ཐང་སྟོང་རྒྱལ་བོ།

2014-07-22
250

  གྲུབ་ཆེན་ཐང་སྟོང་རྒྱལ་བོ་མཆོག་ནི་རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་༼སྤྱི་ལོ་༡༣༦༡༽ལོར་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས་༼ངམ་རིང་རྫོང་༽ལ་ཞིང་བའི་ཁྱིམ་ཚང་ཞིག་ཏུ་ཡབ་རྡོ་རྗེ་རྒྱལ་མཚན་དང་ཡུམ་རྒྱ་གར་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་ཡབ་ཡུམ་གཉིས་ལ་སྲས་ལྕང་སྲིང་དྲུག་བྱུང་བའི་ལྔ་བ་ཁྲོ་བོ་དཔལ་ལྡན་ཞུ་བ་དེ་ཡིན། ཐང་སྟོང་རྒྱལ་བོ་ཞེས་མཚན་ཐོག་ཚུལ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན།  སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ།  འཇིག་རྟེན་རྒྱལ་བོ་ལྟ་བུར་བཞུགས།  དེའི་ཕྱིར་ཐང་སྟོང་རྒྱལ་བོ་ཐོབ། ཅེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར། 

         གོ་ལའི་ཁྱོན་འདིར་ལོ་རྒྱུས་རིང་ཤོས་སྟེ། །              རྒྱལ་འབངས་མངའ་ཁོངས་ཤེས་རིག་ལ་སོགས་པ།  

         གཞན་ལས་ཁྱད་འཕགས་གངས་ཅན་བོད་པ་ལ། །           རྒྱལ་གཅེས་ཆོས་ལ་གཅེས་པའི་རླབས་ཆེན་མང་།  

         རབ་བྱུང་དྲུག་པའི་ལྕགས་མོ་གླང་གི་ལོར། །             ཡབ་ཀྱི་མཚན་ལ་རྡོ་རྗེ་རྒྱལ་མཚན་དང་།  

         རྒྱ་གར་ལྷ་མོའི་རིགས་ཀྱི་མྱུ་གུ་ལ།                  མཁས་གྲུབ་གཉིས་འཛོམས་ཐང་སྟོང་རྒྱལ་བོ་འཁྲུངས།  

         ས་ལ་དགེ་བཅུ་འཛོམས་པ་གཙང་ལ་སྟོད།               ཡུལ་དེའི་མི་ཡི་བསོད་ནམས་ཞིང་གི་སར།  

         ལེགས་འཁྲུངས་ཁྱབ་གདལ་ཐང་གི་རྣལ་འབྱོར་བ།            བཟོ་བསྐྲུན་ཆེད་མཁས་ཐང་སྟོང་རྒྱལ་བོ་བྱོན།  

        འབྱུང་བ་བཞི་ཡི་སྒོམ་ཐབས་ལ་སོགས་པ།                 མན་ངག་དུ་མ་གསན་ཅིང་ལག་ཏུ་བསྟར།  

        གསང་སྔགས་གསར་རྙིང་ཆོས་ཀུན་ཐུགས་སུ་ཆུད།             གྲུབ་ཐོབ་མིང་གི་སྙན་པ་ཕྱོགས་སུ་ཁྱབ།  

        དྲིན་ཆེན་ཨ་མར་དྲིན་ལན་འཇལ་བ་ལ།                 སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལེགས་པར་བཞེངས།  

        རྡོ་རྗེ་གདན་དང་བྱ་རུང་ཁ་ཤོར་སོགས།                  བྱིན་ཅན་གནས་ཆེན་དག་ནས་སྒོམ་སྒྲུབ་མཛད།  

        གནས་མཆོག་ཀུན་ཏུ་རྒྱུ་བའི་རྣལ་འབྱོར་བར།               ཚལ་གུང་ཐང་ནས་ལྷ་སའི་བར་ལམ་དུ།  

        གྲུ་ལ་གླ་རྔན་གནང་རྒྱུ་མ་བྱུང་བས།                  གྲུ་དཔོན་ཁྲོས་ནས་དབུ་ལ་ལན་གསུམ་གཞུས།  

        དེ་ནས་ད་དུང་ཆུ་ཡི་ནང་ལ་བསྐྱུར།                   ཐུགས་ཡིད་ཤུན་ཏུ་ཕམ་ནས་འདི་ལྟར་བསམ།  

        ཉམ་ཐག་སྐྱེ་བོ་བགྲང་ལས་འདས་པ་ཞིག                འདི་ལྟར་བརྙས་བཅོས་དཀའ་སྡུག་མྱོང་པ་ཚོར།  

        རང་གི་ནུས་པས་ཕན་པ་འདི་སྒྲུབ་ཞེས།                  ཆུ་ལ་ཟམ་པ་འཛུགས་པའི་དམ་བཅའ་བྱས།  

        དེ་ལྟ་ན་ཡང་དཔལ་འབྱོར་ཞན་གྱུར་བས།                 ཐོག་མར་རྒྱུ་ནོར་འཚོལ་བའི་ལས་ལ་ཞུགས།  

        ཡུལ་གྲུ་མང་བོར་སློང་མོ་བྱེད་པ་དང་།                   ལྷ་མོའི་བཟློས་གར་གསར་འཛུགས་བྱས་པ་དེས།  

        ཡོང་སྒོ་ཕར་སྣོན་བྱུང་བས་ལྕགས་རིགས་བཟོས།               ཐོག་མར་སྐྱིད་ཆུའི་གྲུ་ཁར་ལྕགས་ཟམ་བསྐྲུན།  

        གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་པའི་མཚན།                དབྱར་སྐྱེས་རྔ་སྒྲའི་དཔལ་ལ་ཡང་ཡང་འགྲན།  

        ཡར་ཀླུང་ཉ་མགོའི་གྲུ་ཁ་ལ་སོགས་པ། །                  གང་དེས་བོད་ཡུལ་དབུས་གཙང་ཁམས་གསུམ་ལ།  

        ལྕགས་ཀྱི་ཟམ་ཆེན་ལྔ་བཅུ་ང་བརྒྱད་བསྐྲུན།                དེ་ལས་གཞན་ཡང་ཁོང་ནད་གཉན་ནད་གཉིས།  

        མ་ལུས་འཇོམས་བྱེད་རིལ་དཀར་རིལ་དམར་ཕབས།             མདོར་ན་མི་ལོ་བརྒྱ་དང་ཉེར་ལྔའི་རིང་།  

        དབུས་གཙང་ཁམས་གསུམ་འགྲིམ་འགྲུལ་བདེ་བར་བཟོས།          འདི་འདྲའི་རླབས་ཆེན་མེས་པོ་དམ་པ་མཆོག  

        ནམ་ཡང་མི་བརྗེད་དྲན་པའི་རྟེན་ཙམ་དུ།                གང་གི་མཛད་རྗེས་རྒྱ་མཚོའི་ཆུ་ཐིག་ཙམ།  

        གངས་རིའི་མེས་པོ་དགྱེས་པའི་མཆོད་པར་འབུལ།  

  • 顶