དགོངས་ཏེ་གསང་སྔགས་ཀྱི་དབང་བསྐུར་བསྙེན་བསྒྲུབ་ཀྱི་གཉེར་གཏད།ཛ་དབལ་གྱི་མཐུན་བྱིན་པ་སོགས་ལ་བརྟེན་ནས།  མཚལ་རི་ལྷ་ཡི་མདུན་ས་གཡུང་དྲུང་བདུད་འཇོམས་ཀྱི་རི་བོ། རི་ནག་འཇོམས་པའི་བྲག་ཕུགཨ་སུ་ར་ཡི་བྲག  གཤོག་མདའ་འཛིན་གྱི་དབུས། གཡའ་གངས་མཚམས་ཀྱི་བྲགརྟ་སྒོ་གངས་ཀྱི་ཤེལ་བར་སོགས་སུ་གསང་སྔགས་ཀྱི་རྫས་དང་ཡོ་བྱད་བསགས་ཏེ།ལྷ་མོ་བསེན་ཐུབ་མ་གྲོགས་སུ་བཀུགས་ནས་སྤྱི་སྤུངས་ཞི་ཁྲོ་དང༌།དབང་ཆེན་གསང་འདུས་མཁའ་འགྱིང་སོགས་སྒྲུབ་ཅིང༌།སྲོད་ལ་དྲག་པོ་ལས་ཀྱིས་བདུད་སྡེ་ཚར་བཅད། གཝང་ལ་མཁའ་ཀློང་གི་སྣང་སྲིད་ཆ་སྙོམས།ཐོ་རངས་འབན་ཚོགས་ལྷག་ཡི་དབལ་གཏོར་གྱིས་ལྷ་འདྲེའི་ཟ་ཁ་བཟློག་སྟེ།བདུད་པོ་རི་ཏེ་མགོག་ཡག་དང༌། དམུ་རྗེ་ཀ་པ་ལི་ཏོར། མཚམས་རྗེ་ཡ་བོ། གཉན་རྗེ་གོང་སྔོན།གནོད་སྦྱིན་ཧ་ལ།  གདོང་བརྒྱད་སོགས་ལོག་འདྲེན་ཐམས་ཅད་དམ་ལ་བཏགས།གཡུང་དྲུང་བདུད་འདུལ་གྱི་གསས་ཁང་དང༌།གཡུང་དྲུང་སྒྱུ་འཕྲུལ་དྲེགས་པ་ཁ་གནོན་སོགས་གསས་ཁང་བརྒྱད་བཞེངས་ཏེ།བདུད་བོན་ཆབ་ལྕགས་མྱུར་བ་དང༌། ཀླུ་བོན་དབྱངས་སྙན་གྱིམ་བུ། སྣ་བོན་ལི་བྱིན།ཐ་བོན་གྲུབ་སྐྱོལ་སོགས་ལ་གཉེར་དུ་གཏད་དོ།།གཞན་ཡང་མཚལ་རི་ཟུར་གསུམ་གྱི་ཕྱོགས་བཞི་རུ་གཡུང་དྲུང་དགུ་འདུས་སོགས་མཆོད་རྟེན་བཞི་དེ་སྡེ་བརྒྱད་ཀུན་བསྡུས་ནས་བརྩེགས་པའོ།།

     གསུམ་པ་དེ་ལྟར་བསྒྲུབས་པའི་འབྲས་བུ་ནི།ཐུན་མོང་དུ་ཕྱི་ནང་གྲུབ་རྟགས་དང༌། རྫུ་འཕྲུལ་ལ་མངའ་བརྙེས་པ་དང༌།མཆོག་ཏུ་ཁྲོ་བོ་གཙོ་མཆོག་མཁའ་འགྱིང་དང་གཉིས་སུ་མེད་པར་གྲོལ་ལོ། །

