སྨྲ་བའི་དབང་ཕྱུག་དམ་པ་ཅོ་ནེ་གྲགས་པ་བཤད་སྒྲུབ་ནི་དུས་རབས་བཅུ་བདུན་ནས་བཅོ་བརྒྱད་བར་གྱི་བོད་ཀྱི་མཁས་མཆོག་གྲགས་ཅན་ཞིག་ཡིན་ཏེ།ཁོང་ཉིད་རབ་བྱུང་བཅུ་གཅིག་པའི་ཤིང་ཡོས་ལོའི་ ( སྤྱི་ལོ༡༦༧༥ ) ཟླ་དང་པོའི་ཚེས་བརྒྱད་ཀྱི་ཉིན་ལ་ཅོ་ནེ་དཔོན་གྱི་མངའ་འོག་གཡོ་སའམ་རབ་སོ་ཞེས་པའི་སྡེ་བར་ཡབ་གཟུངས་འབུམ་སྐྱབས་དང་ཡུམ་སྐལ་བཟང་སྨན་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།དགུང་ལོ་བདུན་པ་ནས་བཟུང་ཡབ་ཀྱི་རྗེས་འབྲངས་ཏེ་ཡི་གེ་འབྲི་ཀློག་དང་འདོན་ཆ་ལ་སྦྱངས། དགུང་ལོ་དགུ་བར་ཅོ་ནེ་དགོན་ཆེན་ཏིང་འཛིན་དར་རྒྱས་གླིང་དུ་ཁྲི་ཆེན་དགེ་འདུན་གྲགས་པ་ལས་རབ་ཏུ་བྱུང་།དེ་ནས་ལོ་འགའི་རིང་ཆོ་ག་དང་ཕག་ལེན་གྱི་སྐོར་ལ་དཀའ་སྤྱད་སྡུག་རུས་སྒོས་སྦྱོང་གཉེར་མཛད། སྨན་པ་སྟག་རིས་དགེ་སློང་གི་མདུན་ནས་སྨན་དཔེ་མང་བོ་སྦྱངས་པས་ནད་པའི་ལག་རྩར་བརྟག་པ་སོགས་སྨན་བཅོས་ལ་སྦྱང་། ཤིང་མོ་ཕག་གི་ལོའི་ ( སྤྱི་ལོ༡༦༩༦ ) སྟོན་ཀ་ཕ་ཡུལ་དང་བྲལ་ནས་ལྷ་ལྡན་དུ་ཕེབས།ཕྱི་ལོའི་ཟླ་དང་བོར་ལྷ་སའི་ར་མོ་ཆེའི་སེ་ར་ཐེག་ཆེན་གླིང་དུ་ཆོས་གྲྭར་ཞུགས། དེ་ནས་བཀྲ་ཤིས་དཔལ་བཟང་བོ་དགེ་རྒན་དུ་བསྟེན་ནས་རྒྱན་འཇུག་གཉིས་དང་གཞུང་པོད་ལྔ་སོགས་སྦྱངས་ཤིང་བློར་འཛིན་མཛད། དེའི་སྐབས་ལ་མཚན་མོའི་གཉིད་ཀྱང་སྤང་ནས་སློབ་གཉེར་ལ་བཞོལ་བས་མཁས་པའི་ཁྱུ་མཆོག་ཏུ་གྱུར། དགུང་ལོ་སོ་གཅིག་པ་མེ་ཕོ་ཁྱིའི་ལོར་ ( སྤྱི་ལོ༡༧༠༦ ) གཙང་དུ་ཕེབས་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། རྒྱུད་སྟོད་ཀྱི་ཆོས་གྲྭར་ཞུགས་ནས་ཡུན་རིང་མ་འགོར་བར་ཕྱིར་དརྗས་སུ་ཕེབས། དགའ་ལྡན་དང་འབྲས་སྤུངས་བཅས་ནས་ཚོགས་གླེང་ལན་འགའ་མཛད་པས་མཁས་དབང་རྣམས་ཀྱི་ཡིད་དབང་འཕྲོག་པར་གྱུར།དགུང་ལོ་སོ་གཉིས་པ་མེ་ཕག་ལོའི་ ( སྤྱི་ལོ༡༧༠༧ ) དཔྱིད་དུ་ལྷ་ས་ནས་ལམ་ལ་ཆས་ཏེ་ཟླ་བཅུ་བའི་ནང་ལོ་བཅུ་ལྷག་རིང་དུ་བྲལ་བའི་ཕ་ཡུལ་དུ་འབྱོར་ཞིང་།སྐབས་དེར་ཅོ་ནེ་བསྟན་པའི་མངའ་བདག་ཀོ་ཤི་ནང་སོ་ཡོས ༼昂索爷༽ ཡང་ན་ངག་དབང་འཕྲིན་ལས་རྒྱ་མཚོས་ཅོ་ནེ་དགོན་ཆེན་དུ་མཚན་ཉིད་གྲྭ་ཚང་གསར་དུ་བཙུགས་པར་འཆད་ཉན་པའི་འགན་བཞེས།འདུལ་བའི་བཅའ་ཁྲིམས་ལ་དག་ཐེར་མཛད་ཅིང་གཞུང་ཆེན་མོ་རྣམས་ལ་བཤད་པ་མཛད་པས་འཆད་ཉན་ཤིན་ཏུ་འཕེལ། དེ་ནས་རྒྱུད་ཀྱི་སློབ་དཔོན་མཛད་དེ་གསང་སྔགས་ཀྱི་བསྟན་པའི་སྙིང་བོ་ཡར་ལྡན་དུ་སྤེལ།སྔ་ཕྱི་གསན་པ་མཛད་པའི་ཚུལ་ཡང་སློབ་དཔོན་ཚུལ་ཁྲིམས་དར་རྒྱས་ལས་འདུལ་མཛོད་་སོགས་གསན་པ་དང་། རྗེས་དྲུང་རིན་པོ་ཆེ་ལས་ལམ་རིམ་ཆེན་མོ་དང་།སྟོང་འཁོར་རིན་པོ་ཆེ་ལས་འཇམ་དཔལ་ཞལ་ལུང་སོགས་དང་། སྒྲུབ་ཁང་རིན་པོ་ཆེ། མངའ་རིས་སྤྲུལ་སྐུ། རྒྱུད་སྟོད་སྨད་ཀྱི་བླ་མ།བཟང་བོ་རྒྱལ་མཚན། བང་ཆུབ་མི་ལ་སོགས་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན། ཁྲི་ཆེན་བློ་བཟང་དར་རྒྱས་ཀྱི་དྲུང་དུ་གསང་འདུས་ཀྱི་བསྐྱེད་རྫོགས་དང་།སེ་ར་ཎྜིཏ་བློ་བཟང་སྦྱིན་པའི་དྲུང་ནས་གསང་འདུས། འཇིགས་བྱེད་ཀུན་རིག