ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ༼༡༨༡༣ ༡༨༩༠༽མཆོག་ནི་རབ་བྱུང་བཅུ་ཞི་པའི་ཆུ་བྱ་ལོར་མདོ་ཁམས་འབྲོ་ཟླ་ཟལ་མོ་སྒང་གི་པདྨ་ལྷ་རྩེའི་མདུན་རོལ་རོང་རྒྱབ་སྦས་པའི་ལྗོངས་སུ། ཡབ་ཁྱུང་རྒྱལ་གྲུབ་རིགས་བསྟན་འཛིན་གཡུང་དྲུང་དང་ཡུམ་རྣལ་འབྱོར་མ་བཀྲ་ཤིས་མཚོའི་སྲས་སུ་སྐུ་ས། དགུང་ལོ་ལྔ་པ་ནས་ཡི་གེའི་ཕྱི་མོ་སོགས་གསན་བསམ་མཛད། དགུང་ལོ་བཅུ་སྐོར་ནས་ཟེ་ཆེན་འགྱུར་མེད་མཐུ་སྟོབས་རྣམ་རྒྱལ་དང་ཏའི་སི་ཏུ་པདྨ་ཉིན་བྱེད་དབང་པོ། འཇམ་དབྱངས་མཁྱེན་བརྩེ འི་དབང་པོ་སོགས་རིས་མེད་ཀྱི་བཤེས་གཉེན་དུ་མ་ལས་སྒྲ་ཚད་བཟོ་གསོ་སོགས་ཐུན་མོང་གི་རིག་གནས་དང་། དབུ་ཕར་འདུལ་མཛོད་སོགས་མཚན་ཉིད་ཐེག་པ་དང་། བཀའ་གཏེར་གསར་རྙིང་གི་རྒྱུད་ལུང་མན་ངག་སོགས་སྔགས་ཀྱི་ཐེག་པ་བཅས་ཐུན་མིན་རིག་པའི་གནས་མཐའ་དག་ལ་གསན་བསམ་སྒོམ་སྒྲུབ་རྒྱ་ཆེན་མཛད། སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་འཛིན་པའི་སླད་དུ། ཐུན་མོང་རིག་གནས་ཀྱི་ལམ་ནས་བཟུང་། ཐུན་མིན་ཐེག་དགུའི་མཐར་ཐུག་རྫོགས་ཆེན་ཨ་ཏི་ཡོ་ག་ལ་ཐུག་གི་བར་དུ་མདོ་སྔགས་ཀྱི་ལུས་ཡོངས་སུ་རྫོགས་པ་གཞི་ལམ་འབྲས་བུའི་རྣམ་བཞག་ལེགས་པར་སྟོན་པ་ཤེས་བྱ་ཀུན་ལ་ཁྱབ་པའི་མཛོད་དང་། སྒྲུབ་རྒྱུད་ཤིང་རྟ་བརྒྱད་ཀྱི་སྨིན་གྲོལ་གྱི་ཡང་ཟབ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་དང་། སྔ་འགྱུར་བཀའ་མ་ཡང་ཕུར་གཤིན་གསུམ་སོགས་དང་། གསར་འགྱུར་མར་རྔོག་རྒྱུད་སྡེའི་སྐོར་གྱི་སྒྲུབ་དཀྱིལ་སྨིན་གྲོལ་ཕྱོགས་གཅིག་ཏུ་བསྡུས་པ་གདམས་ངག་རིན་པོ་ཆེའི་མཛོད་དང་རྙིང་མའི་ཟབ་མོ་གཏེར་གྱི་རྒྱ་མཚོ་ཡང་ཞུན་བཅུད་དུ་དྲིལ་བ་རིན་ཆེན་གཏེར་མཛོད་དང་། རང་ཉིད་གྱི་ཟབ་གཏེར་གསང་བའི་ཁྱད་ནོར་ཐུན་མོང་མ་ཡིན་པའི་མཛོད། དེའི་རྗེས་འབྲེལ་བསྟོད་ཚོགས་གཏམ་ཚོགས་གསོ་རིག་སོགས་གསུང་རྩོམ་ཐོར་བུའི་རིགས་ཕྱོགས་གཅིག་ཏུ་བསྡུས་པ་རྒྱ་ཆེན་བཀའ་ཡི་མཛོད་བཅས་མཛོད་ཆེན་ལྔ་ཞེས་ཡོངས་སུ་གྲགས་པ་པོ་ཏི་དགུང་བཅུར་ལོངས་པ་རྩོམ་སྒྲིག་མཛད། ད་དུང་མདོ་སྔགས་བཀའ་གཏེར་གསར་རྙིང་རིས་སུ་མ་ཆད་པའི་དབང་ཁྲིད་མན་ངག་བཀླག་ལུང་སོགས་ཀྱི་འཆད་སྤེལ་སྐུ་ཚེ་ཧྲིལ་པོར་མཛད་དེ་མཐར་དགུང་གྲངས་གྱ་བདུན་པར་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་སོ། ཁོང་གི་སློབ་མའི་གཙོ་བོ་ཀརྨ་པ་སྐུ་ཕྲེང་བཅུ་བཞི་པ་དང་བཅོ་ལྔ་པ། ཏའི་སི་ཏུ་བཅུ་པ་དང་བཅུ་གཅིག་པ་གཙོ་བོར་གྱུར་པའི་བཀའ་བརྒྱུད་པའི་བསྟན་འཛིན་རྣམས་དང་། འཇམ་དབྱངས་བློ་གཏེར་དབང་པོ་དང་། ཆོས་རྗེ་ཀུན་དགའ་འཇམ་དབྱངས་སོགས་ས་ངོར་གྱི་བསྟན་འཛིན་རྣམས་དང་། མི་ཕམ་འཇམ་དབྱངས་རྣམ་རྒྱལ། གཏེར་སྟོན་ལས་རབ་གླིང་པ་སོགས་སྔ་འགྱུར་གྱི་བསྟན་འཛིན་རྣམས་དང་རྒྱུད་སྨད་མཁན་པོ་ཡེ་ཤེས་གོང་འཕེལ། བྲག་གཡབ་གདོང་སྤྲུལ་མཁས་མཆོག་ངག་དབང་དམ་ཆོས་རྒྱ་མཚོ་སོགས་རི་བོ་དགེ་ལྡན་པའི་བསྟན་འཛིན་དུ་མ་སྟེ། མདོར་ན་སྐབས་དེར་དབུས་གཙང་ནས་མདོ་ཁམས་སྟོད་སྨད་བར་གསུམ་དུ་ཁོང་གི་ཞལ་སློབ་ཏུ་གྱུར་པ་ཤིན་ཏུ་མང་བར་སྣང་ངོ་།།
འཕྲིན་སྟེགས། weikangba