     གཉིས་པ་སྟག་ལྷ་མེ་འབར་ལ་ཡང་གོང་ལྟར་ས་བཅད་གསུམ་ཡོད་པས། དང་པོ་སྟག་ལྷ་འཁྲུངས་ཚུལ་ནི།རྟག་གཟིགས་ཀྱི་ཡུལ་གུང་ནམ་སྡེ་སྟོད། མཁར་མང་བ་སྟག་རྩེ་རུ། ཡབ་ལྷ་ཡི་རྒྱལ་པོ་དང༌།ཡུམ་སྟག་ཟ་ཧེ་ཏི་གཉིས་ལ་བཟང་ངན་གྱི་ལྟས་དང་བཅས་ཏེ་སྲས་གཉིས་འཁྲུངས་པ་ལ་བྲམ་ཟེས་ལྷ་དང་སྲིན་དུ་ཁ་དམར་བཏགས།  ལྷ་བུ་ནི་ཟས་དཀར་གསུམ་ལ་དད་ཅིང༌། མི་ཡི་ལུས་ལ་སྟག་གི་ཆ་བྱད་ཅན། ལུས་ལ་མེ་འོད་འབར་བ།ཐུགས་ལ་འོད་ཟེར་འཕྲོ་བ་ཞིག་ཡོད་པས། མཚན་དུ་སྟག་ལྷ་མེ་འབར་ཞེས་གསོལ།

     གཉིས་པ་སྤྱི་སྤུངས་བསྒྲུབ་གྲུལ་ནི།  ལས་སྨོན་གྱིས་སྤུན་ཟླར་སྐྱེས་པའི་སྲིན་པོ་ལ་ཡུམ་གྱིས་མཚང་བྲུ་བྱས་པས་ཡུམ་བརྡུངས།ཡབ་ཀྱིས་ཁྲིམས་ལས་འདས་ཏེ་རལ་གྲིས་སྐེ་བཅད་པས།རྟག་གཟིགས་ཀྱི་ལྷོ་ནུབ་ཕག་ནག་ཁྲོས་པའི་རི་ལ་ཞུགས་ཤིང་མི་རྣམས་ཟོས་པས་རྗེ་ཡི་མངའ་རིས་བརླག་གྲབས་བྱས།ཁོའི་མིང་ལ་སྲིན་རྒྱལ་དྷ་ཤ་ག་ཧྲི་བ་གྲགས།དེས་ན་སྟག་ལྷ་མེ་འབར་གྱིས་སྲིན་པོ་པོ་བསྒྲལ་བའི་ཕྱིར་དུ་ཁོའི་གནས་འཕྲོག་ཅིང༌།སྒྲུབ་པ་ལས་སྦྱོར་དང་བཅས་པའི་རྫས་བསགས།བྱང་ཆུབ་སེམས་པ་དང་སྙིང་རྗེ་འབའ་ཞིག་སྒོམ་ནས་དྲང་པོ་ཕུར་པའི་གཞུང་བསྲང་སྟེ།སྲུང་མ་ལས་ལ་སྦྲན་ཡང་སྲུང་མ་དམ་ལ་མ་འདུས་ནས་སྲིན་རྒྱལ་བསྒྲལ་མ་ཐུབ་ཚེ།ལྷ་མོ་ཐུགས་རྗེ་བྱམས་མས་དྲག་པོའི་ལས་ལ་འབད་དགོས་པའི་ལུང་བསྟན་བྱུང་བར་བརྟེན།དྲག་པོའི་དམ་རྫས་ཚོགས་པར་བསགས་ཤིང༌། ཕུར་ནག་གི་ལྷ་ཚོགས་དང༌། ལྷ་སྲས་ཀྱི་དམག་སྦྲན།དབང་བྱིན་གྱི་མཐུ་སྐྱེས། འགུགས་འདྲེན་ཕོ་ཉ་བཏང་སྟེ།སྒྲོལ་བྱེད་ཨེ་ཀློང་དུ་སྲིན་རྒྱལ་བཅུག་ཅིང་བསྒྲལ།  དེ་ཡང་སྲིན་པོ་མེམ་རིག་བྲལ་ཞིང༌།རྣམ་ཤེས་བདེ་གནས་སུ་བཀོད། གཟུགས་ཕུང་དུར་ཁྲོད་ཀྱི་རྫས་སུ་བྱིན་གྱིས་བརླབས་པར་མཛད།གཞན་ཡང་ཁྲོ་བོ་དབལ་གསས་ཀྱི་སྐུ་རུ་བཞེངས་ཏེ་དྲེགས་པ་མོ་རྒྱུད་རྣམས་སྦྱོར་བས་བརྟུལ།དེ་ལྟར་སྦྱོར་སྒྲོལ་ཟབ་མོས་འགྲོ་བ་དྲངས་སོ། །

   གྲུབ་པའི་འབྲས་བུ་ནི།དབལ་གྱི་བྲག་ཕུག་རོང་ཆེན་གྱི་གནས་སུ་གྲུབ་པ་ཐོབ་པས་སྲིན་ཡུལ་བསྲེགས་ཤིང༌།ལྷ་མིན་གྱི་གྲོང་ཁྱེར་བཅོམ། བགེགས་དང་བདུད་སྲིན་གྱི་དཔུང་ཚོག ས་བཤིགས་པར་མཛད་དོ།།

   གསུམ་པ་ལྷ་གཤེན་ཡོངས་སུ་དག་པ་འཁྲུངས་ཚུལ་ནི།ལྷ་ཡུལ་སྣང་མ་གཡུ་སྟེང་དུ། ལྷ་མཁར་སྒྲོན་མ་དགུ་ཐོག་བྱ་བར།ཡབ་ལྷ་རྒྱལ་བ་རབ་འོད་དཀར་རྗེའམ།  ལྷ་རབ་འོད་དཀར་དང༌།  ཕྱི་ལྕམ་ཁྲི་ནི་ཏིང་བཙུན་གཉིས་སྟང་དབྱལ་ལས།གསང་འདུས་ཀྱིས་བྱིན་གྱིས་བརླབས་པས་མཚན་དཔེ་ལྡན་པའི་སྲས་ཞིག་འཁྲུངས་པ་ལ།མཚན་དུ་ལྷ་གཤེན་ཡོངས་སུ་དག་པ་ཞེས་གསོལ་པའོ། །

   གཉིས་པ་སྒོམ་བསྒྲུབ་གནང་ཚུལ་ནི།  ལྷ་ཡུལ་སུམ་ཅུ་རྩ་གསུམ་དུ་ལྷ་རྣམས་ལ་བོན་འཆད་ཅིང་བཞུགས་པས།བརྒྱ་བྱིན་གྱིས་འདོད་ཡོན་གྲངས་མེད་ཕུལ།  དེའི་དུས་ན་ལྷ་ཡི་དྲང་སྲོང་དམོད་པ་འདོར་ཞེས་བྱ་བ་དེ་ལྟ་བ་ལོག་སྟེ་དམོད་པ་ཆེན་པོ་ལྔ་བྱས་པས།ལྷ་གཤེན་གྱི་སྐུ་གསུང་ཐུགས་སོགས་ཉམས་པར་གྱུར་ནས། གཤེན་རབ་ལ་ཞུས་ཙ་ན།གཤེན་རབ་ཀྱིས་འོད་ལྔའི་བཅུད་ལས་རིགས་ལྔའི་བྱམས་མ་མངོན་པར་ཕྱུང་སྟེ།ལོག་ལྟ་ཅན་རྣམས་བརྒྱལ་བར་བྱས་སོ།།ཁྱད་པར་དུ་ལྷ་ཡི་དྲང་སྲོང་དེ་ཡང་དད་པ་གསུམ་སྐྱེས་ཏེ།དམོད་ངན་བཤིགས་ཤིང་སྔར་བྱས་བཤགས་ལ་ཕྱིས་སུ་མི་བྱེད་པའི་དམ་བཅའ་ཕུལ་བས།  དེ་ཉིད་དུ་གནས་འགྱུར་ཞིང་ལྷ་མི་ལ་ཕན་འདོགས་སྣ་ཚོགས་བྱེད་པའི་དྲང་སྲོང་ཞིག་ཏུ་གྱུར།གཞན་ཡང་གཤེན་གསང་བ་འདུས་པ་དང༌། སྟག་ལྷ་མེ་འབར་གཉིས་ལ།  སྤྱི་སྤུངས་རྒྱས་པའི་སྐོར་དང་ལྷ་ཡུལ་དུ་གྲགས་པའི་བོན་རྣམས་ཞུས་ཤིང་བསྒྲུབས་པའོ།།

