སྐལ་བཟང་དགོན་པའི་དུར་ཁྲོད་བདེ་བ་ཅན་གྱི་ལོ་རྒྱུས་དང་འདས་མཆོད་སྐོར།

2019-05-08
126

སྐལ་བཟང་དགོན་པའི་དུར་ཁྲོད་བདེ་བ་ཅན་གྱི་ལོ་རྒྱུས་དང་འདས་མཆོད་སྐོར།

                                                                                                             སྒ་ཟླ་བ་ཚེ་རིང་།

[ནང་དོན་གནད་བསྡུས།] སྐལ་བཟང་དགོན་པའི་བདེ་བ་ཅན་གྱི་དུར་ཁྲོད་ནི་ཡུལ་ཤུལ་ས་གནས་ཀྱི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དུར་ཁྲོད་ཅིག་དང་། དུར་ཁྲོད་དེ་སྐལ་བཟང་དགོན་དང་སྐལ་བཟང་དགོན་པའི་སྤྲུལ་སྐུས་གནས་སྒོ་ཕྱེ་ནས་དར་འཕེལ་བྱུང་བ་ཞིག་ཡིན་ལ། དེ་ལས་ས་གནས་དུར་ཁྲོད་བྱུང་འཕེལ་གྱི་ལོ་རྒྱུས་མཐོང་ཐུབ་པ་མ་ཟད། ས་གནས་དུར་ཁྲོད་ཀྱི་དམིགས་བསལ་ཁྱད་ཆོས་ཀྱང་མཐོང་ཐུབ། དཔེར་ན་ཕུང་པོ་ཁྱིམ་འདོན་དང་། འཕོ་བ་འདེབས་སྟངས། བར་དོ་ངོ་སྤྲོད་བྱ་ཚུལ། ཕུང་པོ་བྱ་གཏོར་བྱེད་ལུགས། ད་དུང་ཤི་བོར་འདས་མཆོད་སྤེལ་ལུགས་བཅས་ས་གནས་ཀྱི་ཁྱད་ཆོས་ལྡན་པ་མང་པོ་མངོན་ནོ།།
[བརྡ་ཆད་གཙོ་བོ།] ཤི་བོ་འདས་མཆོད། བདེ་བ་ཅན་གྱི་དུར་ཁྲོད། སྲིད་པའི་འཁོར་ལོ། ཕུང་པོ་བྱ་གཏོར། ཀུན་རིག་དཀྱིལ་འཁོར།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]   B946.6
[ཡིག་ཚང་མཚན་བྱང་།]  A
[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2014-01-0047-16
སྔོན་འགྲོའི་གཏམ།
            བོད་ཀྱི་དུར་ཁྲོད་བྱ་གཏོར་དང་འདས་མཆོད་རིག་གནས་ནི་ལོ་རྒྱུས་རིང་པོ་ལྡན་ལ། སྤྱིར་བཏང་ཤི་བོའི་ཕུང་པོ་བྱ་ལ་གཏོར་བའི་ལུགས་སྲོལ་དར་བ་ནས་བཟུང་། བོད་ཀྱི་དུར་ཁྲོད་རིག་གནས་དར་འགོ་ཚུགས་པ་ཡིན་ཞེས་བརྗོད་ཆོག  དེར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ཤི་བོའི་ཕུང་པོ་བྱ་གཏོར་བྱེད་པ་གཞིར་བཟུང་ནས་དུར་ཁྲོད་ཀྱི་རིག་གནས་དར་གྲུབ་བྱུང་བ་སྟེ། དཔེར་ན་ཤི་བོར་འཕོ་བ་འདེབས་སྟངས་དང་། བར་དོའི་ངོ་སྤྲོད་བྱེད་སྟངས་དང་། ཕུང་པོ་གཙང་མ་བྱེད་མཁན་རྟོགས་ལྡན་དང་སྐྱེས་ཆེན་དམ་པས་དུར་སྒོ་འབྱེད་སྟངས་དང་། མཁའ་འགྲོའི་སྤྲུལ་བ་བྱ་རྒོད་བཅས་ལ་སོགས་པ་ཆ་རྐྱེན་མང་པོ་ཞིག་ཚང་དགོས། དེ་མ་ཟད་ཤི་བོའི་ཕུང་པོ་དུར་ཁྲོད་དུ་སྐྱེལ་སྟངས་དང་། ཕུང་པོ་བྱ་གཏོར་བྱེད་སྟངས་དང་།ཁྱིམ་མིས་ཤི་བོར་ཆོས་མཆོད་བྱེད་སྟངས་བཅས་ཚང་མ་དུར་ཁྲོད་རིག་གནས་ཀྱི་ཁོངས་སུ་གཏོགས།   
            ཆེད་རྩོམ་འདི་ཉིད་སྐལ་བཟང་དགོན་པའི་རྟོགས་ལྡན་དགེ་སློང་ཀུན་དགའ་རྣམ་རྒྱལ་ལ་བཀའ་འདྲི་ཞུས་ཏེ་བྲིས་པ་ཡིན། སྤྱིར་བཏང་མདོ་དབུས་ཁམས་གསུམ་གྱི་ཤི་བོའི་ཕུང་པོ་གཙང་མ་བྱེད་སྟངས་དང་འདས་མཆོད་བྱེད་ལུགས་གཅིག་མཚུངས་ཡིན་ན་ཡང་། བོད་ཀྱི་ས་གནས་ཁག་ལ་ལར་ཤི་བོའི་ཕུང་པོ་བྱ་གཏོར་བྱེད་སྟངས་དང་འདས་མཆོད་བྱེད་ལུགས་ཐད་ཁྱད་ཆོས་ཅུང་ཟད་མི་འདྲ་བ་ཡོད་པས་ཆེད་རྩོམ་འདིའི་ནང་དུ་བོད་ཀྱི་ཐུན་མོང་གི་དུར་ཁྲོད་རིག་གནས་སྤྱི་བཤད་ལས། མདོ་སྟོད་ཡུལ་ཤུལ་ས་ཁུལ་གྱི་དུར་ཁྲོད་རིག་གནས་ཀྱི་ས་གནས་ཁྱད་ཆོས་ཅུང་ཙམ་བརྗོད་ཡོད། 
གཅིག དུར་ཁྲོད་ཀྱི་བྱུང་འཕེལ་དང་བྱ་གཏོར་གྱི་དགེ་ཕན།
            བོད་དུ་དུར་ཁྲོད་བྱུང་བའི་ལོ་རྒྱུས་ཐད་ཞིབ་འཇུག་པ་མང་པོ་ཞིག་ནས་བཤད་སྲོལ་མི་འདྲ་བ་སྣ་ཚོགས་བརྗོད་ཡོད་པ་སྟེ།  ཞིབ་འཇུག་པ་ཁག་ཅིག་གིས་བོད་ཀྱི་བཙན་པོའི་དུས་རབས་སུ་ཕུང་པོ་བྱ་ལ་གཏོར་བའི་ལུགས་སྲོལ་དར་ཡོད་པར་བཞེད།  “གནམ་གྱི་ཁྲི་བདུན་གྱི་དུས་སུ་གནམ་ལྷར་དད་མོས་དང་ཡིད་ཆེད་བྱེད་བཞིན་ཡོད་ལ། སྐབས་དེར་གནམ་གྱི་ཁྲི་བདུན་གྱི་དབང་ཆ་ཤོར་བ་མ་ཟད། ཚེ་སྲོག་ཀྱང་ཤོར་སོང་བ།  དེ་ནི་གནའ་རབས་བོད་ཀྱི་ལོ་རྒྱུས་སྟེང་ཡིད་སྐྱོ་དགོས་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། ཡིན་ན་ཡང་ཡིད་སྐྱོ་དགོས་པའི་གནས་ཚུལ་དེས་བོད་ཀྱི་ཡུལ་ལ་ཕུང་པོ་བྱ་ལ་གཏོར་བའི་ལུགས་སྲོལ་དེ་དར་འགོ་ཚུགས་པ་ཡིན།”①  ཡང་ཞིབ་འཇུག་པ་ཁག་ཅིག་གིས་བསྟན་པ་ཕྱི་དར་སྐབས་སུ་བོད་དུ་ཕུང་པོ་བྱ་ལ་གཏོར་བའི་ལུགས་སྲོལ་དར་བ་ཡིན་པར་བརྗོད།  “ལོ་རྒྱུས་ཡིག་ཚང་ནང་དུ་དེའི་སྐོར་ཐར་ཐོར་འཁོད་ཡོད་པར་བལྟས་ན།  བསྟན་པ་ཕྱི་དར་དུས་སུ་ཕུང་པོ་བྱ་ལ་གཏོར་བ་དེ་ཆོས་དད་བོད་མི་རྣམས་ཀྱིས་གཤིན་པོའི་ཕུང་པོ་གཙང་མ་བྱེད་པའི་ལུགས་སྲོལ་གཙོ་བོ་ཞིག་ཏུ་ཆགས།”②  གཞན་ཡང་ཞིབ་འཇུག་པ་ཁག་ཅིག་གིས་ཕུང་པོ་བྱ་ལ་གཏོར་བའི་ལུགས་སྲོལ་དེ་རྒྱ་གར་ནས་བོད་དུ་དར་བར་བརྗོད། “རྒྱ་གར་གྱི་གྲུབ་ཐོབ་པ་ཕ་དམ་པ་སངས་རྒྱས་ཀྱིས་བོད་དུ་ཞི་བྱེད་ཀྱི་གྲུབ་མཐའ་སྤེལ་བ་མ་ཟད། ཕུང་པོ་བྱ་ལ་གཏོར་བའི་ལུགས་སྲོལ་ཡང་བོད་དུ་དར་སྤེལ་བཏང་།”③ གཞན་ཡང་“བོད་ཡུལ་དུ་བྱ་དུར་ལུགས་སྲོལ་ག་དུས་དར་བའི་སྐོར་ཤོད་སྲོལ་མང་དག་ལྡན་ཡང་།  དོན་དངོས་ནི་རྒྱ་གར་དུ་ཕུང་པོ་དུར་ཁྲོད་དུ་བྱ་ཁྱི་སོགས་ཀྱིས་ཟ་སྲོལ་ཡོད་པའི་ཤན་ཤུགས་ཐེབས་པ་ཡིན་ལ། མ་གཅིག་ལབ་སྒྲོན་གྱིས་ཕུང་པོ་གཟན་བསྒྱུར་གྱི་སྲོལ་བཏོད་པ་ནས་བྱུང་བ་ཡིན་ཟེར།”④   
            བོད་ཀྱི་དེབ་ཐེར་དང་ཆོས་འབྱུང་ཁག་གི་ཡིག་ཚང་ལ་བལྟས་ན། དུར་ཁྲོད་ཅེས་པའི་ཐ་སྙད་དང་དུར་ཁྲོད་ཀྱི་རིག་གནས་དེ་རྒྱ་གར་ནས་བོད་དུ་དར་བར། བཤད་རྒྱུན་དུ་རྒྱ་གར་དུར་ཁྲོད་ཆེ་བརྒྱད་ཅེས་རྒྱ་གར་ལ་དུར་ཁྲོད་སྐད་གྲགས་ཅན་བརྒྱད་ཡོད་པ་སྟེ། “ཤར་དུ་གཏུམ་དྲག་དང་། བྱང་དུ་ཚང་ཚིང་འཁྲིགས་པ།  ནུབ་ཏུ་རྡོ་རྗེ་འབར་བ།  ལྷོར་ཀེང་རུས་ཅན།  དབང་ལྡན་དུ་དྲག་ཏུ་གོད་པ།  མེར་བཀྲ་ཤིས་ཚལ། བདེན་བྲལ་དུ་མུན་པ་དྲག་པོ། རླུང་དུ་ཀི་ལི་ཀི་ལིའི་སྒྲ་སྒྲོག་པ་བཅས་བརྒྱད་ཡིན་ལ།”⑤ བོད་ཀྱི་སྐད་གྲགས་ཅན་གྱི་དུར་ཁྲོད་རྣམས་ཀྱང་རྒྱ་གར་དུར་ཁྲོད་ཆེ་བརྒྱད་དང་འབྲེལ་བ་ཡོད་པར་བཤད། ལྷག་པར་དུ་བོད་ཀྱི་དུར་ཁྲོད་ཁག་ཅིག་གི་དུར་རྡོ་རྒྱ་གར་དུར་ཁྲོད་ཆེ་བརྒྱད་ལས་ཁྱེར་ཡོང་བར་བརྗོད། དེའི་རྒྱུ་མཚན་གྱིས་རྒྱ་གར་གྱི་དུར་རྡོ་ཡོད་པའི་བོད་ཀྱི་སྐད་གྲགས་ཅན་གྱི་དུར་ཁྲོད་རྣམས་བྱིན་རླབས་ཅན་གྱི་དུར་ཁྲོད་དུ་འདོད། “ལྷ་སའི་འབྲི་གུང་དགོན་པའི་དུར་ཁྲོད་དེ་རྒྱ་གར་དུར་ཆེན་དང་འབྲེལ་བ་ཡོད་པར་བརྗོད་དེ། སྐབས་དེར་རྒྱ་གར་བསིལ་བའི་ཚལ་གྱི་དུར་རྡོ་ཞིག་འདིར་གདན་དྲངས་ནས་ཕུལ་བ་དེ་གཙོ་བོར་བཞག་པས་དུར་རྡོ་འཇའ་ཚོན་མར་གྲགས།”⑥  ཡིན་ན་ཡང་།  བོད་དུ་ཕུང་པོ་བྱ་ལ་གཏོར་བའི་ལུགས་སྲོལ་དར་རྗེས།  དུར་ཁྲོད་ཅེས་པའི་ཐ་སྙད་དེ་དམིགས་བསལ་ཤི་བོའི་ཕུང་པོ་བྱ་ལ་གཏོར་བའི་གནས་ལ་གོ་དགོས། དུར་ཁྲོད་གཞིར་བཟུང་སྟེ་དུར་ཁྲོད་ཀྱི་རིག་གནས་ཀྱང་དར་འཕེལ་བྱུང་བ་ཡིན། དཔེར་ན་དུར་ཁྲོད་ནང་དུ་དུར་བདག་ཅེས་པའི་ཀེང་རུས་གཟུགས་ཅན་གྱི་ལྷ་གནས་པ། ཀུན་རིག་ལྷ་སུམ་ཅུ་སོ་གཉིས་དུར་ཁྲོད་ཀྱི་ལྷའི་རིགས་སུ་ངོས་འཛིན་པ། དུར་ཁྲོད་དུ་ལྷ་སྲིན་སྡེ་བརྒྱད་གནས་པ། རྟོགས་ལྡན་ཞེས་ཕུང་པོ་བྱ་ལ་གཏོར་བའི་ཉམས་ལེན་པ་བྱུང་བ། དུར་བྱ་ཞེས་ཤི་བོའི་ཕུང་པོ་ཟ་མཁན་ཐུན་མིན་གྱི་བྱ་རྒོད་བྱུང་བ་བཅས་ཀྱིས་མཚོན་ནོ།།   
