དཔལ་ནཱ་ལེནྡྲ་ལོ༨༠༠ཡི་རྗེས་སུ་སླར་གསོ་བྱུང་བ།

2015-11-24
269

ནཱ་ལེནྡྲ་གསར་པ།

    འཛམ་གླིང་གསར་འགྱུར་དྲ་བར་བཀོད་པ་ལྟར་ན། རྒྱ་ནག་ཧྭ་ཤང་ཐང་ཤོན་ཙང་དང་ལྷག་པར་དུ་བོད་ཀྱི་སྐྱེས་ཆེན་དམ་པ་མང་པོས་སློབ་སྦྱོང་མཛད་མྱོང་བའི་རྒྱ་གར་གྱི་དགོན་པའམ་སློབ་གྲྭ་ཆེན་མོ་གྲགས་ཅན་དཔལ་ནཱ་ལེནྡྲ་གྲུ་གུའི་དམག་གིས་བསྣུབས་ཏེ་ལོ་ངོ༨༠༠འདས་རྗེས་སླར་གསོ་བྱུང་ཞིང་། ནཱ་ལེནྡྲ་གསར་པ་དེ་ད་ལོའི་སྤྱི་ཟླ༩པའི་ཚེས༡ཉིན་དངོས་སུ་སྒོ་ཕྱེས་ཤིང་སློབ་ཁྲིད་བྱེད་འགོ་ཚུགས་འདུག་ལ། འཛིན་གྲྭ་ཐོག་མ་དེ་སློབ་མ་༡༥ལས་གྲུབ་ཡོད།

ནཱ་ལེནྡྲ་ཡི་གནས་རྙིང་གི་རྗེས་ཤུལ།

   སློབ་མ་༡༥དེ་དག་ནི་རྒྱལ་ཁབ༤༠ལྷག་གི་སློབ་ཞུགས་རེ་ཞུ་འབུལ་མཁན་༡༠༠༠ཁྲོད་ནས་བདམས་ཐོན་བྱུང་བ་ཡིན་ཞིང་། སློབ་གྲྭའི་སློབ་གཙོ་གཞོན་པ་གུ་པ་ཟ་པུ་ཧྭ་ལྭ་ཨེར་གྱིས་བསྟན་པ་ལྟར་ན། སློབ་གྲྭས་༢༠༢༠བར་དུ་སློབ་གླིང༧འཛུགས་རྒྱུ་ཡིན་པ་དང་། ཤེས་རམས་པ་དང་འབུམ་རམས་པ་མ་གཏོགས་བསྡུ་རྒྱུ་མིན་པ། སློབ་ཚན་ལ་ཚན་རིག་དང་མཚན་ཉིད་རིག་པ། སེམས་ཁམས་རིགས་པ་དང་སྤྱི་ཚོགས་རིག་པ་སོགས་འཛུགས་རྒྱུ་རེད།

ནཱ་ལེནྡྲ་ནི་རྒྱ་གར་མ་ག་དྷ་རྒྱལ་ཁབ་ཀྱི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་ཡོད་པའི་དགོན་པ་གྲགས་ཅན་ཞིག་ཡིན། དུས་རབས་ལྔ་པ་ནས་དྲུག་པའི་དུས་འགོའི་བར་དུ་བཏབ། དེར་དགོན་ཆེན་བརྒྱད་ཡོད་པ་དང་དགེ་འདུན་གཞིས་བྱེས་མི་གྲངས་ཆིག་ཁྲི་ཙམ་ཞིག་རྒྱུན་དུ་བཞུགས། དེ་ནི་ཐེག་ཆེན་ཐེག་ཆུང་དང༌། རིག་བྱེད། ཚད་མ། སྒྲ་རིག་པ། གསོ་བ་རིག་པ་སོགས་བསླབ་པའི་གནས་ཡིན་པས་རྒྱ་གར་དུ་སངས་རྒྱས་ཆོས་ལུགས་ཀྱི་སློབ་གྲྭ་མཐོ་ཤོས་ཤིག་ཏུ་གྱུར། ཐང་རྒྱལ་རབས་ཀྱི་ཤོན་ཙང་ཐང་སེན་བླ་མ་དང་། དབྱི་ཅིང་སོགས་ཀྱིས་དེར་སློབ་གཉེར་ལོ་མང་མཛད་ཅིང་། བོད་རྒྱ་སོགས་འཛམ་གླིང་གི་ཡུལ་གྲུ་སོ་སོ་ནས་མཁས་པ་ཁྲི་མ་འབུམ་གྱི་ཡིད་དབང་བཀུག་མྱོང་། དུས་རབས་བཅུ་གཉིས་པའི་དུས་མཇུག་ཏུ་གྲུ་གུའི་དམག་གིས་སློབ་ཆེན་འདི་གཏོར་བརླགས་བྱས་ཏེ་བསྣུབས་ཤིང༌རྗེས་ཤུལ་ཙམ་ལས་མེད་པ་བཟོས།

    ནཱ་ལེནྡྲ་སླར་གསོ་བྱ་རྒྱུ་དེ་ནི་རྒྱ་གར་དང་ཨེ་ཤ་ཡ་གླིང་། ཞི་བདེ་རྒྱ་མཚོ་ཆེན་པོ་བཅས་ཀྱི་རྒྱལ་ཁབ༡༨ཀྱིས་ཐུན་མོང་ཐོག་གྲོས་འགོ་བཏོན་པ་ཞིག་ཡིན་ཞིང་། ཀྲུང་གོས་ཨ་སྒོར་ས་ཡ་གཅིག་ཙམ་སླར་གསོའི་ཐད་ཕུལ་ཡོད།

                                         ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

  • 顶