    གསུམ་པ་འབྲས་བུ་ནི།  ཐུན་མོང་དུ་སེ་གོལ་བརྡབས་པ་དང༌།  ལྗགས་མཆིལ་གཏོར་བས།ཁྲུང་ཁྲུང་དུ་སྤྲུལ་ཞིང་ལྗགས་མཆིལ་ལས་མེ་ཏོག་འཁྲུངས་པ་དང༌།ནམ་མཁར་བྱ་ལྟར་འཕུར་ཞིང༌། ལྷ་དམག་རྒྱལ་བ་དང༌། ལྷ་མིན་ཕམ་པར་བྱས་སོ།།མཆོག་གི་དངོས་གྲུབ་ནི་དབལ་གསས་ཁྲོ་བོ་དང་གཉིས་སུ་མེད་པར་གྲོལ་ཞིང་འགག་མེད་པདྨ་རིགས་སུ་(ཞེས)འཁོད་དོ།

   བཞི་པ་རྒྱལ་གཤེན་མི་ལུས་བསམ་ལེགས་འཁྲུངས་ཚུལ་ནི།མི་རྗེ་ལ་སྔ་བ་ཐ་ཚན་ཧི་སངས་སྐྱ་ཞེས་པ་དགུང་ལོ་མཐོན་པོར་ཕྱིན་ཅིང་གཤེགས་པར་ཉེ་བ་ན།གདུང་འཛིན་གྱི་སྲས་མ་མཆིས་པས་རྒྱལ་འབངས་རྣམས་མཐའ་ཡི་རྒྱལ་ཕྲན་རྣམས་ལ་འཇིགས་ཏེ།  རྒྱལ་ཡུམ་བྱམས་མར་གསོལ་བ་བཏབས་པས།ལོ་གཅིག་ཙམ་ན་ཡུམ་གྱི་ལྷུམ་ནས་སྲས་མཚན་བཟང་ལྡན་པ་ཞིག་འཁྲུངས་པ་ལ་མཚན་ཡང་མི་ལུས་བསམ་ལེགས་ཞེས་པར་གསོལ།

   གཉིས་པ་རྒྱུད་ལ་ཤེས་རབ་རྣམ་པར་དག་པ་འཁྲུངས་ཤིང༌།མི་ཡི་ལུས་ལ་ལྷ་ཡི་ལྟ་བ་ཁྱད་པར་ཅན་ལྡན་ཞིང༌། ཀྲུ་ཡི་བོན་མན་ངག་ཟབ་མོ་དང༌།དྲང་སྲོང་གི་བོན་མཚན་ཉིད་སྡེ་ལྔ་དང༌། གསང་སྔགས་གསང་བའི་རྒྱུད་ལྔ།  དྲག་སྔགས་རྫུ་འཕྲུལ་བཅུ་གསུམ་རྣམས་ཐུགས་སུ་ཆུད་པ་དང༌།སྤྱི་སྤུངས་འབྲིང་པོ་ཡོངས་ཁོལ་འཕྲིན་ལས་ཀྱི་སྐོར་རྣམས་གསང་བ་འདུས་པ་དང༌།ཡོངས་སུ་དག་པ་གཉིས་ལས་ཞུས་ཤིང༌། མཁའ་འགྲོ་རྒོད་ལྕམ་དོན་འབོར་གྲོགས་སུ་བཙལ་ཏེ།རྒྱ་མཁར་བ་ཆོད་དུ་བསྒྲུབ། གཞན་ཡང་འཁོར་རྣམས་ལ་གཞི་ཡེ་སངས་རྒྱས་པའི་རྒྱུད་དང༌།ལམ་མངོན་སངས་རྒྱས་པའི་རྒྱུད། འབྲས་བུ་རྫོགས་སངས་རྒྱས་པའི་རྒྱུད་སོགས་བཤདཔ་དང༌།རྒྱལ་གཤེན་ཉིད་དཔག་ཚད་གཅིག་ནམ་མཁར་འཕགས་ཏེ་གཞའ་གུར་རིམ་ལྔར་བཞུགས་ནས་ཚོགས་ཀྱི་མཆོད་པ་ཕུལ་བ་སོགས་མཛད།