            ཕུང་པོ་བྱ་ལ་གཏོར་བའི་བསམ་བློའི་རྨང་གཞི་ནི་འགྲོ་དྲུག་གི་རྣམ་ཤེས་སྲིད་པའི་འཁོར་བར་འཁོར་བའི་འདུ་ཤེས་དང་འབྲེལ་བ་ཡོད་ལ།   འདུ་ཤེས་དེའི་སྟེང་སངས་རྒྱས་ཆོས་ལུགས་ཀྱི་བྱང་ཆུབ་སེམས་ཀྱིས་ལུས་སྦྱིན་གཏོང་བའི་ཕན་ཡོན་མཚོན་པ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ལུས་འདི་ས་སོགས་འབྱུང་བ་ཆེན་པོ་རྣམས་ལྟར་སེམས་ཅན་རྣམས་ཉེ་བར་འཚོ་བའི་རྒྱུར་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབ་པའི་དོན་དང་། དཔེར་ན་སྟག་མོ་ལུས་སྦྱིན་གྱི་གཏམ་རྒྱུད་ནང་སེམས་ཅན་ཆེན་པོ་སྟག་མོ་བཀྲེས་ཤིང་སྐོམ་པ་མཐོང་དུས་སྙིང་རྗེ་ཆེན་པོ་སྐྱེས་ཏེ་སོ་སོའི་ཤ་ཁྲག་སྟག་མོར་སྦྱིན་པ་བཏང་ནས་སྟག་མོའི་སྲོག་བསྐྱབས། གཞན་ཡང་《མཛངས་བླུན་ཞེས་པའི་མདོ་》ལས།“ལྷས་སྨྲས་པ། བདག་ནི་རྒྱལ་བུ་སེམས་ཅན་ཆེན་པོ་ཞེས་བྱ་བ་ཡིན་ཏེ། བདག་གིས་སྟག་མོ་ལྟོགས་པ་ལ་བྱིན་ནས་དགའ་ལྡན་གྱི་གནས་སུ་སྐྱེས་སོ།། རྒྱལ་པོ་ཆེན་པོ་འདི་ལྟར་མཁྱེན་པར་མཛོད་ཅིག་ཅི་ཙམ་དུ་སྲིད་པ་དང་བཅས་པའི་ཆོས་མཐར་འཇིག་པ་འོང་། སྐྱེ་བ་ཡོད་ན་ངེས་པར་འཇིག་གོ། སྡིག་པ་བྱས་ན་སེམས་ཅན་དམྱལ་བར་ལྟུང་གི་དགེ་བ་བྱས་ན་མཐོ་རིས་སུ་སྐྱེ་སྟེ། སྐྱེ་བ་དང་འཇིག་པ་ནི་ཀུན་ལ་སྲིད་ན་ཅིའི་སླད་དུ་བདག་འབའ་ཞིག་གི་ཕྱིར་མྱ་ངན་གྱི་རྒྱ་མཚོར་ལྷུང་བ་མ་ཚོར། དགེ་བའི་ཕྱོགས་ལ་བརྩོན་འགྲུས་མཛོད་ཅིག”⑦ དེའི་སྟབས་ཀྱིས་བོད་ཀྱི་ཆོས་དད་མི་རྣམས་ཀྱིས་སོ་སོའ་ཤ་ཁྲག་བྱ་རྒོད་ལ་སྦྱིན་པ་གཏོང་བ་དེ་སྦྱིན་པ་ཆེན་པོ་ཞིག་ཏུ་འདོད། “ཤི་བའི་བེམ་པོ་ཡང་སེམས་ཅན་གྱི་བཀྲེས་སྐོམ་སེལ་ཕྱིར་ཤ་ཁྲག་སྦྱིན་པར་གཏོང་བའི་ནང་ཆོས་ཐེག་ཆེན་གྱི་སྙིང་སྟོབས་དེ་བོད་རིགས་ཀྱིས་ཉམས་ལེན་བྱས་པའི་མཚོན་རྟགས་ཤིག་ཀྱང་རེད།”⑧ 
གཉིས། ཁྲི་འདུ་སྐལ་བཟང་དགོན་པའི་དུར་ཁྲོད་བདེ་བ་ཅན་གྱི་ལོ་རྒྱུས། 
            ཁྲི་འདུ་སྐལ་བཟང་དགོན་པའི་བྱང་ཤར་ལེ་བར་བཅུ་ཙམ་གྱི་རི་རྩར་དུར་ཁྲོད་བདེ་བ་ཅན་ཆགས་ཡོད། དུར་ཁྲོད་བདེ་བ་ཅན་ཞེས་པའི་མིང་དེ་དེང་དུས་གསར་དུ་བཏགས་ལ། བཤད་སྲོལ་ལ་སྒ་ཨ་གཉན་དམ་པས་སྐལ་བཟང་དགོན་པར་གདན་ས་བརྒྱབ་རྗེས། དགོན་པའི་བྱང་ཤར་རི་རྩར་དཀྱིལ་འཁོར་བཞེངས་ནས་ཤར་དུར་ཁྲོད་ཀྱི་དུར་སྒོ་ཕྱེ། དང་ཐོག་ཤར་དུར་ཁྲོད་དེ་སྐལ་བཟང་དགོན་པའི་དགེ་འདུན་རྣམས་ཀྱི་ཕུང་པོ་བྱ་ལ་གཏོར་བའི་དུར་གནས་ཡིན། ཤར་དུར་ཁྲོད་དེ་ཉིད་སྒ་ཨ་གཉན་དམ་པ་སྐུ་དངོས་ནས་དུར་སྒོ་ཕྱེ་བས་བྱིན་རླབས་ཆེ་ལ་ལོ་རྒྱུས་ཀྱང་རིང་། ད་བར་ཕལ་ཆེར་ལོ་བརྒྱད་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན། དེ་བས་ཤར་དུར་ཁྲོད་དེ་སྒ་ཁྲི་འདུ་ལུང་ཁོག་གི་དུར་ཁྲོད་ནང་དུར་ཁྲོད་ཆེས་གྲགས་ཅན་དང་གནས་གལ་ཆེན་ཞིག་ཏུ་བརྩི།  
            ཤར་དུར་ཁྲོད་དེ་དང་ཐོག་སྐལ་བཟང་དགོན་པའི་དགེ་འདུན་གྱི་དུར་ཁྲོད་ཡིན་པས།  སྐལ་བཟང་དགོན་པའི་ཆོས་སྡེ་མི་སྐྱ་ཕོ་མོ་རྣམས་ཀྱི་ཕུང་པོ་ངོས་དཀར་ཞེས་པའི་དུར་ཁྲོད་ནང་དུ་བསྐྱེལ་དགོས།  ངོས་དཀར་དུར་ཁྲོད་ནི་སྐལ་བཟང་དགོན་པའི་ནུབ་བྱང་ལེ་བར་བཅོ་ལྔ་ཙམ་ཁམས་སྒྱོགས་ལུང་པའི་མདའ་ཡི་ཉིན་ཕྱོགས་སུ་ཆགས་ཡོད། ངོས་དཀར་དུར་ཁྲོད་དེ་གྲུབ་ཆེན་དྲུང་ཀུན་དགའ་རིན་ཆེན་དང་འབྲེལ་བ་དམ་ཟབ་ལྡན།  བཤད་སྲོལ་ལ།  གྲུབ་ཆེན་དྲུང་ཀུན་དགའ་རིན་ཆེན་གྱིས་གཅོད་པ་ཟླ་བར་ཁོང་གི་ཕྱག་ཕྲེང་གནང་སྟེ།  ཁྱོད་ཀྱིས་ངའི་ཕྲེང་བ་འདི་དུས་རྟག་ཏུ་སྐེ་ལ་བཏགས་ནས་སོ་སོའི་ལུས་དང་མ་བྲལ་བར་གྱིས་ཤིག་གསུངས། ཉིན་གཅིག་གཅོད་པ་ཟླ་བ་ངོས་དཀར་དུར་ཁྲོད་དུ་མི་སྐྱའི་ཕུང་པོ་བྱ་གཏོར་བྱེད་དུ་སོང་བར། གཅོད་པ་ཟླ་བའི་སེམས་ལ་ཕུང་པོའི་ཤ་ཁྲག་གིས་ཕྲེང་བ་དེ་བཙོག་པར་བཟོས་ན་ཡག་པོ་ཡོང་གི་མ་རེད་བསམ་སྟེ།  ཕྲེང་བ་དེ་སོ་སོའི་སྐེ་ནས་བླངས་ཏེ་དུར་ཁྲོད་ནང་གི་ཤིང་རྩེར་བསྐྱོན་ནས་བཞག