རི་བོ་དགེ་ལྡན་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ།

2015-09-02
369

 

རྗེ་ཙོང་ཁ་པ། 

          རི་བོ་དགེ་ལྡན་པའི་གྲུབ་མཐའི་སྲོལ་གཏོད་པ་པོ་རྗེ་ཙོང་ཁ་པ་ཆེན་པོ་ནི།  རབ་བྱུང་དྲུག་པའི་གསེར་འཕྱང་ཞེས་པ་མེ་བྱ་ ༼ ཕྱི་ལོ༡༣༥༧༽ལོར་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས།  དགུང་ལོ་གསུམ་པར་ཤ་བ་རི་རྫོང་དུ་ཀརྨ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཏེ་མཚན་ཀུན་དགའ་སྙིང་བོར་གསོལ།  དགུང་ལོ་བདུན་པ་ཆུ་ཡོས༼ ཕྱི་ལོ ༡༣༦༣ ༽ལོར་བྱ་ཁྱུང་དུ་ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་དྲུང་དུ་རབ་ཏུ་བྱུང་སྟེ་མཚན་བློ་བཟང་གྲགས་པ་ཞེས་གསོལ།  དགུང་ལོ་བཅུ་དྲུག་ཐོག་ཆོས་རྗེ་རིན་ཆེན་དོན་འགྲུབ་ཀྱིས་བསྐུལ་ཅིང་བདག་ཉིད་ཀྱང་སྤྲོ་ཤུགས་དྲགས་པོ་ཟློག་ཏུ་མེད་པ་བསྐྱེད་ནས་དབུས་སུ་ཕེབས་པར་བརྩམས། དགུང་ལོ་བཅུ་བདུན་པར་ཆུ་གླང་༼ ཕྱི་ལོ༡༣༧༣ ༽ལོར་དབུས་གཙང་དག་པའི་ལྗོངས་སུ་བྱོན།   

   དེ་ནས་རིམ་པས་འབྲི་གུང་དཔལ་གྱི་ནགས་ཁྲོད། གསང་ཕུ་བདེ་བ་ཅན།  མྱང་སྟོད། ཞྭ་ལུ།  སྣར་ཐང༌།  ས་སྐྱ།  བོ་དོང་ཕྱོགས་སུ་སློབ་གཉེར་གྱི་དོན་དུ་བྱོན། དགེ་འདུན་གྲངས་དང་ལྡན་པའི་གྲས་སུ་དགེ་སློང་གི་སྡོམ་པ་མནོས།   སྔ་ཕྱིར་ལོ་ཙཱ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ།  ས་བཟང་པཎ་ཆེན་མ་ཏི་བ།  དབུ་མ་བ་བརྩོན་འགྲུས་སེང་གེ་སོགས་སྐྱེས་ཆེན་དམ་པ་མང་པོ་སྤྱི་བོར་བསྟེན་ནས།  ཐུན་མོང་གི་རིག་གནས་སྤྱི་དང་སྒོས་སུ་ཟབ་མི་མདོ་སྔགས་ཆོས་མཐའ་ཡས་པ་གསན།  ཐོས་བསམ་སྒོམ་པའི་རིམ་པ་བརྒྱུད་དེ།  འཆད་རྩོད་རྩོམ་གྱིས་མདོ་སྔགས་ཀྱི་བསྟན་པ་ལ་དག་ཐེར་མཛད་ཅིང༌། བོད་ཁ་བ་ཅན་གྱི་ལྗོངས་འདིར་རྒྱལ་བསྟན་ཉི་མ་ལྟར་གསལ་བར་མཛད་པས་བཀའ་དྲིན་མཆོག་ཏུ་ཆེ།  སྔ་ཕྱི་རིམ་བཞིན་འོལ་ཁར་རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད་པ་དང་གཉལ་གྱི་ལུང་ར་ཆེན་མོ་ཚུགས་པ།  ལྷ་ས་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་ཚོགས་བཙུགས་པ།  དགའ་ལྡན་དུ་དཀྱིལ་འཁོར་སྒྲུབ་མཆོད་མཛད་པ་བཅས་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་མཐར།  དགུང་ལོ་རེ་གསུམ་པར་རབ་བྱུང་བདུན་པའི་ས་ཕག༼ ཕྱི་ལོ༡༤༡༩ ༽ལོར་དགའ་ལྡན་དུ་ཞི་བར་གཤེགས།

  • 顶

ལེ་ཚན།

དྲི་ཟའི་གླུ་དབྱངས།

འཕྲིན་སྟེགས། weikangba