   འབྲས་བུ་ནི།ཐུན་མོང་དུ་རྒྱ་མཚོའི་ཀློང་དུ་མཆོད་རྟེན་བརྩེགས་པ་དང༌། དགུན་ཁར་མེ་ཏོག་གི་ཆར་ཕབས་པ།ཏིང་འཛིན་གྱི་མེས་ལོག་ལྟ་སྲེགས་པ་དང༌། འཁོར་རྣམས་ལ་གྲུབ་པ་ཐོབ་པ་དཔག་མེད་དང༌།མཁའ་ལ་གཤེགས་བཞུད་ནུས་པ་ལྔ་བརྒྱ་ཙམ་བྱུང་ཞིང༌།རྒྱ་མཁར་བ་ཆོད་ཀྱི་སེམས་ཅན་ཀུན་ལུས་འཇའ་འོད་དུ་ཡལ་ཞིང༌། སེམས་བོན་ཉིད་དུ་གྲོལ་ཏེ།  སངས་རྒྱས་པ་དང༌།མཆོག་ཏུ་སྐུ་ལུས་ཟག་མེད་ཡི་དམ་གྱི་ལྷ་ཁྲོ་གསས་ཞི་ཁྲོ་དང་དབྱེར་མེད་པར་གཡུང་དྲུང་རིགས་སུ་ གསལ་རྫོགས་སུ་གྲོལ་ལོ།།

   ལྔ་པ་ཀླུ་གྲུབ་ཡེ་ཤེས་སྙིང་པོ་འཁྲུངས་ཚུལ་ནི།སྔོན་གྱི་དུས་སུ་ཡུལ་ཟི་ཏ་ཕུག་རིས་ཀྱི་ཚལ།  མཁར་ལྗོན་པ་གཡུ་རྩེ་བྱ་བ་ན།  ཡབ་བྲམ་ཟེ་མཛེས་ལྡན་དང༌།ཡུམ་གཉན་ལྕམ་ཟི་མ་གཉིས་ལ་སྲས་མེད་པས་ཀླུ་བོན་དབྱར་སྙ་གྱིམ་བུ་ལ་བསྟེན་ཞིང༌།ཀླུ་ལ་མཆོད་པ་རྒྱ་ཆེན་ཕུལ་བས། ཀླུ་རྣམས་མཉེས་ཏེ།  ཡབ་ལ་ཀླུ་ཡི་ལུང་བསྟན་དང༌།རྨི་ལམ་བཟང་པོའི་ལྟས་བཅས་ཡུམ་ལ་སྲས་ཤིག་འཁྲུངས་པར་མཚན་དུ་ཀླུ་གྲུབ་ཡེ་ཤེས་སྙིང་པོ་ཞེས་གསོལ།