གཅོད་པ་ཟླ་བས་ཤི་བོའི་ཕུང་པོ་སྒམ་ཐག་སྒྲོལ་ནས་འཁྲམས་རྒྱག་པའི་སྐབས་སུ། རྒྱུན་དུ་ཤི་བོའི་ཕུང་པོ་ཁ་སར་གཏད་ནས་འཁྲམས་བརྒྱབ་པ་ཡིན། འོན་ཀྱང་ཉིན་དེར་ཤི་བོའི་ཕུང་པོ་ཁ་གནམ་ལ་གཏད་ནས་འཁྲམས་བརྒྱབ། ཕུང་པོའི་བྲང་ཁར་གྲི་བརྒྱབ་མ་ཐག་ཏུ་ཕུང་པོ་ལག་རྩ་བརྒྱངས་པས་ལག་གཡས་གཡོན་གཉིས་གཅོད་པ་ཟླ་བ་ལ་འཐམས། གཅོད་པ་ཟླ་བ་འཇིགས་སྣང་སྐྱེས་ནས་གསོན་སྨྱོན་དུ་གྱུར།  གཅོད་པ་ཟླ་བ་གསོན་སྨྱོན་དུ་གྱུར་རྗེས། འཇིགས་སྐྲག་ངང་བྲོས་ཏེ་སྐལ་བཟང་དགོན་པའི་ཀ་རིག་བླ་བྲང་གི་ར་ཁང་སྒོ་རྒྱབ་ཏུ་གབ་ནས་བསྡད། ཀ་རིག་བླ་བྲང་ནི་སྒ་ཨ་གཉན་དམ་པས་སྐལ་བཟང་དགོན་པར་གདན་ས་རྒྱག་དུས་ཀྱི་བླ་བྲང་ཡིན་ལ། སྐབས་དེའི་དུས་སུ་གྲུབ་ཆེན་དྲུང་ཀུན་དགའ་རིན་ཆེན་དང་དྲུང་ཀུན་དགའ་དབང་མོ་རྣམ་གཉིས་ཀྱི་བླ་བྲང་ཡིན། དྲུང་ཀུན་དགའ་དབང་མོས་ལག་པར་ཕྱགས་མ་བཟུང་ནས་ར་ཁང་ནང་དུ་རིལ་མ་འཕྱག་པར་ཡོང་དུས། མོས་གཅོད་པ་ཟླ་བ་གསོན་སྨྱོན་དེ་ར་ཁང་གི་སྒོ་རྒྱབ་ཏུ་གབ་ཡོད་པ་ཤེས། དེ་མ་ཐག་ཏུ་དམ་ཉམས་ཁྱོད་འདིར་གབ་འདུག་ཟེར་ནས་ཕྱགས་མས་གཅོད་པ་ཟླ་བ་གསོན་སྨྱོན་གྱི་མགོར་བརྒྱབ། གཅོད་པ་ཟླ་བ་གསོན་སྨྱོན་འཇིགས་སྣང་གིས་བྱང་རག་ལུང་པ་བརྒྱུད་ཏེ་འབའ་རིས་གྲོང་(ལ་ལས་གཞོལ་སྟག་གྲོང་ཡིན་ཟེར་)⑨པར་བྲོས་སོང་། དྲུང་ཀུན་དགའ་དབང་མོས་ཕྱགས་མ་དེ་འབའ་རིས་གྲོང་པའི་མདའ་ལ་བཙུགས་ནས། དུས་ད་ནས་བཟུང་གཅོད་པ་ཟླ་བ་གསོན་སྨྱོན་ཁྱེད་འབའ་རིས་གྲོང་པའི་ཡན་ཆད་ལ་ཡོང་མི་ཆོག་ཅེས་བཀའ་ཕབ། རྗེས་མར་དྲུང་ཀུན་དགའ་དབང་མོས་བཙུགས་པའི་ཕྱགས་མ་དེ་འབའ་རིས་ཤིང་རྒན་དེ་ཡིན་པའི་བཤད་སྲོལ་ཡོད།  
            གཅོད་པ་ཟླ་བ་གསོན་སྨྱོན་དེ་འབའ་རིས་གྲོང་པའི་ཁྲང་ལམ་དུ་ཐག་ལུང་ཆུང་ཆུང་ཞིག་ཏུ་སྤྲུལ་ནས་མིར་གནོད་པ་བཟོས་ནས་བསྡད། ཉིན་གཅིག་སྡེ་དགེ་དཔལ་སྤུངས་དགོན་པའི་ཚོང་པ་རྣམས་ཁྲང་ལམ་བརྒྱུད་ནས་འགྲོ་དུས། དཔལ་སྤུངས་དགོན་པའི་གཉེར་པས་ཐག་ལུང་ཆུང་ཆུང་དེ་མཐོང་འཕྲལ་སེམས་ལ་ཐག་ལུང་རྙེད་པ་རྟེན་འབྲེལ་ཤིན་ཏུ་ཡག་བསམ་ནས། ཚེ་བརྒྱ་འདོན་བཞིན་དུ་ཐག་ལུང་དེ་ཁོང་གི་སྐེད་རགས་ལ་བཏགས་ནས་ཁུར་སོང་།  དཔལ་སྤུངས་དགོན་པའི་ཚོང་པ་རྣམས་དཔལ་སྤུངས་དགོན་དུ་སླེབས་རྗེས། གཉེར་པས་ཐག་ལུང་དེ་དཔལ་སྤུངས་དགོན་པའི་མཛོད་ཁང་ནང་གི་ཀ་མགོར་བཏགས།  དེ་ནས་བཟུང་གཅོད་པ་ཟླ་བ་གསོན་སྨྱོན་དེས་ས་གནས་དེའི་གཞི་བདག་དྲུང་དུ་སིལ་སྙན་ལ་སོགས་བསྐུལ་ནས་དཔལ་སྤུངས་དགོན་པར་བཞག  ཉིན་གཅིག་ཁོས་ཨ་མྱེས་རྨ་ཆེན་གྱི་དྲུང་དུ་དྲིལ་བུ་བསྐུལ་བས། ཨ་མྱེས་རྨ་ཆེན་གྱིས་ཐོག་བརྒྱབ་སྟེ་གཅོད་པ་ཟླ་བ་གསོན་སྨྱོན་བསད།  དཔལ་སྤུངས་དགོན་པས་གྲྭ་བ་བཏང་ནས་སྐལ་བཟང་དགོན་པར་མང་ཇ་བརྒྱུགས་པའི་རྒྱུ་མཚན་ཡང་གཅོད་པ་ཟླ་བ་གསོན་སྨྱོན་དེ་སྔོན་སྐལ་བཟང་དགོན་པའི་གྲྭ་བ་ཡིན་པའི་ཆ་ནས་ཡིན་ཟེར། དེའི་རྗེས་ཁོ་དཔལ་སྤུངས་དགོན་པའི་དཀོར་བདག་ཏུ་གྱུར། དཀོར་བདག་ནི་དགོན་པའི་བཀའ་བསྐོའི་སྲུང་མའི་རིགས་ཡིན་ལ། “བཀའ་བསྐོ་དམ་བཞག་མཛད་པའི་སྲུང་མ་དམ་ཚིག་ཅན་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་ཡི་འཁོར་དུ་གཏོགས་པའི་བདུད་རིས་ནག་ཕྱོགས་ལ་སོགས་ཅི་རིགས་ཡོད།”⑩  
            གཅོད་པ་ཟླ་བ་གསོན་སྨྱོན་དུ་གྱུར་རྗེས། གྲུབ་ཆེན་དྲུང་ཀུན་དགའ་རིན་ཆེན་གྱིས་རྟེན་འབྲེལ་ཡག་པོ་མ་འགྲིག་བསམ་ནས། དེ་སྔ་མི་སྐྱའི་ཕུང་པོ་སྐྱེལ་སའི་ངོས་དཀར་དུར་ཁྲོད་དེ་ཤར་དུར་ཁྲོད་དུ་གནས་སྤོས། ཤར་དུར་ཁྲོད་ཀྱི་ཕུག་དགེ་འདུན་གྱི་ཕུང་པོ་བྱ་གཏོར་བྱེད་ས་ཡིན་པས། དེའི་འོག་ཏུ་གྲུབ་ཆེན་དྲུང་ཀུན་དགའ་རིན་ཆེན་ཀྱིས་རྡོ་དཀར་གྱི་ཀུན་རིག་དཀྱིལ་འཁོར་དགུ་བརྩེགས་ཅན་བཞེངས་ཏེ་རབ་གནས་མཛད།  