ཆོ་འཕྲུལ་སྨོན་ལམ་ཞེས་པའི་ཉིན་བཅོ་ལྔའི་ཆོ་འཕྲུལ་ནི་གང་དག་ཡིན།

2019-05-07
388

ཆོ་འཕྲུལ་སྨོན་ལམ་ཞེས་པའི་ཉིན་བཅོ་ལྔའི་ཆོ་འཕྲུལ་ནི་གང་དག་ཡིན།


༡དཔྱིད་ཟླ་ར་བའི་ཚེས་གཅིག་ཉིན་ལ་ཐུབ་དབང་མི་སྟེགས་དྲུག་ལ་ཆོ་འཕྲུལ་འགྲན་པར་གཤེགས་པའི་ཚེ།། གསལ་རྒྱལ་རྒྱལ་བོས་མཆོད་རྫས་ཡོ་བྱད་ཞལ་ཟས་སྣ་མང་ལེགས་པར་བཤམས་ཤིང་ཕྱག་བདར་དང་བཅས་ཕུལ།། ཐུབ་པས་ཚེམས་ཤིང་ས་ལ་བཙུགས་ཏེ་ཡལ་འདབ་དཔག་ཚད་ལྔ་བརྒྱར་མེ་ཏོག་ཤིང་རྟའི་འཕང་ལོ་ཙམ།། འབྲས་བུ་བྲེ་ལྔ་ཤོང་ཙམ་སྐྱེས་ཤིང་དྲི་བསུང་ཕོག་པས་བདེ་སྟེར་རེག་ན་ཆོས་ཀྱི་སྒྲ་ཡང་འབྱུང་།། མི་རྣམས་རབ་ཏུ་དད་ཅིང་ཆོས་སྒྲ་ཐོས་པས་ཡིད་དྲངས་འབྲས་བུ་ཐོབ་པ་མང་བོ་བྱུང་།།


༢ཚེ་གཉིས་ཉིན་པར་ཨུ་ཏྲ་ཡ་ནའི་རྒྱལ་བོས་སྤྱན་དྲངས་དེའི་ཚེ་དེ་བཞིན་གཤེགས་པའི་གཡས་གཡོན་ཕྱོགས་གཉིས་ལ།། རིན་ཆེན་རི་བོ་ཆེན་པོ་གཉིས་སྤྲུལ་གཅིག་སྟེང་ནགས་ཚལ་མེ་ཏོག་རོ་བརྒྱར་མི་རྣམས་ལོངས་སྤྱོད་ཅིང་།། ཅིག་ཤོས་སྟེང་དུ་རྩི་ཤིང་འཇམ་མངར་སྣ་ཚོགས་འཁྲུངས་ཤིང་དུད་འགྲོའི་སྐྱེ་གནས་དགའ་བཞིན་ཟ་ཞིང་ཚིམ།། བཅོམ་ལྡན་འདས་ཀྱིས་ཅི་རིགས་ཆོས་རྣམས་ལེགས་པར་བསྟན་པས་ཁ་ཅིག་སེམས་བསྐྱེད་གཞན་དག་ལྷ་རུ་སྐྱེས།།


༣ཚེས་གསུམ་ཉིན་ལ་ཤུན་ཙི་ད་ལའི་རྒྱལ་བོས་སྤྱན་དྲངས་མཆོད་རྫས་བཀོད་པ་གཡོ་མེད་རྒྱ་ཆེན་བཤམས།། ཐུབ་པས་ཞལ་བསིལ་ཆུ་ཉུང་ས་གཞིར་དོར་བ་སྣ་བདུན་རིན་ཆེན་རྒྱན་གྱིས་སྤྲས་པའི་རྫིང་བུར་གྱུར།། ཁོར་ཡུག་དཔག་ཚད་ཉིས་བརྒྱ་ཆུ་བོའི་ཡོན་ཏན་ཡན་ལག་བརྒྱད་ལྡན་སྟེང་དུ་པདྨ་སྣ་ཚོགས་བཞེད།། འཁོར་རྣམས་དགའ་བས་རྫིང་བུར་ལྟ་ཞིང་ཆོས་ཀྱི་དགོངས་དོན་རྟོགས་ཏེ་རང་རང་སྐལ་བའི་འབྲས་བུ་ཐོབ།།


༤ཚེས་བཞིར་ཨིན་དྲ་ཝ་མི་རྒྱལ་བོས་སྤྱན་དྲངས་མཆོད་པའི་ཡོ་བྱད་སྲིད་འདིར་དཀོན་པ་སྣ་ཚོགས་ཕུལ།། བཅོམ་ལྡན་འདས་ཀྱིས་རྫིང་བུའི་ངོས་བཞིའི་ཡུར་ཆེན་བརྒྱད་བརྒྱད་ཕྱིར་ཡང་འཁོར་ཞིང་རྫིང་བུར་འབབ་བཅུག་སྟེ།། ཆུ་སྒྲའི་ཁྲོད་ལས་དབང་བོ་སྟོབས་ལྔ་བྱང་ཆུབ་འཕགས་ལམ་རྣམ་ཐར་མངོན་ཤེས་ཕར་ཕྱིན་ཚད་མེད་སོགས།། གསལ་བར་སྟོན་པའི་ཆོས་སྒྲ་འབྱུང་ཞིང་འཁོར་རྣམས་མཐོ་རིས་འབྲས་བུ་ལ་སོགས་བསོད་ནམས་ལས་ཀུན་བསྐྱེད།།


༥ ཚེས་ལྔའི་ཉིན་ལ་ཚངས་བྱིན་རྒྱལ་བོས་སྤྱན་དྲངས་བསམ་མི་ཁྱབ་པའི་མཆོད་རྫས་བགྲང་ལས་འདས་པ་ཕུལ།། ཉིན་དེར་ཐུབ་པའི་ཞལ་གྱི་སྒོ་ལས་འོར་ཟེར་གསེར་མདོག་ལྟར་བཀྱེས་སྟོང་གསུམ་ཁམས་ཀུན་སྣང་བར་བྱས།། འོད་དེས་རེག་པའི་སེམས་ཅད་ཀུན་གྱི་དུག་གསུམ་སྒྲིབ་ལྔ་བྲལ་ཏེ་ལུས་སེམས་དགའ་བདེས་ཡོངས་སུ་ཁྱབ།། དགེ་སློང་དག་ཀྱང་བསམ་གཏན་གསུམ་པ་བ་ལྟར་བདེ་ཐོབ་སངས་རྒྱས་མཆོག་ལ་མོས་པ་ལྷག་ཏུ་འཕེལ།། 


༦ ཚེས་དྲུག་ཉིན་པར་ལི་ཙ་བྱི་རྣམས་ཡོངས་སུ་འདུས་ཤིང་བཅོམ་ལྡན་འདས་ལ་མཆོད་པའི་ཡོ་བྱད་སྦྱར།། ཉིན་དེར་སངས་རྒྱས་ཀྱིས་ཀྱང་འཁོར་མང་དེ་དག་ཕན་ཚུན་བསམ་པ་བཟང་ངན་ཇི་བཞིན་ཤེས་པར་བྱས།། སོ་སོའི་དགེ་བའམ་མི་དགེ་ལས་ཀྱང་རྟོགས་བྱས་ཐམས་ཅད་དགའ་ཞིང་ཐུབ་པའི་ཡོན་ཏན་ཡོངས་སུ་བསྔགས།། དམ་ཆོས་བསྟན་པ་ཁོང་དུ་ཆུད་ཅིང་ལ་ལ་སངས་རྒྱས་གཞན་དག་འབྲས་བུ་ལེགས་བྲིས་སོགས་ཀྱང་སྨོན།།


༧ཚེས་བདུན་ཉིན་ལ་ཤཱཀྱའི་རིགས་རྣམས་སངས་རྒྱས་སྤྱན་དྲངས་མཆོད་པ་གཡོ་མེད་སྟོང་ཕྲག་དུ་མས་སྤྲས།། བཅོམ་ལྡན་འདས་ཀྱིས་ཉིན་དེར་འཁོར་མང་འདུས་པ་འཁོར་ལོས་བསྒྱུར་བའི་རྒྱལ་བོ་ཆེན་པོར་ལེགས་པར་བསྒྱུར།། རྒྱལ་སྲིད་སྣ་བདུན་སྲས་ཡང་སྟོང་སྤྲུལ་རྒྱལ་ཕྲན་བློན་པོས་བསྟི་བསྟང་བྱས་པ་གསལ་བར་མཐོང་བའི་མཐུས།། ངོ་མཚར་སྤྲོ་བ་འཛད་མེད་སྐྱེས་ཤིང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཁ་ཅིག་འབྲས་བུ་གང་རུང་ཐོབ།། 


