ཕུར་པའམ་ཕུར་བུ་ཞེས་པ་སྤྱིར་ན་དུད་འགྲོ་འདོགས་བྱེད་སོགས་ས་ལ་གདབ་བྱ་ཞིག དཔེར་ན། ལྕགས་ཕུར། ཤིང་ཕུར། གུར་ཕུར། གདང་ཕུར་སོགས་ལ་བྱེད་ཀྱང་། འདིར་གདོན་བགེགས་འདུལ་བྱེད་ཀྱི་སྔགས་ཆས་ཤིག འདི་ལ་དུང་དཀར་ཚིག་མཛོད་ལས། སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་རྙིང་མའི་གཞུང་ལས་བཤད་པའི་དཔལ་ཆེན་རྡོ་རྗེ་ཕུར་བ་ཞེས་སྐུ་སྟོད་ཁྲོ་བོ་ལ་སྐུ་སྨད་ཕུར་པའི་དབྱིབས་སུ་ཡོད་པའི་ལྷ་ཞིག་སྟེ། དེ་ལ་ཡང་ཕུར་པ་ལྷ་ནག་དང་། ལྷ་ཁྲ་སོགས་མི་འདྲ་བ་ཁ་ཤས་ཡོད་ཚོད་འདུག་ཀྱང་དཔྱད་གཞི་བདག་གིས་མ་མཐོང་། ཞེས་གསུངས།
ཕུར་པའི་སྒྲ་བཤད་དམ་གོ་དོན་ལ་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱིས་སྔགས་ཆས་རྣམ་བཤད་དུ། དེ་ཡང་ཕུར་པ་ཞེས་པའི་སྒྲ་བཤད་དམ་གོ་དོན་ནི་ཕུར་ནི་ཡུལ་ཅན་རིག་པའི་ཡེ་ཤེས་དང་། བ་ནི་ཡུལ་སྣང་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་ལ་བྱེད་པ་ཡིན་ཞིང་དོན་དམ་པར་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་རྣམ་པར་ཞི་བའི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་། ཐ་སྙད་དུ་ཆོས་རྣམས་བདེན་པར་མ་གྲུབ་པར་སྒྱུ་མ་ལྟ་བུར་གཟིགས་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱིས་བསྡུས་པའི་ཡུལ་སྣང་སྣ་ཚོགས་སུ་འཆར་བའི་དངོས་པོ་ཐམས་ཅད་འོད་གསལ་རིག་པ་ཉག་གཅིག་གི་རྒྱན་དང་རོལ་བ་རྩལ་གྱི་རང་བཞིན་དུ་མཐོང་བ་ནི་དོན་གྱི་ཕུར་པ་ཞེས་བྱ་བ་ཡིན་ཏེ། ཡཀྵ་ཟ་བྱེད་འབར་བའི་རྒྱུད་ལས། ཕུར་ནི་རིག་པའི་ཡེ་ཤེས་ཏེ། །པ་ནི་སྣ་ཚོགས་དངོས་པོའོ། །སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་དུ། །རྟོགས་ན་ཕུར་པ་ཞེས་སུ་གྲགས། །ཞེས་དང་། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ཕུར་བུ་ནི། །ཕུར་བུ་ཀུན་གྱི་རྒྱུ་རུ་གྲགས། །དོན་གྱི་ཕུར་པ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས།། འཁོར་བ་ངན་སོང་མྱ་ངན་བཟློག ། ཅེས་གསུངས་པའི་ཕྱིར།
ཕུར་པའི་དབྱེ་བ་ལ་སྔགས་ཆས་རྣམ་བཤད་ལས། ཕུར་པའི་དབྱེ་བ་ནི། ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། ཕུར་པ་རྣམ་པ་བཞི་ཡིན་ཏེ། །ཆོས་ཉིད་དོན་གྱི་ཕུར་པ་དང་། །རིག་པ་ཡེ་ཤེས་ཕུར་པ་དང་། །འདུས་བྱས་རྫས་ཀྱི་ཕུར་པ་དང་། །རྟེན་པ་ལུས་ཀྱི་ཕུར་པའོ། །ཞེས་ཆོས་ཉིད་དོན་གྱི་ཕུར་པ་དང་། རིག་པ་ཡེ་ཤེས་ཀྱི་ཕུར་པ་དང་། འདུས་བྱས་རྫས་ཀྱིས་ཕུར་པ་དང་། བརྟེན་པ་ལུས་ཀྱི་ཕུར་པ་དང་ཕུར་པ་རྣམ་པ་བཞི་གསུངས་པ་དང་། ཕུར་པ་གསང་བ་རྩ་རྒྱུད་ལས། དབྱེ་ན་རྣམ་པ་བཞི་ཡིན་ཏེ། །རང་རིག་ཡེ་ཤེས་ཕུར་པ་ཡིས། །ཡུལ་ཆོས་དབྱིངས་ལ་གདབ་པར་བྱ། །ཐུགས་རྗེ་ཆེན་པོའི་ཕུར་པ་ཡིས། །ཁམས་གསུམ་སེམས་ཅན་གདབ་པ་དང་། །གསང་བ་བྱང་སེམས་ཕུར་པ་ཡིས། །ཡུམ་གྱི་མཁའ་ལ་གདབ་པ་དང་། །མཚན་རྫོགས་རྫས་ཀྱི་ཕུར་པ་ཡིས། །ཉམས་པ་བདུན་ལ་གདབ་པའོ། །ཞེས་དང་། ཡཀྵ་ཟ་བྱེད་འབར་བ་ལས། རིག་པ་སེམས་ཀྱི་ཕུར་པ་དེ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལ་གདབ། །བྱང་ཆུབ་སེམས་ཀྱི་ཕུར་པ་དེ། །ཡུམ་གྱི་མཁའ་ལ་གདབ་པ་ཡིན། །ཚད་མེད་སྙིང་རྗེ་ཕུར་པ་དེ། །ཁམས་གསུམ་སྡུག་བསྔལ་རྒྱུད་ལ་གདབ། །རྫས་ཀྱི་ཕུར་པ་དགྲ་དང་བགེགས་ལ་གདབ། །ཅེས་རྩ་རྒྱུད་དང་ཅུང་མི་འདྲ་བར་རིག་པ་ཡེ་ཤེས་ཀྱི་ཕུར་པ་དང་། ཚད་མེད་སྙིང་རྗེའི་ཕུར་པ་དང་། བྱང་ཆུབ་སེམས་ཀྱི་ཕུར་པ་དང་། འདུས་བྱས་རྫས་ཀྱི་ཕུར་པ་དང་བཞི་གསུངས་ལ། དེ་ཡང་ཕུར་པ་ཞེས་པའི་སྒྲ་བཤད་དམ་གོ་དོན་ནི་ཕུར་ནི་ཡུལ་ཅན་རིག་པའི་ཡེ་ཤེས་དང་། བ་ནི་ཡུལ་སྣང་སྣ་ཚོགས་སུ་སྣང་བའི་ཆོས་ཐམས་ཅད་ལ་བྱེད་པ་ཡིན་ཞིང་དོན་དམ་པར་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་སྤྲོས་པའི་མཚན་མ་རྣམ་པར་ཞི་བའི་རང་བཞིན་ཇི་ལྟ་བ་བཞིན་དུ་རྟོགས་ཤིང་། ཐ་སྙད་དུ་ཆོས་རྣམས་བདེན་པར་མ་གྲུབ་པར་སྒྱུ་མ་ལྟ་བུར་གཟིགས་པའི་ཡེ་ཤེས་ཀྱིས་འཁོར་འདས་ཀྱིས་བསྡུས་པའི་ཡུལ་སྣང་སྣ་ཚོགས་སུ་འཆར་བའི་དངོས་པོ་ཐམས་ཅད་འོད་གསལ་རིག་པ་ཉག་གཅིག་གི་རྒྱན་དང་རོལ་བ་རྩལ་གྱི་རང་བཞིན་དུ་མཐོང་བ་ནི་དོན་གྱི་ཕུར་པ་ཞེས་བྱ་བ་ཡིན་ཏེ། ཡཀྵ་ཟ་བྱེད་འབར་བའི་རྒྱུད་ལས། ཕུར་ནི་རིག་པའི་ཡེ་ཤེས་ཏེ། །བ་ནི་སྣ་ཚོགས་དངོས་པོའོ། །སྣ་ཚོགས་སེམས་ཀྱི་ཆོ་འཕྲུལ་དུ། །རྟོགས་ན་ཕུར་པ་ཞེས་སུ་གྲགས། །ཞེས་དང་། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ཕུར་བུ་ནི། །ཕུར་བུ་ཀུན་གྱི་རྒྱུ་རུ་གྲགས། །དོན་གྱི་ཕུར་པ་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱི་ཕུར་པ་ཡིས། ། འཁོར་བ་ངན་སོང་མྱ་ངན་བཟློག །ཅེས་གསུངས་པའི་ཕྱིར། དེས་ན་ཡུལ་ཅན་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་སམ་གཉུག་མ་དོན་གྱི་རིག་པ་ནི་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཞེས་བྱ་ཞིང་ཡུལ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་མཉམ་པ་ཉིད་ལ་གདབ་སྟེ་དེའི་ངང་ལ་ཆུ་ལ་ཆུ་བཞག་ལྟར་གནས་པས་གཟུང་འཛིན་སྒྲིབ་པ་བག་ཆགས་དང་བཅས་པ་སྐྱེ་མེད་ཆོས་ཀྱི་དབྱིངས་སུ་དག་སྟེ་རིག་པའི་རྩལ་གྱི་ཡོན་ཏན་ཕྱོགས་མེད་དུ་རྒྱས་པ་དང་། གཞན་ཕན་ཁུར་ཁྱེར་གྱི་བརྩེ་བའི་སྙིང་རྗེ་ཆེན་པོ་ལ་ཚད་མེད་སྙིང་རྗེའི་ཕུར་པ་ཞེས་བྱ་ལ་ཁམས་གསུམ་གྱི་འགྲོ་བ་ཀུན་ལ་མ་གཅིག་པུས་བུ་བཞིན་དུ་བལྟས་ཏེ་འགྲོ་བའི་ཕན་བདེ་རྟག་ཏུ་བསྒྲུབ་པ་ལ་བརྩོན་པ་དང་། ཀུནྡ་བྱང་ཆུབ་ཀྱི་སེམས་ལ་བྱང་ཆུབ་སེམས་ཀྱི་ཕུར་པ་ཞེས་བྱ་ཞིང་རྩ་ཐིག་རླུང་གསུམ་ལ་རྩལ་ཐོགས་མེད་དུ་འབྱོངས་ནས་རླུང་སེམས་དབུ་མར་ཚུད་ཅིང་བྱང་སེམས་ཡུམ་གྱི་མཁའ་ལ་གདབ་པ་ན་ཐིག་ལེ་འབར་འཛེག་གི་ཉམས་ཁྱད་པར་བས་ཡས་བབས་དང་མས་བརྟན་གྱི་དགའ་བདེའི་ཡེ་ཤེས་བཅུ་དྲུག་མངོན་དུ་གྱུར་ཏེ་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཕྱོགས་མེད་རྒྱས་པ་དང་། ཁ་དོག་དབྱིབས་ཚད་དང་ལྡན་པའི་སྐྱེར་ཤིང་སོགས་ཀྱིས་བཟོས་པའི་ཕུར་པ་ལ་འདུས་བྱས་རྫས་ཀྱི་ཕུར་པ་ཞེས་བྱ་ཞིང་ཡི་དམ་ལྷའི་གསལ་སྣང་ལ་སྟོང་ཉིད་ཀྱི་རྩི་དང་མ་བྲལ་བའི་སྒོ་ནས་ཉམས་པ་བདུན་ལྡན་གྱི་དགྲ་ལ་གདབ་ནས་ལས་ངན་འགྲོ་བའི་སྐྱེ་རྒྱུན་བཅད་ཅིང་དགྲ་རྒྱུད་རྩད་ནས་བརླགས་ཏེ་སངས་རྒྱས་ཀྱི་བསྟན་པ་རིས་མེད་དུ་དར་བར་བྱའོ། །བྱེ་བྲག་ཏུ་འདུས་བྱས་རྫས་ཀྱི་ཕུར་པ་ལ་དབྱེ་ན་ཡང་ཞི་རྒྱས་དབང་དྲག་གི་ཕུར་པ་བཞིར་དབྱེ་བ་དང་། བསྙེན་ཕུར་དང་། སྒྲུབ་ཕུར་དང་། གདབ་ཕུར་དང་། མངགས་ཕུར་དང་བཞིར་དབྱེ་བ་དང་། བསྙེན་ཕུར་དང་སྒྲོལ་ཕུར་གཉིས་སུ་དབྱེ་བ་དང་། མངགས་ཕུར་ལ་ཡང་མངགས་ཕུར་དང་ཕོ་ཉའི་ཕུར་བུ་གཉིས་སུ་དབྱེ་བ་དང་། བསྙེན་ཕུར་ལ་ཡང་ཡུང་དཀར་དང་ཕུར་བུ་གཉིས་སུ་དབྱེ་བ་སོགས་སུ་མ་ཡོད་དོ། །དེ་ཡང་དང་པོ་ཡོད་དེ། གོང་དུ་རྒྱུ་དང་དབྱིབས་ཚད་རྣམས་བཤད་པའི་སྐབས་སུ་གསལ་བ་ལྟར་ཡིན་པའི་ཕྱིར། གཉིས་པ་ཡོད་དེ། ཀརྨ་ལས་ཀྱི་རྒྱུད་ལས། བསྙེན་ཕུར་སྒྲུབ་ཕུར་གདབ་ཕུར་དང་། །མངགས་ཕུར་ལ་སོགས་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ཡོད་དེ། རྙིང་རྒྱུད་ཕུར་པ་བཤད་རྒྱུད་ལས། བསྙེན་ཕུར་སྒྲོལ་བའི་ཕུར་པ་ཡང་། །ཞེས་གསུངས་པའི་ཕྱིར། བཞི་པ་ཡོད་དེ། ཕུར་པ་གསང་རྒྱུད་ལས། མངགས་དང་ཕོ་ཉའི་ཕུར་བུ་གཟུང་། །ཞེས་གསུངས་པའི་ཕྱིར། ལྔ་པ་ཡོད་དེ། ཕུར་པ་རྩ་རྒྱུད་ལས། བསྙེན་ཕུར་ལ་ཡང་རྣམ་པ་གཉིས། །ཉུང་དཀར་དང་ནི་ཕུར་བུ་དངོས། ། ཞེས་གསུངས་པའི་ཕྱིར། དུས་འཁོར་བསྡུས་རྒྱུད་ལས། ཡང་ན་ལས་ནི་ཐམས་ཅད་ལཡང་རྡོ་རྗེར་འགྱུར་ཏེ་ས་ལ་ཕུར་པ་དག་གི་དབྱེ་བ་བརྒྱད། ནྱ་གྲོ་ངྷ་དང་ཨ་ཤྭདྠ་ཀ་རུས་ལྕགས་སེང་ལྡེང་ལས་སྐྱེས་ཙཱུ་ཏ་བིལ་བ་ཨརྐ་སྐྱེས། ཞེས་ཕུར་བུའི་དབྱེ་བ་བརྒྱད་གསུངས་པ་ནི་རྒྱུའི་དབྱེ་བ་ཡིན་ནོ། །
ཕུར་པའི་རྒྱུ་ལ་སྔགས་ཆས་རྣམ་བཤད་ལས། ཕུར་བུའི་རྒྱུ་ལ་ནི་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་རྒྱུ་སྤྱི་ལ་གསེར་དང་། དངུལ། ཤེལ། བྱི་རུ། ཟངས་མ། ར་གན། ལྕགས། ཁྲོ། ཙནྡན་དཀར་དམར། སེང་ལྡེང་། ཤུག་པ། ཚེར་ནག