   གཤེན་དེ་ཡང་དགུང་ལོན་ནས་ཡབ་ཀྱི་བཀའ་བཞིན་རྒྱལ་གཤེན་མི་ལུས་བསམ་ལེགས་ལ་གཏུགས་ཤིང༌།རྒྱུད་སྦྱང་བས། འབུམ་སྡེ་ལྔ་ཡི་དོན་ཐུགས་སུ་ཆུད་པར་བྱས།ཡང་རྒྱལ་གཤེན་ལ་ངེས་པའི་དོན་ཞིག་དགོས་ཞུས་པས།རྒྱལ་གཤེན་གྱིས་ངེས་དོན་ལ་མཁས་པའི་ལྷ་གཤེན་ཡོངས་སུ་དག་པའི་མདུན་དུ་སོང་ཞིག་གསུངས།དེར་བྱོན་ནས་མེ་ཏོག་གླིང་དུ་ཆུ་དར་གྱི་གུར་ཕུབ་སྟེ་བསྒྲུབས་པས།རྫུ་འཕྲུལ་དང་གྲུབ་པ་མངའ་བརྙེས་ཤིང༌།འཇིག་རྟེན་གྱི་མཐུ་གང་ལ་ཡང་ཐོགས་པ་མེད་པར་བྱུང་ཡང་ངེས་དོན་མ་རྙེད།ཡང་རྒྱལ་གཤེན་ལ་ངེས་དོན་ལ་མཁས་པའི་གཤེན་རབ་ཅི་ལྟ་བུ་ཞིག་མངའ་ཞུས་པས།ཀུན་བཟང་གཤེན་ལྷ་ཞེས་པ་ནམ་མཁའི་དབྱིངས་སུ་ཡོད་གསུངས།དེ་ནས་རྒྱལ་གཤེན་དེ་ཉིད་བྱ་ཁྱུང་རླུང་གཤོག་ཅན་དང༌།ཉ་ཙ་མོ་མགྲིན་བཟང་སོགས་ལ་སྤྲུལ་ནས།  ནམ་མཁའི་དབྱིངས་དང༌།  རྒྱ་མཚོའི་དཀྱིལ་དུ་བཙལ་ཡང་མ་རྙེད།མཐར་གཤེན་ལྷའི་སྤྲུལ་པ་མི་དཀར་རྟ་དཀར་ཅན་ཞིག་དང་མཇལ་བས།  དེའི་ལུང་བསྟན་ལྟར་མེ་ཏོག་གླིང་དུ་དར་དཀར་གྱི་གུར་ནང་དུ་དེ་བཞིན་ཉིད་ཀྱི་དགོངས་པ་ཡུན་རིང་སྒོམ་པས། གཤེན་ལྷའི་ཞལ་མཇལ་ཞིང་ལུང་བསྟན་ཐོབ།གཞན་ཡང་ཆུ་མིག་བརྒྱད་ཅུ་རྩ་གཉིས་ཀྱི་འགོར་བྱམས་མ་ཀླུ་ཡི་འཇིགས་སྐྱོབས་མ་བསྒྲུབས་པས་མངོན་སུམ་དུ་མཇལ་བ་དང༌།  གསང་བ་འདུས་པ་དང་མི་ལུས་བསམ་ལེགས་གཉིས་ལས།སྤྱི་སྤུངས་བསྡུས་པ་ངོ་སྤྲོད་ཀྱི་སྐོར་དང་ཀླུ་ཡུལ་དུ་གྲགས་པའི་བོན་རྣམས་ཞུས་ཤིང་བསྒྲུབས།

   གསུམ་པ་འབྲས་བུ་ནི།ཀླུ་རྣམས་དབང་དུ་བསྡུས་ཤིང་བོན་འཆད་པ་དང༌། ཀླུ་རྣམས་ཀྱི་ཟས་སྐོམ་འདྲེན་པ།ཆུ་ལ་བྱིང་པ་མེད་ཅིང༌།  ནམ་མཁར་མེ་ཏོག་གི་ཆར་འབེབས་པ་སོགས་མཛད།མཆོག་གི་དངོས་གྲུབ་ནི་སྐུ་ལུས་འོད་ཟེར་དུ་སྤྲོ་ཞིང་ཡི་དམ་གཏུམ་གསས་ཁྲོ་བོ་དང་དབྱེར་མེད་དུ་གྲོལ་བའོ།།

   དྲུག་པ་སྣང་བ་མདོག་ཅན་འཁྲུངས་ཚུལ་ནི།ཞང་ཞུང་གི་ཡུལ་གཤེན་གྱི་གདུང་འཛིན།ཀོང་ཚ་གཡུང་དྲུང་དབང་ལྡན་དང་བཙུན་མོ་བཀྲ་ཤིས་ལྷ་མོ་གཉིས་ཀྱི་སྟང་དབྱངས་ལས་ངོ་མཚར་གྱི་རྨི་ལམ་དང་བཅས་ཏེ་འཁྲུངས་པས་མཚན་དུ་ནམ་མཁའ་སྣང་བ་མདོག་ཅན་ཞེས་གསོལ།