ཚེ་དཔག་མེད་ལྷ་དགུ་སོགས་ཀྱི་དབང་དང་། ལམ་རིམ་དམར་ཁྲིད་སོགས་མདོ་སྔགས་ཀྱི་མན་ངག་མཐའ་ཡས་པ་གསན།ཀུན་མཁྱེན་འཇམ་དབངས་བཞད་པའི་རྡོ་རྗེའི་ཞབས་དྲུང་ནས་འཇིགས་བྱེད་དཔའ་པོ་གཅིག་པ་དང་བདེ་མཆོག་ལྷ་ལྔའི་དབང་། མི་འཁྲུག་པའི་རྗེས་གནང་། ལམ་གྱི་གཙོ་བོ་རྣམ་གསུམ་རྩ་འགྲེལ། དབང་མདོར་བསྟན་གྱི་ལུང་སོགས་གསན་ལ། ཁྱ་དགེ་རིན་པོ་ཆེ་བློ་གྲོས་རྒྱ་མཚོའི་སྐུ་ཞབས་སུ་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་། བདེ་གསང་འཇིགས་གསུམ་གྱི་བསྐྱེད་རྫོགས་ཀྱི་ཁྲིད། ཀུན་རིག་དང་གདུགས་དཀར་གྱི་དབང་ལ་སོགས་པ་གསན།
རྗེ་འདི་ཉིད་ཀྱི་རིག་པའི་དཔལ་ལས་འཁྲུངས་པའི་འབྲས་རྗ་ལ་མདོ་སྔགས་གཉིས་ཀྱི་གཞུང་པོད་བཅུ་གཅིག་དང་གླེགས་བམ་༢༧༩ཡོད་པ་ཚང་མ༼ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་གསུང་རྩོམ་ཕྱོགས་སྒྲིག༽ཏུ་འདུའོ། དེ་ལས་ད་དུང་རྗེ་འདི་ཉིད་ཀྱིས༼བསྟན་འགྱུར་དཀར་ཆག༽ཁ་ཆས་ཤིག་ལེགས་སྒྲིག་མཛད་ཡོད་པ་ད་ལྟ་པེ་ཅིན་རྒྱལ་ཁབ་མི་རིགས་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་དོ། སྔ་གཞུག་ཐེངས་གཉིས་ཅོ་ནེ་དགོན་ཆེན་གྱི་ཁྲི་བ་སོ་བཞི་བ་དང་ཞེ་གཅིག་པའི་འགན་བཞེས། ཞོར་དུ་རྒྱུད་པ་གྲྭ་ཚང་གི་མཁན་པོ་དང་ཅོ་ནེ་ཏིང་འཛིན་དར་རྒྱས་གླིང་གི་མཁན་པོ་ངག་དབང་འཕྲིན་ལས་རྒྱ་མཚོ་དང་ཅོ་ནེ་དཔོན་རབས་བཅུ་གཅིག་པ་འཇམ་དབངས་ནོར་རྗ་སོགས་ཀྱི་རྩ་བའི་བླ་མའི་འགན་བཞེས། རྗེ་འདི་ཉིད་རབ་བྱུང་བཅུ་གསུམ་པའི་ས་ཕོ་འབྲུག་གི་ལོར ( ༡༧༤༨ ) སྐུ་ཡི་བཀོད་པ་འདུས་ཤིང་། རྗེས་ནས་ཅོ་ནེ་དགོན་ཆེན་དུ་ཁོང་གི་སྐུ་གདུང་མཆོད་རྟེན་བཞེངས།ཆིང་རྒྱལ་རབསདུས་མཇུག་དང་མིང་རབས་ཀྱི་དུས་མགོར་དགོན་པར་དམག་འཁྲུག་འགའ་བསླངས་མོད་སྐུ་གདུང་མཆོད་རྟེན་ལ་སྐྱོན་མ་ཕོག་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་ཁོང་ཉིད་ཀྱི་སྐུ་གདུང་མཆོད་རྟེན་བཤིག་མོད། སྟབས་ལེགས་པར་གདུང་རུས་གུར་ཡག་ཚང་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་ཉར་ཚགས་མཛད་པས་རྗེ་འདིའི་གདུང་རུས་བདུད་རྩིའི་སྣུམ་བག་ཅན་བུམ་པ་གང་ནང་བཞུགས་པའི་གདུང་རྟེན་རིན་པོ་ཆེ་ཁྱད་འཕགས་ཅན་དེ་དུས་ད་ལྟའང་ཅོ་ནེ་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་དུ་མཇལ་དུ་ཡོད་དོ།།
འཕྲིན་སྟེགས། weikangba