༨ཚེས་བརྒྱད་ཉིན་ལ་ལྷ་ཡི་དབང་བོས་སེང་གེའི་ཁྲི་བཤམས་ཐུབ་པས་ཕྱག་གིས་ཁྲི་ལ་མནན་པའི་སྐབས།། ཁྲི་ལས་གླང་ཆེན་སྐད་ལྟར་གྲགས་ཤིང་སྲིན་པོ་ལྔ་ཙམ་བྱུང་ནས་མི་སྟེགས་སྟོན་པའི་ཁྲི་རྣམས་བཤིག། ཕྱག་རྡོར་རྡོ་རྗེའི་མེ་འབར་དེ་དྲུག་མགོ་བོར་གཟས་པས་འཇིགས་ཤིང་བྲོས་ནས་ཁ་ཅིག་ཆུ་ལ་མཆོངས།། མི་སྟེགས་དགུ་ཁྲི་རབ་ཏུ་བྱུང་ཞིང་ཐུབ་པས་བ་སྤུའི་གྲངས་བཞིན་སངས་རྒྱས་སྤྲུལ་ཏེ་དམ་ཆོས་བསྟན།།


༩ ཚེས་པ་དགུའི་ཉིན་ཚངས་པའི་རྒྱལ་བོས་མཆོད་པ་བཤམས་ཏེ་བཅོམ་ལྡན་འཁོར་བཅས་གནས་སུ་སྤྱན་འདྲེན་ཞུས།། ཉིན་འདིར་ཐུབ་པའི་སྐུ་ལུས་ཚངས་པའི་གནས་ལ་ཐུག་ཅིང་ལྷང་ངེར་ལྷམ་མེར་བཞུགས་པ་ཡོངས་སུ་སྤྲུལ།། འོད་ཟེར་ཆེན་པོས་གནམ་ས་གསལ་བར་མཛད་པ་ཀུན་ཀྱིས་མཐོང་ཞིང་གསུང་ཡང་ཐོས་པས་ཚིམ་པར་བྱེད།། འཁོར་མང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ་ལ་འབྲས་ཐོབ་ལྷ་མིར་སྐྱེ་བའི་དགེ་རྩ་གྲངས་མེད་བསྐྱེད།།


༡༠ ཚེས་བཅུའི་ཉིན་ལ་རྒྱ་ཆེན་བཞི་ཡི་རྒྱལ་བོས་སྤྱན་དྲངས་མཆོད་པའི་བཀོད་པ་བླ་ན་མེད་པ་བཤམས།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྐུ་ལུས་ཇེ་ཆེར་སོང་ཞིང་རྒྱ་ཆེན་རིས་ནས་སྲིད་རྩེར་འཕགས་པ་སྤྲུལ།། གདུལ་བྱ་དག་གིས་སྐུ་ཡིས་དེ་བཞིན་གང་བ་མཐོང་ཚེ་ལྷག་པར་དད་ཅིང་དམ་ཆོས་ཅི་རིགས་ཉན།། འཁོར་རྣམས་དགའ་སྤྲོས་ཡོངས་སུ་ཁྱབ་ཅིང་སེམས་བསྐྱེད་འབྲས་བུ་ལྷ་མིའི་དགེ་རྩ་ཡང་ཡང་བསྐྱེད་པར་བྱེད།།


༡༡ བཅུ་གཅིག་ཉིན་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཀྱིས་ཀྱང་སངས་རྒྱས་སྤྱན་དྲངས་མཆོད་པ་རྒྱ་ཆེན་ཕུལ།། ཉིན་འདིར་ཐུབ་དབང་སེང་ཆེན་བརྒྱད་པའི་ཁྲི་ལ་བཞུགས་བཞིན་སྐུ་ལུས་ཡོངས་རྫོགས་མི་སྣང་བར་མཛད་ནས།། འོད་ཟེར་ཆེན་པོ་བཀྱེས་ཏེ་ཤིན་ཏུ་འཇམ་པའི་གསུང་གིས་དམ་ཆོས་ཕྱེ་ཞིང་འཁོར་མང་ཐོས་པར་བྱེད།། ལ་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཕྱིར་མི་ལྡོག་པའི་སར་གནས་ཁ་ཅིག་འབྲས་བུ་ལེགས་པར་ཐོབ།།


༡༢བཅུ་གཉིས་ཉིན་ལ་ཁྱིམ་བདག་ཅིན་ཏས་སྤྱན་དྲངས་མཆོད་པ་གཡོ་མེད་མཛེས་པར་བཤམས་ཏེ་མཉེས་པར་བྱས།། ཉིན་འདིར་བཅོམ་ལྡན་འདས་ནི་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ཤིང་གསེར་མདོག་ལྟ་བུའི་འོད་ཟེར་བཀྱེས།། སྟོང་གསུམ་ཁམས་ཀུན་སྣང་བར་བྱས་ཤིང་འོད་ཀྱིས་རེག་པའི་སེམས་ཅན་དུག་གསུམ་ཡོངས་སུ་ཞི་བར་མཛད།། སྙིང་རྗེ་སེམས་མཆོག་རྒྱུད་ལ་འཁྲུངས་ཤིང་ཕན་ཚུན་ཕ་མ་ཕུ་ནུ་བཞིན་དུ་མཛའ་ཞིང་སྡུག་པར་གྱུར།།