དེའི་རྗེས་སུ་ཀུན་རིག་དཀྱིལ་འཁོར་སྟེང་མི་སྐྱའི་ཕུང་པོ་བྱ་གཏོར་བྱེད་སར་གྱུར། དུས་དེ་ནས་བཟུང་སྐལ་བཟང་དགོན་པའི་ཆོས་སྡེ་མི་སྐྱ་ཕོ་མོའི་ཕུང་པོ་ཡང་ཤར་དུར་ཁྲོད་དུ་སྐྱེལ་སྲོལ་ཆགས། དེང་གེ་དུས་རབས་གསར་པའི་ནང་དུ་ལྷོ་དྲུང་སྐུ་ཕྲེང་བཅུ་གསུམ་པ་བྱམས་པ་སྨྲ་བའི་སེངྒེ་ཡིས་ཤར་དུར་ཁྲོད་མཐའ་རུ་མཁའ་སྤྱོད་དཀྱིལ་འཁོར་དགུ་བརྩེགས་ཅན་བཞེངས་ནས་རྨན་ཤི་གྲི་ཤིའི་ཕུང་པོ་བྱ་གཏོར་བྱེད་ས་བྱས་ཏེ། གནས་དེར་རྡོ་བསྐོས་ཀྱི་རྣམ་བཅུ་དབང་ལྡན་ཞིག་ཀྱང་བཙུགས་ཡོད། ཡིན་ན་ཡང་དུག་ཤི་དང་མཛེ་ནད་འགོས་ནད་ཀྱི་ཕུང་པོ་རྣམས་དུར་ཁྲོད་འདིར་སྐྱེལ་མི་ཆོག “འབྲུམ་ནད་དང་། མཛེ་ནད། འགོས་ནད་ཚབས་ཆེ་ཡིན་པའི་ཕུང་པོ་བྱ་གཏོར་དང་། ཆུ་བསྐུར་བྱ་མི་རུང་བས་ས་སྦས་གཏོང་དགོས་པ། མཚོན་འོག་ཏུ་ཤི་བའི་རིགས་ཡང་བྱ་གཏོར་མི་རུང་བ། ཆུ་སྐྱུར་གཏོང་དགོས།”⑾ དུག་དང་འགོས་ནད་ཀྱིས་ཤི་བའི་ཕུང་པོས་བྱ་རྒོད་ལ་ནད་སྐྱོན་ཕོག་ཡོང་བས་བྱ་རྒོད་ལ་སྦྱིན་པ་གཏོང་སྲོལ་མེད། སྐབས་དེའི་དུས་སུ་ལྷོ་དྲུང་སྐུ་ཕྲེང་བཅུ་གསུམ་པ་བྱམས་པ་སྨྲ་བའི་སེངྒེས་ཤར་དུར་ཁྲོད་ལ་བདེ་བ་ཅན་ཞེས་མིང་གསར་པ་བཏགས་གནང་། ད་ལྟའི་བར་དུ་ཡུལ་དགོན་ཚང་མས་བདེ་བ་ཅན་གྱི་དུར་ཁྲོད་ཅེས་འབོད།  
            སྐལ་བཟང་དུར་ཁྲོད་བདེ་བ་ཅན་དེར་ལོ་རྒྱུས་སྟེང་སྤྲུལ་སྐུ་དང་སྐྱེས་མཆོག་དམ་པ་མང་པོ་ཕེབས་ནས་རབ་གནས་མཛད་མྱོང་།  དཔེར་ན་ས་སྐྱ་ངག་དབང་ཀུན་དགའ་བསོད་ནམས། ངོར་ཀླུ་ལྡན་མཁན་ཆེན་འཇམ་དབྱངས་། གདོང་སྤྲད་ཨ་ཡིན་མཚོ་སྐྱེས་རྡོ་རྗེ། རི་མགོ་རྡོ་རྗེ་འཆང། བླ་རྒན་རིག་འཛིན་དབང་རྒྱལ་ལ་སོགས་བྱོན་མྱོང་།
གསུམ། དུར་ཁྲོད་བདེ་བ་ཅན་གྱི་ཆགས་དབྱིབས་དང་དུར་ཁྲོད་ཀྱི་རྫས་ཆས།   
            དུར་ཁྲོད་བདེ་བ་ཅན་གྱི་ཆགས་དབྱིབས་ནི་དུར་ཁྲོད་ཀྱི་ཕུག་ཏུ་རི་གདོང་ཆུང་ཆུང་ཞིག་ཡོད་པ་དེ་ནི་གཤིན་རྗེ་ཆོས་རྒྱལ་གྱི་དབུ་ཐོད་རང་བྱོན་ཡིན་པར་བརྗོད།  མིང་ལ་གཤིན་རྗེ་ཆོས་རྒྱལ་གྱི་དབུ་ཐོད་ཟེར། རི་གདོང་རྩེའི་གཡས་གཡོན་གཉིས་སུ་རྡོ་དཀར་ཁྲ་མོ་བརྐྱངས་པ་དེ་ནི་གཤིན་རྗེ་ཆོས་རྒྱལ་གྱི་རལ་ལྕོག་གཉིས་ཡིན་ཟེར། གཤིན་རྗེ་དབུ་ཐོད་དང་གཤིན་རྗེ་རལ་ལྕོག་ཡིན་པ་ལྷོ་དྲུང་སྐུ་ཕྲེང་བཅུ་གསུམ་པས་དངོས་སུ་གཟིགས་ནས་སྐལ་བཟང་དགོན་པའི་དགེ་འདུན་རྣམས་ལ་གསུངས་མྱོང་བར་བཞེད།  
            གཞན་ཡང་། དུར་ཁྲོད་དུ་བྱིན་རླབས་ཅན་གྱི་རྟེན་རང་བྱོན་མང་པོ་ཞིག་ཡོད་པའི་བཤད་སྲོལ་འདུག   ད་ལྟ་ང་ཚོས་དངོས་སུ་མཐོང་རྒྱུ་ཡོད་པ་ནི་དུར་ཁྲོད་ཕུག་གི་གཡས་ཕྱོགས་བྲག་རྡོ་སྔོན་པོའི་ངོས་སུ་རྡོ་དཀར་ཕྲེང་བའི་འཁོར་ལོ་རང་བྱོན་ཞིག་འདུག    དེའི་ཐག་ཉེ་སར་བུམ་པ་དཀར་པོ་རང་བྱོན་ཞིག་ཀྱང་འདུག   རྡོ་དཀར་འཁོར་ལོ་རང་བྱོན་གོང་གི་བྲག་ངོས་སུ་རྡོ་དཀར་ས་ཡིག་རང་བྱོན་ཞིག་འདུག་ལ། རང་བྱོན་ས་ཡིག་དེ་གསལ་རིག་གེར་ཡོད་པ་མ་ཟད་ཤིན་ཏུ་གསོན་ཉམས་དོད་པོ་འདུག   དུར་ཁྲོད་དུ་རྡོ་བརྐོས་རྣམ་བཅུ་དབང་ལྡན་མང་པོ་ཞིག་མཆོད་པར་བཤམས་ཡོད།  དགེ་སློང་ཀུན་དགའ་རྣམ་རྒྱལ་གྱིས་གསུངས་པ་ལྟར་ན། ཤི་བོའི་ཁྱིམ་ཚང་གིས་རྡོ་བརྐོས་རྣམ་བཅུ་དབང་ལྡན་བླུས་ནས་ཕུང་པོ་དང་མཉམ་ཏུ་ཁུར་ཡོང་ནས་དུར་ཁྲོད་དུ་མཆོད་བཤམས་བྱེད། དོན་དངོས་སུ་དུར་ཁྲོད་བདེ་བ་ཅན་དུ་རྣམ་བཅུ་དབང་ལྡན་མཆོད་བཤམས་བྱེད་མི་དགོས། དུར་ཁྲོད་བདེ་བ་ཅན་དེ་དུར་ཁྲོད་ནང་ཆེས་བྱིན་རླབས་ཅན་ཞིག་ཡིན་པས་ས་དགྲ་དང་ཆུ་དགྲ་གནོན་མི་དགོས། གལ་ཏེ་དུར་ཁྲོད་ཆུང་ཆུང་ཞིག་ཡིན་ན། རྡོ་བརྐོས་རྣམ་བཅུ་དབང་ལྡན་མཆོད་བཤམས་བྱས་ཏེ་ས་དགྲ་དང་ཆུ་དགྲ་གནོན་སྲོལ་ཡོད། 
