གྲུབ་ཆེན་ཤར་སྐལ་ལྡན་རྒྱ་མཚོ།

2014-07-15
261

   གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་མཆོག་ནི་མདོ་སྨད་རེབ་གོང་གསེར་མོ་ལྗོངས་ཞེས་བྱ་བའི་ཡུལ་དབུས་རྒྱལ་ཐང་དུ་རོང་པོའི་མཁར་ཡབ་འབུམ་རྒྱལ་དང་། ཡུམ་ནག་ཡུ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་པའི་མེ་ལུག་(སྤྱི་ལོ1607)ལོར་སྐུ་བལྟམས། དགུང་ལོ་དྲུག་པ་ཆུ་བྱི་(སྤྱི་ལོ1612)ལོར་ཆོས་པ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་སྤྱན་སྔར་དགེ་བསྙེན་དང་། དགུང་ལོ་བཅུ་པར་གོང་མ་ཆོས་པ་རིན་པོ་ཆེའི་སྤྱན་སྔར་རབ་ཏུ་བྱུང་སྟེ་མཚན་སྐལ་ལྡན་ཚོགས་གཉིས་ཞེས་པར་གསོལ། དགུང་ལོ་བཅུ་གཅིག་པ་མེ་སྦྲུལ་(སྤྱི་ལོ1617)ལོར་རྗེ་ཆོས་པ་རིན་པོ་ཆེའི་ཞབས་ཕྱིར་འབྲང་སྟེ་དབུས་གཙང་དུ་བྱོན། ཐོག་མར་འབྲོག་རི་བོ་ཆེ་དགའ་ལྡན་དུ་ཕེབས། སྤྲུལ་སྐུ་རྗེ་སྟག་ལུང་གྲགས་པ་བློ་གྲོས་རྒྱ་མཚོ་དང་མཇལ་ཏེ་དགེ་ཚུལ་བསྒྲུབས། མཚན་སྐལ་ལྡན་རྒྱ་མཚོར་གསོལ། དགུང་ལོ་བཅུ་གཉིས་ལ་བྱང་རྩེ་ཐོས་བསམ་གླིང་གི་ཆོས་གྲྭར་དགུན་ཆོས་དང་པོ་ལ་ཞུགས། བསམ་གླིང་གི་འཇམ་དབྱངས་ཚུལ་ཁྲིམས་ཆོས་འཕེལ་དང་། རྗེ་བློ་གྲོས་རྒྱ་མཚོ། གཙང་དཀའ་ཆེན་བློ་གྲོས་རྣམ་རྒྱལ། རྗེ་རོང་པོ་མཁས་གྲུབ་བསྟན་པ་དར་རྒྱས་སོགས་བླ་མར་བསྟེན་ནས་དགུང་ལོ་ཉི་ཤུ་བར་བསྡུས་སྦྱོར་བློ་རྟགས་དང་གཞུང་བཀའ་པོད་ལྔ། ཁྱད་པར་དུ་དབུ་ཕར་གཉིས་ལ་རྦུང་པ་མཐར་ཕྱིན་མཛད། དགུང་ལོ་ཉི་ཤུ་པ་མེ་སྟག་(སྤྱི་ལོ1626)ལོར་གསང་ཕུར་དཀའ་བཅུ་གྲྭ་སྐོར་མཛད། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་བསྙེན་པར་རྫོགས། ཉེར་གཅིག་པ་རབ་བྱུང་བཅུ་གཅིག་པའི་མེ་ཡོས་(སྤྱི་ལོ1627)ལོར་མདོ་སྨད་ཀྱི་ཕྱོགས་སུ་ཆིབས་ཁ་བསྒྱུར། ཐོག་མར་རོང་བོར་བྱོན། དེ་ནས་དབེན