༡༣བཅུ་གསུམ་ཉིན་ལ་ཤུན་ཙི་ཏ་ལས་སངས་རྒྱས་སྤྱན་དྲངས་མཆོད་རྫས་སྣ་མང་ལེགས་པར་བཀྲམ་ཏེ་ཕུལ།། ཐུབ་དབང་དེའི་ཉིན་སེང་གེའི་ཁྲིར་བཞུགས་སྐུ་ཡི་ལྟེ་བར་འོད་ཟེར་གཉིས་བཀྱེས་སྐུ་ལས་འདོམ་བདུན་ཙམ་དུ་འཕགས།། དེའི་སྟེང་པདྨ་གྲངས་མེད་བཞེད་ཅིང་པདྨར་སྤྲུལ་བའི་སངས་རྒྱས་རེ་རེ་བཞུགས་པའི་ལྟེ་བ་ལས།། འོད་ཟེར་གཉིས་ཕྱུང་དེ་ལས་པདྨ་དེ་ལས་སངས་རྒྱས་མཐར་གྱིས་སྟོང་གསུམ་འཇིག་རྟེན་བར་དུ་སྤྲུལ།།


༡༤བཅུ་བཞིའི་ཉིན་ལ་ཨུ་ཏྲ་ཡ་ནའི་རྒྱལ་བོས་སྤྱན་དྲངས་མེ་ཏོག་སྣ་ཚོགས་ཐུབ་པར་གཏོར་བའི་ཚེ།། མེ་ཏོག་ཐམས་ཅད་དེ་མ་ཐག་ཏུ་རིན་ཆེན་ཤིང་རྟ་སྟོང་དང་གཉིས་བརྒྱ་ལྔ་བཅུས་སྟོང་གསུམ་ཁྱོན།། གསལ་བར་སྣང་ཞིང་ཐམས་ཅད་མཐོང་ལ་སྐབས་དེར་སྟོན་པས་ནད་པར་སྨན་བཞིན་དམ་ཆོས་སྣ་ཚོགས་བསྟན།། ཁ་ཅིག་སེམས་བསྐྱེད་ཕྱིར་མི་ལྡོག་པའི་ས་ལ་གནས་ཤིང་ལྷ་མིའི་སྐྱེ་བ་ལེན་པའང་གྲངས་མེད་དོ།།


༡༥བཅོ་ལྔའི་ཉིན་ལ་གཟུགས་ཅན་སྙིང་བོས་སྤྱན་དྲངས་བཅོམ་ལྡན་འདས་ཀྱིས་རྒྱལ་བོ་ཆེན་པོར་བཀའ་བསྩལ་བ།། ཞལ་ཟས་སྣོད་སྦྱོར་གདུགས་ཚོད་དུས་ལ་བབ་ཚེ་རང་བཞིན་སྣོད་ཀུན་ཟས་མཆོག་རོ་བརྒྱས་གང་བར་འགྱུར།། ཞེས་པ་བཞིན་གྱུར་འཁོར་རྣམས་ཟོས་པས་ལུས་སེམས་བདེ་ཞིང་དམྱལ་ཁམས་སྡུག་བསྔལ་དག་ཀྱང་མཐོང་བར་བྱས།། ཕྱག་ཞབས་འཁོར་ལོ་བསྟན་ཅིང་སྐྱེ་རབས་མང་དུ་གསུངས་པས་གདུལ་བྱ་མཐའ་དག་སྨིན་གྲོལ་ལམ་ལ་བཀོད།། 


ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཞེས་པ་ནི། ནང་ཆོས་དད་ལྡན་ཤིན་ཏུ་མང་བོས་ཉིན་བཅོ་ལྔའི་ཡུན་ལ་དགེ་སྒྲུབ་སྡུག་སྤོང་གི་ལས་བྱེད་པའི་སྲོལ་ཆེན་པོ་ད་ལྟའི་བར་དུ་མ་ཉམས་པར་གནས་ཡོད་ནའང་ཉིན་རེ་རེ་ལ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་གང་དག་བསྟན་པ་སོགས་ངེས་པར་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་འདོད་དེ་་་་་ཨ་སྐྱོར་བསོད་ནམས་སམ་ཨ་འཁོར་བསོད་ནམས་རྒྱ་མཚོ་རུ་འབོད་པས་ཆོ་འཕྲུལ་ཟླ་བར་ཚིགས་བཅད་ཀྱི་ལམ་ནས་མདོར་བསྡུས་ཙམ་ཞིག་འཕྲལ་དུ་བྲིས་པ་དགེའོ།། །།



  • 顶