    དེ་ཉིད་ཀྱིས་སྒོམ་སྒྲུབ་གནང་ཚུལ་ནི།རི་རྒྱལ་དབེན་པའི་ཡང་ཕུག་ཏུ་བཞུགས་ཤིང༌།གྲུབ་མཐའི་སྙིང་པོ་ཡང་དག་གཡུང་དྲུང་སེམས་མཐའ་གསལ་བའི་རྒྱུད་ལུང་གཏན་ལ་ཕབ་ཅིང༌།སྔ་དྲོ་ཕ་འབབ་གཏོར་ས་བྱ་རོག་གཅིག་ལས་གཞན་གྱི་སྐྱེ་འགྲོ་གང་དང་ཡང་མི་འཕྲད་པར་ཕྱི་རོལ་པ་ལ་གསང་ཞིང་བསྒྲུབ་པའི་ཚེ།ཉིན་གཅིག་བྱ་དེ་གཞན་དུ་སོང་ཚེ་ཕ་འབབ་ལོགས་སུ་གཏོར་བས།ཁོ་ལོག་ལྟ་སྐྱེས་ཏེ་ནུབ་ཕྱོགས་མུ་སྟེགས་གྲོང་དུ་སོང་ནས།གཤེན་སྣང་བ་མདོག་ཅན་རི་རྒྱལ་དབེན་ཕུག་ཏུ་བཞུགས་ཅིང་མུ་སྟེགས་སྟོན་པའི་དགྲ་རྩོམ་བཞིན་ཡོད་པའི་ཕྲིན་བསྐྱལ་བས།  མུ་སྟེགས་དེ་དག་གི་ནང་ནས་མུན་པའི་ཁྲོ་བདག་ཅེས་བྱ་བ།ཕྱི་རོལ་གྱི་གྲུབ་མཐའ་ལ་མངའ་བརྙེས་ཤིང༌།མཐུ་དང་རྫུ་འཕྲུལ་མཐར་ཕྱིན་པ་བསམ་གཏན་བཞི་ཡི་ཏིང་འཛིན་དང༌།ཕྱི་རོལ་གྱི་མངོན་ཤེས་ཕྲ་མོ་ཡོད་པ་དེ།སྣང་བ་མདོག་ཅན་གྱི་དྲུང་དུ་བྱ་བུ་རོག་པོ་ཞིག་ལ་སྤྲུལ་ནས་ཉུལ་མར་ཡོང་བའི་ཚེ།གཤེན་གྱིས་ཐུགས་རྗེ་ཆེན་པོས་སྦྱིན་པ་འབྱིན་ཡང་མ་སོང་བར།མུ་སྟེགས་ཀྱི་ལྟ་བ་ལོག་པ་དང་འཆལ་བ་ཡིན་པ་ཐོས་པས་གདུག་སེམས་བཟོད་མེད་སྐྱེས་ཏེ།དམག་གི་དཔུང་དང་བཅས་ཏེ་གསེར་སློང་དུ་བྱུང་བ་ལ།ཀུན་ལ་གསེར་སྤྲད་ཀྱང་ཁོ་དམན་པའི་ཚུལ་བསྟན་པས་མ་ཐོབ་པས་དབུ་དང་ཤ་ཁྲག་སློང་དུ་བྱུང༌།དབུ་སྐྲ་དང་ཤ་ཁྲག་གནང་ཡང་མ་སོང་བར་གྲུབ་མཐའི་རྩོད་གླེང་བྱས་པས།ཁོ་སུན་ཕྱུང་ཡང་རྫུ་འཕྲུལ་དང་གྲུབ་རྟགས་དུ་མ་འགྲན་ནོ།།གཤེན་པོས་དེ་དག་ལས་དཔག་པའི་གྲུབ་རྟགས་སུམ་བརྒྱ་དྲུག་ཅུ་བསྟན་ཡང༌།  ཁོས་ངན་སྦྱོར་དང་གནོད་གཅོད་དཔག་མེད་བྱས་ཚེ།གཤེན་པོ་ཐུགས་ཆད་ནས་གསེར་གྱི་གླེགས་བམ་ནམ་མཁའ་ལ་འཕང་སྟེ།བདེན་པ་བདར་ཞིང་ནམ་མཁར་གཤེགས་པས།དེ་མ་ཐག་ཏུ་ཤེས་རབ་བྱམས་མ་ཆེན་མོ་ལ་ཤེས་རབ་ལྷ་བདུན་གྱིས་བསྐོར་བ་མངོན་སུམ་དུ་མཇལ་ཏེ།  ལུང་བསྟན་དང་ཤེས་རབ་བསྐྱེད་པའི་གཟུངས་གནང་བས།  ཐོས་མ་ཐག་ཏུ་སྣང་མདོག་ལ་ཤེས་རབ་ཡེ་ཤེས་ཀྱི་རྟགས་བདུན་གྲུབ་ཅིང་བོན་ཐམས་ཅད་ཀྱི་དོན་དེ་ཁོ་ན་ཉིད་དུ་ཐུགས་སུ་ཆུད།རིགས་བཞི་བྱམས་མས་བསྲུང་ནས།མུན་པའི་ཁྲོ་བདག་དེ་ཁ་ནས་ཁྲག་སྐྱུགས་ཏེ་མུ་སྟེགས་རྒོལ་བ་ཚར་བཅད།གཞན་ཡང་ལྷ་གཤེན་ཡོངས་སུ་དག་པ་དང༌། རྒྱལ་གཤེན་མི་ལུས་བསམ་ལེགས།ཀླུ་གྲུབ་ཡེ་ཤེས་སྙིང་པོ་སོགས་ལས་སྙན་རྒྱུད་ཟབ་མོའི་མང་འབྲེལ་དང༌།སོ་ཐུབ་རན་ལ་འཚམས་པ།མན་ངག་ཉུང་ལ་འདུས་པ་དང༌། སྤྱི་སྤུངས་ཀྱི་བོན་རྣམས་ཞུས་ཏེ།  རི་རྒྱལ་གྱི་ཕོ་བྲང་དུ་ལྷ་མོ་འོད་ལྡན་ཟེར་འཕྲོ་མ་གྲོགས་སུ་བཙལ་ནས་སྒྲུབ་པ་དང༌།རྒྱལ་པོ་མུ་ཁྲི་བཙན་པོ་ལ་ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་གནང་བ་སོགས་མཛད་དོ། །