་དགོན་བཀྲ་ཤིས་འཁྱིལ་དུ་ཕེབས། སྡེ་པ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ། རྒྱལ་སྲས་བློ་བཟང་བསྟན་འཛིན། རྗེ་སྟོང་འཁོར་མདོ་རྒྱུད་རྒྱ་མཚོ་སོགས་མཁས་གྲུབ་སོ་གསུམ་ལྷག་གི་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་གཞུང་ལུགས་མཐའ་ཡས་པ་རྦུངས། དགུང་ལོ་ཉེར་བཞི་པ་རབ་བྱུང་བཅུ་གཅིག་པའི་ལྕགས་རྟ་(སྤྱི་ལོ1630)ལོར་དགོན་རོང་པོ་ཆོས་སྡེ་ཆེན་པོར་མཚན་ཉིད་ཀྱི་བཤད་གྲྭ་གསར་དུ་བཙུགས་ཏེ་མཚན་རོང་པོ་ཐོས་བསམ་གླིང་དུ་བཏགས། དགུང་ལོ་ཞེ་གཉིས་པ་ས་བྱི་(སྤྱི་ལོ1648)ལོར་མདོ་སྨད་སྒྲུབ་སྡེ་ཡོངས་ཀྱི་རྒྱན་དབེན་གནས་བཀྲ་ཤིས་འཁྱིལ་དུ་ཕེབས།སྒྲུབ་སྡེ་དེ་ལ་ཆོས་སྲིད་གཉིས་ཀས་ལེགས་པར་བསྐྱངས།དགུང་ལོ་ཞེ་དྲུག་པ་ཆུ་འབྲུག(སྤྱི་ལོ1652)ལོར་རྒྱལ་དབང་ལྔ་པ་ཆེན་པོ་རྒྱ་ནག་ཏུ་སྤྱན་དྲངས་ཏེ་མཚོ་སྔོན་པོའི་ཡུལ་ལ་ཕེབས་པའི་ཚེ།རྗེ་འདི་ཉིད་ཡབ་སྲས་གྲྭ་སློབ་བཅས་ལྔ་པ་ཆེན་པོ་མཇལ་ཞིང་བཀའ་ཆོས་ཞུས། སྤྱིར་དགུང་ལོ་ཉེར་གཅིག་ནས་རེ་གསུམ་བར།དུས་སྔ་ཕྱི་ངེས་མེད་དུ་ཡུལ་མཛོད་དགེ་གླིང་དོའུའི་མན་ཆད།སྐུ་འབུམ་དགོན་ལུང་ཡན་ཆད་ཀྱི་ས་རོང་འབྲོག་དགོན་གྲོང་ཀུན་ལ་ཞབས་ཀྱིས་བཅགས། སྐལ་ལྡན་བུ་སློབ་ལ་ཁྲིད་དབང་ལུང་མན་ངག་གི་ཆོས་ཆར་རྟག་ཏུ་ཕབ། སྐུ་ཚེ་གང་བོར་ཐུགས་རྩེ་གཅིག་གིས་སྒྲུབ་པ་ལ་གཞོལ་ཏེ་རི་དན་ཏིགཡང་ཏིགགནམ་རྫོང་། ཤར་གཉའ་གོང་བྲག་དཀར། རྒྱ་མོ་གཤག་རལ། སྟག་ཚང་ལྷ་མོ་ལ་སོགས་པའི་དབེན་གནས་ཉམས་དགའ་བར་གནས་ཤིང་། གསུང་འབུམ་པོད་ལྔ་ལྗགས་རྩོམ་མཛད། དགུང་གྲངས་རེ་བཞི་ནས་ལོ་བདུན་གྱི་རིང་སྐུ་མཚམས་དང་ཐུན་བཞིའི་རྣལ་འབྱོར་ཆད་མེད་དུ་བསྒྲུབས།དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་གཅིག་པ་མེ་སྦྲུལ་(སྤྱི་ལོ་1677)ལོར་སྐུ་གཤེགས།

  • 顶