            དུར་ཁྲོད་དུ་ད་དུང་རྡོ་བརྐོས་མ་ཎི་ཡིག་དྲུག་མང་པོ་མཆོད་བཤམས་བྱས་འདུག ཁག་ཅིག་རྡོ་ལེབ་གཅིག་གི་ངོས་སུ་མ་ཎི་ཡིག་དྲུག་ཆ་ཚང་བརྐོས་ཡོད་ལ། ཁག་ཅིག་རྡོ་ལེབ་རེ་རེའི་ངོས་སུ་མ་ཎི་འབྲུ་རེ་བརྐོས་ཡོད། ད་དུང་རྡོ་བརྐོས་ལྷ་སྐུ་དང་རྡོ་བརྐོས་མཆོད་མེ་བཅས་མཆོད་བཤམས་བྱས་ཡོད། དུར་ཁྲོད་མདའ་རུ་དར་སྡོང་ཆེན་པོ་ཞིག་བཙུགས་ཡོད། དར་སྡོང་དེ་ལོ་རྟག་པར་དགོན་པའི་དགེ་འདུན་དང་མི་སྐྱ་ཆོས་སྡེས་མཉམ་གཅིག་ཏུ་གསོ་སྐྱོང་བྱེད་སྲོལ་ཡོད། དུར་ཁྲོད་ཀྱི་བྲག་རིའི་ངོས་ཚང་མར་དར་ལྕོག་འཐེན་ནས་དར་ལྕོག་གི་ཞིང་ཁམས་ཤིག་ཏུ་ཆགས། དེ་དག་ཚང་མ་བདེ་བ་ཅན་གྱི་དུར་ཁྲོད་ཀྱི་རིག་གནས་གྲུབ་ཆ་ཞིག་ཏུ་གྱུར་ཡོད།  
            བཤད་རྒྱུན་ལ། སྐལ་བཟང་དགོན་པའི་གཅོད་རྒན་སངས་རྒྱས་ཉི་མ་ལགས་ལོ་མང་པོར་དུར་ཁྲོད་བདེ་བ་ཅན་དུ་གཅོད་བསྒོམས་ནས་བཞུགས་པའི་དུས་སུ། ཟླ་བ་ཡར་འཕེལ་གྱི་ཚེས་བཅོ་ལྔ་ཉིན་གྱི་དགུང་མོར། དུར་ཁྲོད་བྲག་དཀར་གསེབ་ཏུ་ཀེང་རུས་བརྒྱད་མར་ཐོན་ཡོང་ནས། ཟླ་འོད་ཀྱི་འོག་ཏུ་ཀེང་རུས་བརྒྱད་ཀྱིས་གར་མི་འདྲ་བ་རིགས་གཉིས་འཆམས། གར་འཆམས་ཚར་རྗེས་ཀེང་རུས་བརྒྱད་སླར་ཡང་བྲག་དཀར་གསེབ་རུ་འཛུལ་འགྲོ་བ་ཐེངས་མང་པོ་མཐོང་མྱོང་བར་བཤད། ཀེང་རུས་ཞེས་པ་ནི་ཤ་མེད་རུས་ཁོག་གི་ལུས་ཡིན་ལ། དགེ་སློང་ཀུན་དགའ་རྣམ་རྒྱལ་གྱིས་གསུངས་པ་ལྟར་ན། ཤི་བོའི་ཕུང་པོ་རེར་ཀེང་རུས་རུས་པ་ཆ་གཅིག་ལས་འགྲུབ་རྒྱུ་མེད། དཔེར་ན་ཀེང་རུས་སོ་སུམ་ཅུ་སོ་གཉིས་ཤི་བོའི་ཕུང་པོ་སུམ་ཅུ་སོ་གཉིས་ཀྱིས་འགྲུབ་དགོས།   དེའི་རྒྱུ་མཚན་གྱིས་ཀེང་རུས་རུས་ཁོག་ཆ་ཚང་གཅིག་འགྲུབ་དགོས་ན་དུས་ཚོད་ཤིན་ཏུ་རིང་པོ་ཞིག་དགོས།  
            དུར་ཁྲོད་དུ་རྡོའི་ཕུར་པ་བཙུགས་པའི་ས་དཀྱིལ་ཞིག་ཡོད་པ་དེར་དུར་མིག་ཟེར་ཞིང་། དུར་མིག་དེ་ཤི་བོའི་ཕུང་པོ་འཁྲམས་རྒྱག་ས་ཡིན། དུར་མིག་དེར་ཤི་བོ་མང་པོའི་ཕུང་པོ་བཞག་མྱོང་བས་བྱིན་རླབས་ཆེ་ཟེར། དགུན་དུས་ཁ་བ་འབབ་པའི་དུས་སུ་དུར་མིག་ཏུ་ཆུ་བཞག་ཀྱང་འཁྱགས་པ་ཆགས་རྒྱུ་མེད་པར་བཤད། ད་དུང་དུར་ཁྲོད་དུ་དུར་རྡོ་གཉིས་ཡོད་པའི་ནང་དུར་རྡོ་ཆེ་ཤོས་དེ་སྒ་ཨ་གཉན་དམ་པའི་དུས་སུ་ཡོད་ལ། དུར་རྡོ་དེ་ཉིད་ལོ་རྒྱུས་རིང་ལ་བྱིན་རླབས་ཀྱང་ཆེ་བར་བཤད། དུར་རྡོ་ཆུང་ཤོས་དེ་དགེ་སློང་ཀུན་དགའ་རྣམ་རྒྱལ་ལྷ་སར་གནས་འཇལ་ལ་ཕེབས་དུས་སེ་རའི་དུར་ཁྲད་ནས་ཁུར་ཡོང་བ་ཡིན།  སེ་རའི་དུར་ཁྲོད་ནི་བོད་ཀྱི་དུར་ཁྲོད་ཆེ་བརྒྱད་ནང་གི་གཅིག་ཡིན་པས་དུར་རྡོ་ལ་བྱིན་རླབས་ཆེ་བར་བརྗོད།   
            ལྷོ་རོང་སྐུ་ཕྲེང་བཅུ་གསུམ་པས་དུར་ཁྲོད་བདེ་བ་ཅན་དུ་མགོན་པོ་འོད་དཔག་མེད་ཀྱི་སྐུ་ཞིག་བཞེངས་ན་ཤི་བོ་བདེ་འགྲོར་སྐྱེ་བར་ཕན་པ་ཤིན་ཏུ་ཆེ་གསུངས་པས།   རྗེས་དགེ་སློང་ཀུན་དགའ་རྣམ་རྒྱལ་སྦྱིན་བདག་བྱས་ཏེ་དུར་ཁྲོད་བདེ་བ་ཅན་གྱི་གཡས་ཕྱོགས་རི་གདོང་ནོར་བུའི་རྩེར་མགོན་པོ་འོད་དཔག་མེད་ཀྱི་འདམ་སྐུ་ཆེན་པོ་ཞིག་བཞེངས། མགོན་པོ་འོད་དཔག་མེད་ནི་འགྲོ་བ་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་འདྲེན་མཁན་གྱི་ལྷ་གཙོ་བོ་ཞིག་ཡིན་པས། ཤི་བོར་བདེ་འགྲོ་འཐོབ་པའི་ཆེད་དུ་སྔ་མོ་ནས་དུར་ཁྲོད་དུ་མགོན་པོ་འོད་དཔག་མེད་ཀྱི་སྐུ་བཞེང་སྲོལ་ཡོད་ལ། མགོན་པོ་འོད་དཔག་མེད་ཀྱི་སྐུའི་གཟུངས་བཞུགས་སུ་བསྟན་རྫས་རྩ་ཆེན་མང་པོ་ཕུལ་ཡོད། “ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ཕྱོགས་ལ་སངས་རྒྱས་འོད་སྲུང་དང་ཐུབ་དབང་གི་རིང་བསྲེལ་འཁྲུལ་བྲལ་རྡོག་གཉིས་ལ་སོགས། སྐུ་གདུང་རིང་བསྲེལ་ཕྱོགས་ལ་ཆོས་འཕགས་ཚེམས་དངོས། གུ་རུ་ཡབ་ཡུམ་གྱི་བྱང་སེམས་དཀར་དམར་དང་རིག་འཛིན་ཉེར་གཅིག་གི་བྱང་སེམས་དངོས་ཀྱི་རིལ་བུ་གྲངས་མང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གདུང་རུས། ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་དབུ་སྐྲ་ལ་སོགས། སྐུ་བལ་རིང་བསྲེལ་ཕྱོགས་མཉམ་མེད་ཐུབ་པའི་དབང་པོའི་མནབ་ཆོས། གྲུབ་ཆེན་ཏེ་ལོ་པའི་རུས་རྒྱན། པཎ་ཆེན་ནཱ་རོ་པའི་ཕྱག་བྲིས་ཀྱི་ཚལ་བུ། རྗེ་མར་པའི་ན་བཟའ།   རྗེ་མི་ལའི་རས་བཟན། ས་སྐྱ་པནྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་སྣམ་སྦྱར། འགྲོ་མགོན་ཆོས་རྒྱལ་འཕགས་པའི་ན་བཟའ། རྗེ་བློ་བཟང་གྲགས་པའི་ན་བཟའ།  སྒ་ཨ་གཉན་དམ་པའི་ཕྱག་ཕྲེང་ལ་སོགས། ཆོས་སྐུའི་རིང་བསྲེལ་ཕྱོགས་གྲུབ་ཆེན་དཔལ་ལྡན་ཆོས་སྐྱོང་། རྗེ་བཙུན་སོང་མ་རྣམ་ལྔ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཡབ་སྲས་རྣམས་ཀྱི་དམ་རྫས་མྱོང་གྲོལ་ཁྱད་འཕགས། མཁྱེན་བརྩེ་རིན་པོ་ཆེ་མཁའ་སྤྱོད་རིལ་བུ། དཔལ་ས་སྐྱའི་རྟེན་སྒམ་ཕྱི་ནང་གསང་གསུམ་ལས་ནང་པའི་རྟེན་སྒམ་ལས་བྱུང་བའི་བརྒྱ་རྡོ་དང་སྟོང་རྡོ་ཁྲི་དར་ལོང་ལ་སོགས། ཆོས་ཀྱི་རིང་བསྲེལ་ཕྱོགས་སངས་རྒྱས་འོད་དཔག་མེད་པའི་མཚན་སྔགས་འབུམ་དང་ཉིད་སྐུ་ཁྲི་ལྷག་དང་། འཕགས་བོད་མཁས་གྲུབ་རྣམས་ཀྱི་མཚན་སྔགས། མདོ་སྔགས་ཀྱི་གཟུངས།  རྒྱུད་སྡེ་རྣམས་ཀྱི་གཟུངས་དང་སྙིང་པོ།  གཟུངས་ཆེན་སྡེ་ལྔ། གཟུངས་འཁྲུགས་ཉེས་པ་ཀུན་སེལ་ཆོས་སྐྱོང་དང་ནོར་ལྷའི་གཟུངས་ལ་སོགས། བདུད་རྩི་ཆོས་སྨན་སྐོར་ལ་གཟི་བརྗིད་བསྐྱེད་པ་སྐུའི་རིལ་བུ།  ཚངས་དབྱངས་བསྐྱེད་པ་གསུང་གི་རིལ་བུ། བདེ་ཆེན་བསྐྱེད་པ་ཐུགས་ཀྱི་རིལ་བུ། མི་བསྐྱོད་རིལ་བུ་དམ་རྫས་བཅུད་ཀྱི་སྙིང་པོ། སྤྱན་རས་གཟིགས་འགྲོ་དོན་མཁའ་ཁྱབ་རིལ་བུའི་ཕབ་རྒྱུན། ཡིག་བརྒྱ་དུང་སྒྲུབ་རིལ་བུ། ས་སྐྱའི་སྐྱབས་མགོན་བདག་ཁྲི་རིན་པོ་ཆེའི་དམ་རྫས་རིལ་བུ།  གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོའི་མ་ཎི་དུང་སྒྲུབ་རིལ་བུ། རྒྱལ་དབང་ཀརྨ་པ་ཆེན་པོའི་དམ་རྫས་རིལ་བུ། ངོར་མཁན་ཆེན་འཇམ་དབྱངས་བསྟན་པའི་ཉི་མའི་དམ་རྫས་རིལ་བུ་ལ་སོགས། གཞན་ཡང་མདོ་རྒྱུད་ལས་གསུངས་པ་བཞིན་སྲོག་ཤིང་གི་རྒྱུ་ཙན་དན་དང་ཤུག་པ་སོགས་གང་ཡང་རུང་བ་ལས་གས་ཆག་ཡོ་འཁྱོགས་སོགས་ཀྱི་སྐྱོན་མེད་པ་ཤིན་ཏུ་དྲང་ཞིང་དབྱིབས་གྲུ་བཞི་རྩ་རྩེའི་རྣམ་པའི་ཕྲ་སྦོམ་ཅན་དུ་བྱས་ཏེ་ལེགས་པར་གཙང་ཞིང་དག་པ་བྱས། དེའི་འོག་ཏུ་ས་ལུགས་མགོན་དཀར་བུམ་པ།  ས་བདག་བུམ་པ། ཛམ་ལྷ་རིགས་ལྔའི་བུམ་པ་སོགས་བུམ་པའི་རིགས་དང་།  གཞན་ཡང་བཀྲ་ཤིས་པའི་རྟགས་བརྒྱད་རྫས་བརྒྱད་རྒྱལ་སྲིད་སྣ་བདུན་ཉེ་བའི་རིན་ཆེན་བདུན་ནོར་བུ་ཆ་བདུན་འདོད་ཡོན་ལྔ་ལ་སོགས་མཆོད་པའི་རྫས་དང་།  རིན་ཆེན་ཕྱེ་མ།  འབྲས་བུ་གསུམ། བཟང་པོ་དྲུག་རྩ་བ་ལྔ་ལ་སོགས་སྨན་སྣ།  འབྲུ་སྣ་ལྔ། སྲིད་ཞིའི་དྭངས་བཅུད་གཡང་རྫས་རྣམ་སྲས་རིལ་བུ།དཔལ་ཆེན་རིལ་བུ། ནོར་ལྷ་རིལ་བུ། རྒྱ་བོད་གནས་ཆེན་རྣམས་ཀྱི་ས་སྣ་དང་ཆུ་སྣ་ལ་སོགས་བཞུགས་སོ།།”⑿
            ད་དུང་དགེ་སློང་ཀུན་དགའ་རྣམ་རྒྱལ་གྱིས་དུར་ཁྲོད་དུ་བདེ་བ་ཅན་གྱི་ལྷ་ཁང་ཞིག་བཞེངས་འདུག ལྷ་ཁང་དེ་ནི་ཕུང་པོ་གཙང་མ་བྱེད་དུས་མཆོད་མེ་བཤམ་ས་ཡིན་ལ། ཤི་བོའི་ཁྱིམ་ཚང་ཆ་རྐྱེན་ཡོད་མཁན་ཞིག་ཡིན་ན་གྲྭ་བ་བཅོ་ལྔ་ཙམ་གདན་འདྲེན་ཞུས་ནས་ཚོགས་འཛུགས་སྲོལ་ཡོད། གཙོ་བོ་ཀུན་རིག་གི་ཆོ་ག་ཡིན། གལ་ཏེ་ཤི་བོ་སྐྱེ་བརྟག་ཞུས་ཚར་ན་སྐྱེ་བརྟག་ཆོ་ག་ཡང་སྒྲུབ་དགོས། འདོན་ཆོག་གཙོ་བོ་ནི་ཀུན་རིག ཐར་མདོ། ཡིག་བརྒྱ། གཟུངས་བཞུགས། མ་ཎི། ཀྱེ་རྡོར། སྐྱབས་འགྲོ། བསྙེན་གནས་ལ་སོགས་པ་ཡིན།   