   དེ་ལྟར་སྒྲུབ་པའི་འབྲས་བུ་ནི།  ལྷ་བྲན་དབང་དུ་འདུས་ཤིང༌། ལྷ་སྲིན་དྲེགས་པ་ཅན་རྣམས་དམ་ལ་བཏགས།ལྷ་རྣམས་ཀྱིས་གུས་འདུད་བྱེད་ཅིང་བདུད་རྩིའི་གསོལ་ཟས་འདྲེན་པ་སོགས་ཐུན་མོང་གི་གྲུབ་རྟགས་དུ་མ་མངའ་བ་དང༌།  མཆོག་ཏུ་ཡི་དམ་གྱི་ལྷ་རྔམ་གསལ་ཡབ་ཡུམ་དང་གཉིས་སུ་མེད་པར་འཁོར་ལོ་ཡོན་ཏན་རིགས་སུ་འཁོད་དོ།།

   འདི་ལྟར་བྲིས་པ་འདི་ཡང་འོལ་ཚོད་ཙམ་དུ་མ་ཡིན་པར།རྒྱལ་བའི་བཀའ་ལུང་ཟབ་མོ་བྱམས་མའི་རྒྱུད་དང༌།  རྒྱལ་གཤེན་རྣམ་ཐར།རྒྱལ་རབས་བོན་གྱི་འབྱུང་གནས། ལེགས་བཤད་སྐལ་བཟང་མགྲིན་རྒྱན།བསྟན་འབྱུང་སྣང་བ་དཀར་པོ། ལེགས་བཤད་རིན་པོ་ཆེའི་མཛོད་སོགས་སུ་ཁུངས་བཅོལ་ཡང༌།ཁོ་བོར་སྦྱང་སྟོབས་ཀྱི་ཡོན་ཏན་ཆ་ཕྲ་བའི་རྐྱེན་གྱིས་མཁས་དབང་མཁྱེན་རབ་ལྡན་པའི་སྤྱན་ལམ་དུ་འབུལ་འོས་མ་མཆིས་ཀྱང༌།རང་འདྲའི་བློ་ཆུང་རྣམས་ཀྱི་བླ་མ་ཆེ་དྲུག་གི་མཛད་རྣམ་སྐོར་ལ་ཞིབ་འཇུག་ཡོང་བའི་ཆ་རྐྱེན་དུ་བྲིས་པ་འདི་ལ་དམ་པ་རྣམས་ཀྱིས་ལེགས་སྤེལ་དང་ཉེས་འགོག་གང་ཟབ་གནང་རྒྱུའི་ཞུ་བ་ཡང་ཡང་འབུལ་རྒྱུ་ལགས།

  • 顶