            བདེ་བ་ཅན་གྱི་ལྷ་ཁང་དཀྱིལ་དུ་མགོན་པོ་འོད་དཔག་མེད་ཀྱི་རྡོ་སྐུ་ཞིག་བཞེངས་ཡོད། དེའི་གཡས་ཕྱོགས་སུ་ཐུགས་རྗེ་ཆེན་པོའི་རྡོ་སྐུ་ཞིག་བཞེངས། གཡོན་ཕྱོགས་སུ་ཕྱག་ན་རྡོ་རྗེའི་རྡོ་སྐུ་ཞིག་བཞེངས། སྐུ་གསུམ་གྱི་མཐའ་རུ་ཀུན་རིག་ལྷ་སུམ་ཅུ་སོ་བདུན་གྱི་རྡོ་སྐུ་བཞེངས་ཡོད། ཀུན་རིག་ལྷ་ཚོགས་ཀྱི་གོང་དུ་ས་སྐྱ་ངོར་ཆེན་ཀུན་དགའ་བཟང་པོའི་རྡོ་སྐུ་དང་ས་ཆེན་ཀུན་དགའ་སྙིང་པོའི་རྡོ་སྐུ་བཞེངས། ལྷོའི་གྱང་ངོས་སུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ཐང་ཀ་དང་། བྱང་གི་གྱང་ངོས་སུ་བདེ་ཆེན་ཞིང་བཀོད་གྱི་ཐང་ཀ དེའི་བརྒྱུད་ལ་གུ་རུ་རིན་པོ་ཆེ་ཞིང་བཀོད་ཀྱི་ཐང་ཀ   དེའི་བརྒྱུད་ལ་ཟངས་མདོག་ག་དཔལ་རི་ཞིང་བཀོད་ཀྱི་ཐང་ཀ    དེའི་བརྒྱུད་ལ་གཡུ་ལོ་བཀོད་པའི་ཞིང་བཀོད་ཀྱི་ཐང་ཀ   དེའི་བརྒྱུད་ལ་བཅུ་གཅིག་ཞལ་གྱི་ཐང་ཀ་བཅས་བཤམས་ཡོད།  
            བདེ་བ་ཅན་གྱི་ལྷ་ཁང་གི་གཡོན་ཕྱོགས་སུ་ལྷ་ཁང་ཆུང་ཆུང་ཞིག་བཞེངས་འདུག་པ་དེ་ནི་བླ་མ་དང་མཁན་པོས་ཆོས་གསུང་ས་ཡིན་པས་ལྷ་ཁང་ནང་ཁྲི་ཆུང་ཆུང་ཞིག་ཀྱང་བརྒྱབ་འདུག  ལྷ་ཁང་ནང་དུ་ད་དུང་སངས་རྒྱས་ཤཱཀྱ་ཐུབ་པའི་རྡོ་བརྐོས་ཀྱི་སྐུ། འོད་དཔག་མེད་གྱི་རྡོ་བརྐོས་ཀྱི་སྐུ།   མི་འཁྲུགས་པའི་རྡོ་བརྐོས་ཀྱི་སྐུ།  ཕྱག་ན་རྡོ་རྗེའི་རྡོ་བརྐོས་ཀྱི་སྐུ་བཅས་བཤམས་ལ། 2008ལོའི་ལྷ་བབས་དུས་ཆེན་ཉིན།དུར་ཁྲོད་བདེ་བ་ཅན་དུ་སྐལ་བཟང་དགོན་པའི་ཆོས་སྡེ་རྣམས་ནས་མ་ཎིའི་ཚོགས་བཙུགས། གཙོ་བོ་ནི་སྔོན་འདས་པའི་ཤི་བོའི་རྣམ་ཤེས་ལ་དགེ་རྩ་སྒྲུབ་རྒྱུ་དང། ལྷག་ཏུ་ལོ་དེའི་ནང་དུ་འདས་པའི་ཤི་བོ་རྣམས་ལ་དགེ་རྩ་སྒྲུབ་རྒྱུའི་ཆེད་ཡིན། མ་ཎི་ཚོགས་པའི་སྐབས་སུ་སེར་སྐྱ་ཚང་མས་བདེ་ཆེན་ཞིང་བཀོད་དང་མ་ཎི་ཡིག་དྲུག་འདོན་དགོས།  གཞན་དུར་ཁྲོད་དུ་མ་ཎི་ཚོགས་པ་ནི་ཆོས་དད་མི་རྣམས་དུས་རྒྱུན་འཆི་བ་མི་རྟག་པ་སེམས་སུ་དྲན་པའི་ཆེད་དུ་ཡིན་ལ། དེའི་རྒྱུ་མཚན་གྱིས་དགེ་སློང་ཀུན་དགའ་རྣམ་རྒྱལ་གྱིས་དུར་ཁྲོད་ལྷ་ཁང་གཡོན་འགྲམ་ལ་ཁེབས་ཆུང་ཆུང་ཞིག་བཞེངས་ནས། རྡོ་བརྐོས་མ་ཎི་ཡིག་དྲུག་གཅིག་དང་རྡོ་བརྐོས་རྣམ་བཅུ་དབང་ལྡན་གཉིས་མཆོད་བཤམས་བྱས་ཡོད།ད་དུང་ཁེབས་ཆུང་དེའི་ནང་དུ་ཤི་བོའི་སྲུང་ཁུག་དང་སྲུང་མདུད་རྣམས་བཏགས་ཡོད། གཙོ་བོ་འཇིག་རྟེན་དུ་སྡོད་པའི་མི་རྣམས་ཀྱིས་ཤི་བོ་དྲན་པའི་དྲན་རྟེན་གྱི་ཚུལ་ཡིན་ལ།མ་ཎི་ཚོགས་སྐབས་མི་སྐྱ་རྣམས་ལ་ངོ་སྤྲོད་བྱས་ཏེ་འཆི་བ་མི་རྟག་པའི་སློབ་གསོ་གཏོང་བྱེད་ཀྱི་རིག་དངོས་ཤིག་ཏུ་ཡང་ཆགས་ཡོད།  
བཞི། ཤི་བོའི་ཕུང་པོ་ཁྱིམ་འདོན་དང་བྱ་རྒོད་ལ་གཏོར་སྟངས།  
            སྤྱིར་བཏང་། ཤི་བོར་འཕོ་བ་མ་བཏབ་པའི་སྔོན་དུ་ཕུང་པོར་འགུལ་བཅོས་བྱེད་མི་ཉན། “ཤི་བོའི་ཕུང་པོ་དེར་བླ་མའམ་དགེ་བའི་བཤེས་གཉེན་ནམ། རྣལ་འབྱོར་པ་གང་རུང་ཞིག་གིས་འཕོ་བ་གནང་མ་གྲུབ་པའི་སྔོན་དུ་སུས་ཀྱང་ལག་པས་རེག་མི་རུང་ཞིང་། མ་འགུལ་བར་རང་སོར་འཇོག་དགོས།” ⒀ ཤི་བོའི་ཕུང་པོར་འགུལ་བཅོས་ཐེབས་སོང་ན་རྣམ་ཤེས་འོག་སྒོ་ནས་ཤོར་འགྲོའ་ཉེན་ཁ་ཡོད་ལ།  གལ་སྲིད་རྣམ་ཤེས་དེ་འོག་སྒོ་ནས་ཤོར་སོང་ཚེ་དམྱལ་བར་ལྷུང་འགྲོ་ཟེར་ལ། “དེ་ཡང་རྐེད་པ་མན་ཆད་ངན་སོང་གི་གནས་དང་། རྐེད་པ་ཡན་ཆད་ནས་འཆང་ན་བདེ་འགྲོར་སྐྱེ་ཟེར་སྲོལ་ཡོད། རྣམ་ཤེས་ཐོན་སའི་སྒོ་ནི་དགུ་ཡོད་སྟེ།  རྣམ་ཤེས་མཚོག་མ་ནས་ཐོན་ན་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་གནས་སུ་སྐྱེ། དེ་བཞིན་སྨིན་མཚམས་ནས་ཐོན་ན་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་གནས་སུ་སྐྱེ། ལྟེ་བ་ནས་ཐོན་ན་འདོད་ལྷ་རིགས་དྲུག་གི་ལྷ་གནས་སུ་སྐྱེ། རྣ་བ་གཉིས་ནས་ཐོན་ན་མིའམ་ཅིར་སྐྱེ། སྣ་སྒོ་གཉིས་ནས་ཐོན་ན་གནོད་སྦྱིན་ལ་སྐྱེ། མིག་གཉིས་ནས་ཐོན་ན་མིར་སྐྱེ། ཁ་དང་གསང་གནས་ནས་ཐོན་ན་ཡི་དྭགས་སུ་སྐྱེ་བ་ཡིན། སྤྱི་

  • 顶