སྐྱེར་བ། མི་རུས། མིའི་རྗེ་ངར་གྱི་རུས་པ། སྤྲེའུའི་རུས་པ་སོགས་སྣ་ཚོགས་པ་ཞིག་ལས་བྱ་རུང་སྟེ། སྔ་འགྱུར་རྡོ་རྗེ་གཞོན་ནུ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། འདུས་བྱས་རྫས་ཀྱི་ཕུར་པ་ནི། །དངུལ་ལམ་འོ་མ་ཅན་གྱི་ཤིང་། །ཟངས་སམ་ཙནྡན་དམར་པོའི་ཤིང་། །ལྕགས་སམ་རྐང་དང་ཚེར་མའི་ཤིང་། །གསེར་རམ་འོ་སེ་སེར་པོའི་ཤིང་། །ཞེས་དང་། རྙིང་རྒྱུད་ཕུར་པ་ཀརྨ་ལས་ཀྱི་རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་དང་། །གསེར་སོགས་སེར་པོ་ཟངས་སོགས་དམར། །ལྕགས་སོགས་ནག་པོ་དུག་ཤིང་དང་། །ཚེར་མ་ཅན་ལ་སོགས་པ་ལ། །ཞེས་རྙིང་རྒྱུད་ཕུར་པ་ཡཀྴ་ཟ་བྱེད་འབར་བའི་རྒྱུད་དང་། རྙིང་རྒྱུད་ཕུར་པ་བཅུ་གཉིས་ཀྱི་རྒྱུད། རྙིང་རྒྱུད་ཕུར་པ་མྱང་འདས་ཀྱི་རྒྱུད། རྙིང་རྒྱུད་ཧེ་རུ་ཀ་སྙིང་རྗེ་རོལ་བ། རྙིང་རྒྱུད་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། གསང་འདུས། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པའི་རྒྱུད། ཁྲག་འཐུང་མངོན་འབྱུང་སོགས་ལས་ཀྱང་གསུངས་ལ། རྡོ་རྗེ་གཏུམ་པོ་ཐུགས་གསང་རྒྱུད་ཕྱི་མ་ལས། ཤུག་པའི་ཕུར་པས་ཁྲུ་གང་བརྐོ། །ཞེས་གསུངས་པའི་ཕྱིར་རོ། །གོང་དུ་ལྕགས་ལྔ་ཞེས་པ་གང་ཡིན་ཞེ་ན། དེ་ནི་གནམ་ལྕགས་སམ་ཐོག་ལྕགས་དང་། ས་ལྕགས་དང་། ཁྲོ་ལྕགས་དང་། མི་རྟ་བསད་པའི་གྲི་ལྕགས་དང་། ལྕགས་ཕལ་བ་དང་ལྔ་ལ་བྱེད་པ་ཡིན་ཏེ། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། གནམ་ལྕགས་ས་ལྕགས་ཁྲོ་ཆུ་གསུམ། །མི་རྟ་བསད་པའི་མཚོན་རྩེ་བཞི། །ཕལ་བའི་ལྕགས་དང་ལྔ་ལ་བྱ། །ཞེས་གསུངས་པས་སོ། །
གཉིས་པ་བྱེ་བྲག་གི་རྒྱུ་ལ་ནི་ལས་བཞིའི་ཕུར་པ་སོ་སོ་ལ་རྒྱུ་མི་འདྲ་བ་སོ་སོར་གསུངས་ཏེ། དེ་ཡང་ཞི་བའི་ལས་བསྒྲུབ་པའི་ཕུར་བུའི་རྒྱུ་ལ་ནི་དངུལ་དང་། ཤེལ་དང་། ཙནྡན་དཀར་པོ་སོགས་དཀར་པོའི་རིགས་ཀྱི་ཤིང་སོགས་དང་། རྒྱས་པའི་ཕུར་བུའི་རྒྱུ་ལ་ནི་གསེར་དང་། ར་གན་སོགས་སེར་པོའི་རིགས་དང་། དབང་གི་ལས་ཀྱི་ཕུར་བུའི་རྒྱུ་ལ་ནི་བྱི་རུ་དང་། ཟངས་མ་དང་། ཙནྡན་དམར་པོ་དང་། མཛོ་མོ་ཤིང་སོགས་དམར་པོའི་རིགས་དང་། དྲག་པོའི་ལས་ཀྱི་ཕུར་བུའི་རྒྱུ་ནི་ལྕགས་དང་། ཁྲོ་དང་། ཚེར་ནག་དང་། ཡུགས་མོའི་འཕང་ཤིང་སོགས་ནག་ལ་རྩུབ་ཅིང་བཀྲ་མི་ཤིས་པའི་རིགས་རྣམས་ཆེད་དུ་བསྔགས་པ་ཡིན་ཏེ། ཕུར་པ་ཡཀྵ་ཟ་བྱེད་འབར་བའི་རྒྱུད་ལས། དངུལ་ལ་ཞི་བ་རྒྱས་པ་གསེར། །དབང་སྡུད་དམར་ཐབས་ཟངས་ཡིན་ཏེ། །ལྔ་བདུན་ཚོགས་ན་དྲག་པོ་ལྕགས། །ཞེས་དང་། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོ་ལས་ཀྱི་ཕུར་བུའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་བུའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་བུའི་རྒྱུ། །དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ཆོས་ཉིད་ཕུར་བུའི་རྒྱུ། །ཞེས་དང་། གཞན་ཡང་ཤིང་གི་སྦ་མཆོག་རྐང་། །གདུག་པ་ཅན་དང་བཀྲ་མི་ཤིས། །ཁྱོ་དགུ་ཤི་བའི་ཡུགས་མོའི་འཕང་། །དེ་ལ་དྲག་པོའི་ཕུར་བུ་བྱའོ། །སྐྱེར་བ་གཡར་པ་སྲིན་ཤིང་དང་། །སྐྲིག་ཤིང་ལ་སོགས་ཤིང་བུ་ལ། །དེ་ལ་རྒྱས་པའི་ཕུར་པ་བྱ། །འཁར་བ་ལྗོན་དམར་སེང་ལྡེང་དང་། །མཛོ་མོ་གླ་དཀར་ཚེར་མ་ཅན། །དེ་ལ་དབང་གི་ཕུར་པ་བྱ། །ཙནྡན་དཀར་པོ་ཤུག་པ་འཇག །གླ་བ་སྟར་བུའི་ཤིང་རྣམས་ལ། དེ་ལ་ཞི་བའི་ཕུར་པ་བྱའོ། །ཞེས་ཕུར་པ་གསང་རྒྱུད་སོགས་ལས་ཀྱང་གསུངས་པའི་ཕྱིར།
གཞན་ཡང་བསྟན་པའི་དགྲ་བོ་སོགས་བསྒྲལ་བྱའི་ནུས་མཐུ་འཕྲོག་པ་ལ་སེང་ལྡེང་གི་ཕུར་པ་དང་། འགུགས་པ་བྱ་བ་ལ་བྱ་རྒོད་ཀྱི་གཤོག་ཐུར་གྱི་ཕུར་བུ་དང་། ཟིལ་གྱིས་གནོན་པ་ལ་གསེར་དང་སྐྱེར་བའི་ཕུར་བུ་དང་། དབང་དུ་བྱ་བ་ལ་སྐྱེས་པའི་རྟགས་ཕུར་འབྲིང་ཙམ་གྱི་མཛོ་མོ་ཤིང་གི་ཕུར་བུ་སོགས་དང་། གཟི་བྱིན་འཕྲོག་པ་ལ་ཙནྡན་དང་རྒྱ་ཤུག་གི་ཕུར་བུ་དང་། རྡུལ་དུ་བརླག་པ་ལ་ལྕགས་དང་ཚེར་ནག་གི་ཕུར་བུ་སོགས་དགོས་པར་གསུངས་ཏེ། རྙིང་རྒྱུད་ཕུར་པ་རྡོ་རྗེ་ཁྲོས་པ་རྩ་རྒྱུད་ལས། སེང་ལྡེང་ཕུར་པ་སོར་བརྒྱད་ནི། །མཐུ་འཕྲོག་བྱིན་རླབས་ཡོད་པ་ཡིན། །དེ་བཞིན་བྱ་རྒོད་གཤོག་ཕུར་ཡང་། །འགུགས་པར་བྱ་བའི་ནུས་པ་ཡོད། །སེར་པོ་གསེར་རམ་ཡང་ན་ནི། །སྐྱེར་པ་དག་ལ་བྱས་པ་ནི། །ཟིལ་གྱིས་གནོན་པའི་ཕུར་པ་ཡིན། །སྐྱེས་པ་དར་མ་རིགས་ཅན་གྱི། །སྦོམ་པོ་མ་ཡིན་ཐུར་མ་ཕྲ་མོ་ཙམ། །ཟངས་སམ་མཛོ་མོ་ཤིང་དག་གིས། །དམར་པོ་དག་ལ་བྱས་པ་ནི། དབང་དུ་འདུས་པའི་ཕུར་བུར་བསྟན། །ཙནྡན་དག་གམ་རྒྱ་ཤུག་ནི། །གཟི་བྱིན་འཕྲོག་པར་ཡང་དག་བསྟན། ། ལྕགས་སམ་ཤིང་ནི་ནག་པོ་ནི། །དྲག་པོར་གྱུར་བ་ཐམས་ཅད་ལ། །རྡུལ་དུ་བརླག་པར་རབ་ཏུ་བསྟན། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་སྲོག་ཆགས་ཀྱི་རྐང་རུས་ཀྱི་དབྱེ་བས་ལས་སོ་སོའི་ཕུར་བུའི་རྒྱུ་བཤད་པ་ཡང་ཡོད་དེ། ཕུར་པ་གསང་རྒྱུད་ལས། རྨིག་ཟླུམ་རྐང་ལ་ཞི་བ་བྱ། །འདབ་ཆགས་རྐང་ལ་རྒྱས་པ་བྱ། །རྐང་ལེབ་རྐང་ལ་དབང་ཡང་བྱ། །སྡེར་ཆགས་རྐང་ལ་དྲག་པོ་བྱ། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་ཤིང་གཅིག་ལས་ལས་བཞི་སོ་སོའི་ཕུར་བུ་བྱ་བ་ལ་ཡང་སྐེད་པ་བརྟན་པས་ཞི་བ་དང་། རྩེ་མོ་རྒྱས་པ་དང་། རྩ་བས་དབང་དང་། ས་གཏིང་གི་རྩ་བས་དྲག་པོའི་ཕུར་བུ་བྱ་དགོས་པར་བཤད་དེ། ཡཀྵ་ཟ་བྱེད་འབར་བ་ལས། ཡང་ན་ཤིང་གི་རྒྱུ་བརྟན་པ། །ཞི་རྩེ་རྒྱས་པ་རྩ་བ་དབང་། །དྲག་པོ་ས་ཡི་གཏིང་ལ་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཕུར་པའི་རྒྱུ་རིགས་འགའ་རེའི་དབང་དུ་བྱས་པའི་ཡོན་ཏན་ནི་དཔེར་ན་ཤིང་ནག་པོའི་རིགས་ལས་བྱས་པའི་ཕུར་པས་དགྲ་དང་གདོན་བགེགས་སོགས་གཞན་གྱི་གནོད་པས་མི་ཚུགས་ཤིང་དུག་ནུས་ཀྱིས་རྒོལ་བ་རྡུལ་དུ་རློག་པ་དང་། ཚེར་མ་ཅན་གྱི་ཤིང་སྐྱེར་བའི་ཕུར་བུས་ཚེ་རིང་ཞིང་ལོངས་སྤྱོད་རྒྱས་པ་དང་། མཛོ་མོ་ཤིང་གི་ཕུར་བུས་སྐྱེ་འགྲོ་དབང་དུ་འདུ་ཞིང་དབང་གི་ལས་འགྲུབ་པ་སོགས་ཕན་ཡོན་མི་འདྲ་བ་སོ་སོ་འབྱུང་བ་ཡིན་ཏེ། ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལས། ནག་པོའི་ཤིང་ནི་དུག་ཅན་ལ། །ཕུར་པ་བྱས་པའི་ཡོན་ཏན་ནི། །ནག་པོ་གཞན་གྱིས་མི་ཚུགས་ལ། །དུག་གིས་ཕ་རོལ་གསོད་པར་བྱེད། །ཚེར་མ་ཅན་གྱི་ཤིང་རྣམས་ལ། །ཕུར་པ་བྱས་པའི་ཡོན་ཏན་ནི། །སྐྱེར་བས་ཚེ་དང་ལོངས་སྤྱོད་འཕེལ། །མཛོ་མོའི་དབང་དུ་བྱ་བ་འགྲུབ། །གཞན་ཡང་ཁ་དོག་རིགས་སུ་སྦྱར། །ཞེས་གསུངས་པའི་ཕྱིར་རོ། །
ཕུར་བུའི་དབྱིབས་ལ་སྔགས་ཆས་རྣམ་བཤད་ལས། ཕུར་བུའི་དབྱིབས་ལ་ནི། སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། སྟོད་ཞལ་གསུམ་པའམ་ཞལ་གཅིག་པ་ཏོག་ཆུང་ངུ་ཅན། ཕྱག་གཉིས་ཐུགས་ཀར་ཕུར་བུ་བསྒྲིལ་བ། དེའི་འོག་ལྕམ་གཞོག་ཟུར་བརྒྱད་པ། དེ་འོག་རྒྱ་མདུད་དང་དེ་འོག་ཏུ་ཆུ་སྲིན་གྱི་མགོ་བོ་ཡོད་པ། ཆུ་སྲིན་གྱི་ཁ་ནས་ཐོན་པའི་དབལ་ཟུར་གསུམ་སོགས་རྩ་བ་སྦོམ་ཞིང་སྣེ་མོ་རྣོ་བ། དབལ་གྱི་ངོས་ལ་སྦྲུལ་ཆུན་འཕྱང་བ་ཞིག་དང་། ཞལ་ཕྱག་མེད་པར་མགོ་བོར་རྒྱ་མདུད་དང་དེ་འོག་ཆུ་སྲིན་གྱི་ཞལ་དང་དེའི་ཁ་ནས་དབལ་ཐོན་པ་སོགས་གོང་དང་འདྲ་བ་བཅས་མི་འདྲ་ཁ་ཤས་ཡོད་དོ། །ཕུར་བུའི་དབྱིབས་དེ་ལྟར་ཡིན་པའི་སྒྲུབ་བྱེད་ནི། ཕུར་པ་ཁྲོས་པ་རྩ་རྒྱུད་ལས། ལྕགས་སྣ་ལྔའམ་བདུན་ཡང་རུང་། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང་། །ལྕམ་གཞོག་ལ་ནི་སོར་བཅུ་གཉིས། །ཞེས་དང་། ཡཀྵ་ཟ་བྱེད་འབར་བ་ལས། རྒྱ་མདུད་ལྕམ་གཞོག་བརྒྱད་དང་ལྡན། །ཞེས་དང་། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། མགོ་དང་རྩ་བ་མ་ནོར་བ། །རྒྱ་མདུད་གཉིས་དང་ཟུར་བརྒྱད་དང་། །ཟུར་གསུམ་པ་རུ་རབ་ཏུ་བཞོག །ཅེས་དང་། སྐེད་པ་རྒྱ་མདུད་དྲག་པོ་ལ། །རྩེ་མོ་ཆུ་སྲིན་ཁ་ནས་དབྱུང་། །ཞེས་གསུངས་པ་སོགས་སོ། །
དེ་ཡང་རྒྱུད་ཁ་ཅིག་ལས་ནི་ཞི་བ་དང་དྲག་པོའི་ཕུར་པ་ལ་དབལ་ཆུ་སྲིན་གྱི་ཁ་ནས་ཐོན་པ་དང་། ཞི་བ་ལ་ལྕམ་གཞོག་ཟུར་དྲུག་དང་རྒྱས་ཕུར་ལ་ལྕམ་གཞོག་ཟུར་བརྒྱད་དགོས་པར་གསུངས་པ་ཡོད་དེ། ཕུར་པ་གསང་རྒྱུད་ལས། རྩེ་མཚན་སོ་སོའི་དབྱིབས་སུ་ནི། །དབང་དྲག་གཉིས་ནི་ཆུ་སྲིན་ཁ་ནས་བྱུང་། །ཞི་ལ་ཟུར་དྲུག་རྒྱས་ལ་བརྒྱད། །ཅེས་གསུངས་པའི་ཕྱིར་རོ། །འོན་ཀྱང་དབྱིབས་དེ་ལྟར་ངེས་པ་ནི་མ་ཡིན་པར་ལྷ་དང་མཐུན་པའི་ཞལ་ཕྱག་སོགས་བྱ་རུང་ཞིང་དེ་འདྲ་ཡོད་པ་ཡིན་ཏེ། ཕྱག་རྡོར་གསང་བ་མངོན་བསྟན་གྱི་རྒྱུད་ལས། མི་རུས་ལ་བྱས་ཕུར་བུ་ནི། །བགེགས་ཀྱི་ལུས་ཅན་ཞལ་གཅིག་པ། །ཕྱག་བཞི་ཐོ་བ་ཞགས་པ་དང་། །དགྲ་སྟྭ་རྩེ་གསུམ་བསྣམས་པ་སྟེ། །ཞེས་དང་། རྙིང་རྒྱུད་དུར་ཁྲོད་ནག་པོའི་རྒྱུད་ལས། ཕུར་བུའི་ཆོ་ག་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། དུར་ཁྲོད་ཤིང་ངམ་སེང་ལྡེང་ལ། །མ་ཧྰ་ཀ་ལའི་སྐུ་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ནི། ཞི་རྒྱས་དབང་དྲག་གི་ལས་བཞིའི་ཕུར་པ་སོ་སོ་གོང་བཤད་ལྟར་རྒྱུ་དང་ཁ་དོག་དང་དབྱིབས་རྣམས་མི་འདྲ་བར་བཤད་པས་དང་པོ་ཞི་བའི་ཕུར་བུ་ཁ་དོག་དཀར་པོ་ལ་དབྱིབས་ནི་མགོ་བོ་དང་། རྒྱ་མདུད་དང་། དབལ་རྣམས་ཟླུམ་པོ་ཅན་ཞིག་དགོས་པ་ཡིན་ཏེ། རྙིང་རྒྱུད་འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་རྒྱུད་ལས། ཕུར་པ་ཁ་དོག་དཀར་པོ་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོར། །ལྷ་རྣམས་བསྒོམས་ལ་གདབ་པར་བྱ། །འདི་ནི་ཞི་བའི་ལས་ལ་ཤིས། །ཞེས་དང་། རྙིང་རྒྱུད་རྡོར་སེམས་སྒྱུ་འཕྲུལ་དྲྭ་བ་གསང་བ་མེ་ལོང་གི་རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །ལོགས་ལ་ཞི་བའི་ལྷ་བཀོད་ལ། །དེ་བཞིན་གཤེགས་པར་གསལ་བས་གདབ། །ཅེས་དང་། རྙིང་རྒྱུད་དུར་ཁྲོད་ཁུ་བྱུག་རོལ་བའི་རྒྱུད་ལས། རིན་ཆེན་ཁ་དོག་དཀར་པོ་འམ། །དཀར་པོའི་ཤིང་ལས་བྱས་པ་ཡི། །ཕུར་པ་ཟླུམ་པོ་དྲུག་བཏབ་སྟེ། །ཞི་བའི་ལྷ་ཚོགས་སྤྱན་ཡང་དྲངས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རྒྱས་པའི་ཕུར་བུ་ནི་ཁ་དོག་སེར་པོ་ལ་དབྱིབས་ནི་མགོ་བོ་དང་། རྒྱ་མདུད་དང་དབལ་རྣམས་གྲུ་བཞི་ཅན་ཞིག་དགོས་པ་ཡིན་ཏེ། ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་ལས། གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་བཞི། །ལྷ་རྣམས་བསྒོམས་ཏེ་གདབ་པར་བྱ། །འདི་ནི་རྒྱས་པའི་ལས་ལ་ཤིས། །ཞེས་དང་། སྒྱུ་འཕྲུལ་མེ་ལོང་ལས། གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་རྩེ་རྒྱ་མདུད་གྲུ་བཞི་བཅས། །ལོགས་ལ་རྒྱས་པའི་ལྷ་བསྒོམས་ཏེ། །རིན་ཆེན་ང་རྒྱལ་བཅས་པས་གདབ། །ཅེས་དང་། ཁུ་བྱུག་རོལ་བ་ལས། རིན་ཆེན་ཁ་དོག་སེར་པོའམ། །སེར་པོའི་ཤིང་ལས་བྱས་པ་ཡི། །ཕུར་པ་ཟུར་བཞི་བཞི་བཏབ་སྟེ། །རྒྱས་པའི་ལྷ་ཚོགས་སྤྱན་ཡང་དྲངས། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་དབང་གི་ཕུར་བུ་ནི་མདོག་དམར་པོ་ལ་མགོ་བོ་དང་། རྒྱ་མདུད་དང་དབལ་རྣམས་ཟླ་གམ་ཅན་ཞིག་དགོས་པ་ཡིན་ཏེ། ཐབས་ཀྱི་ཞགས་པ་ལས། ཟངས་སམ་ཁ་དོག་དམར་པོའི་ཤིང་། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །མགོ་ལ་ཁྲོ་བོའི་འཁོར་བསྒོམས་ཏེ། ། བཏབ་ན་ངེས་པར་དེ་དབང་འགྱུར། །ཞེས་དང་། ཁུ་བྱུག་རོལ་བ་ལས། ཟངས་ལ་སྩོགས་པའི་རིན་ཆེན་ནི། །དམར་པོའི་ཤིང་ལ་བྱས་པ་ཡི། །ཕུར་པ་ཟླ་གམ་ལྔ་བཏབ་སྟེ། །དམར་སྨུག་འཕྲོ་བའི་ལྷ་ཚོགས་རྣམས། །རྡོ་རྗེ་རྒྱུག་པས་སྤྱན་དྲངས་ཏེ། །དགའ་ཆགས་ཡིད་ཀྱིས་མཆོད་སྦྱིན་བྱ། །ཞེས་དང་། སྒྱུ་འཕྲུལ་མེ་ལོང་ལས། ཟངས་མ་བྱུ་རུ་དམར་ཤིང་རྣམས། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །ལོགས་ལ་དབང་གི་ལྷ་བཀོད་ལ། །ཆགས་པ་རྡོ་རྗེར་གསལ་བས་གདབ། ཅེས་གསུངས་པའི་ཕྱིར་རོ། །བཞི་བ་དྲག་པོའི་ཕུར་བུ་ནི་མདོག་ནག་པོ་ལ་མགོ་དང་རྒྱ་མདུད་དབལ་རྣམས་ཟུར་གསུམ་མམ་གྲུ་གསུམ་ཅན་ཞིག་དགོས་པར་གསུངས་ཏེ། ཁུ་བྱུག་རོལ་བ་ལས། ལྕགས་སམ་ནག་པོའི་ཤིང་རྣམས་སམ། །ཚེར་མ་ཅན་གྱི་ཤིང་རྣམས་སམ། །མི་ཡི་རུས་པའི་ཕུར་པ་ནི། །རྩེ་མོ་ཟུར་གསུམ་གསུམ་བཏབ་སྟེ། །མཐིང་ནག་འཁྲུག་པའི་ལྷ་ཚོགས་རྣམས། །དྲེགས་པ་འདུལ་ཕྱིར་སྤྱན་དྲངས་ཏེ། །ཞེས་སྒྱུ་འཕྲུལ་མེ་ལོང་དང་། ཐབས་ཀྱི་ཞགས་པ་ལས་གསུངས་པའི་ཕྱིར་རོ། །
གཞན་ཡང་དེ་ལྟར་དགོས་པར་ཐུན་མོང་དུ་བསྟན་པ་ནི། ཕུར་པ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། ཟླུམ་དང་གྲུ་བཞི་ཟླ་གམ་དང་། །གྲུ་གསུམ་དབྱིབས་སུ་ངེས་པ་ཡིན། །ཞེས་དང་། ཡཀྵ་ཟ་བྱེད་འབར་བའི་རྒྱུད་ལས། དབྱིབས་ནི་ཟླུམ་པོ་ཞི་བ་ལ། །རྒྱས་པ་རྩེ་མོ་གྲུ་བཞི་པ། །དབང་ནི་ཟླ་གམ་གསུམ་དུ་བཤད། །ཅེས་དང་། སྔ་འགྱུར་རྡོ་རྗེ་འབར་བའི་རྒྱུད་ལས། གསེར་དངུལ་ཟངས་ལྕགས་སོ་སོའི་ཤིང་། །མགོ་བོ་རྒྱ་མདུད་རྩེ་མོ་རྣམས། །ཟླུམ་པོ་གྲུ་བཞི་ཟླ་གམ་ཟུར། །ཞེས་གསུངས་པ་དག་གོ །གལ་ཏེ་ཤིང་ལས་བཅོས་པའི་ཕུར་བུ་ལ་ནི་དང་པོ་གཞོག་ཚེ་ཤིང་རྩ་བ་ཕྱོགས་སུ་མགོ་བོའི་རྒྱ་མདུད་དང་རྩེ་མོའི་ཕྱོགས་སུ་དབལ་ཟུར་གསུམ་བྱས་ཏེ་རྩ་རྩེ་མ་ནོར་བར་བྱ་དགོས་པར་གསུངས་ཏེ། ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལས། རྩ་བའི་ལོགས་སུ་རྒྱ་མདུད་བྱ། །རྩེ་མོའི་ལོགས་སུ་ཟུར་གསུམ་བྱ། །ཞེས་དང་། ཕུར་པ་གསང་རྒྱུད་ལས། རྩེ་མོའི་ཕྱོགས་ནི་མ་ནོར་བར། །རྩ་བ་ལ་ནི་རྒྱ་མདུད་བྱ། །མྱུ་གུའི་ངོས་སུ་རྩེ་མོ་བྱ། །ཞེས་དང་། ཀརྨ་ལས་ཀྱི་རྒྱུད་ལས། ཤིང་གི་རྩ་བ་རྒྱ་མདུད་དེ། །རྩེ་མོ་ངོས་སུ་སོ་སོའི་དབལ། །རི་རབ་ལྕམ་གཞོག་བརྒྱད་ལྡན་བརྗིད། །ཅེས་གསུངས་པའི་ཕྱིར་རོ། །
ཕུར་བུའི་ཚད་ལ་སྔགས་ཆས་རྣམ་བཤད་ལས། ཕུར་བུའི་ཚད་ལ་ནི། ཡང་སྤྱི་དང་བྱེ་བྲག་གཉིས་ལས། དང་པོ་ནི། མགོ་བོའི་རྒྱ་མདུད་དམ་ཞལ་ལ་སོར་གཅིག་དང་། སྐེད་པའི་རྒྱ་མདུད་ལ་ཡང་སོར་གཅིག་དང་། ལྕམ་གཞོག་ལ་སོར་གསུམ་དང་དབལ་ལ་སོར་གསུམ་ཏེ་སོར་བརྒྱད་པ་དང་། གོང་འོག་གི་རྒྱ་མདུད་ཟུང་ལ་སོར་རེ་རེ་དང་། ལྕམ་གཞོག་ལ་སོར་བཞི་དང་། དབལ་ལ་སོར་དྲུག་སྟེ་སོར་བཅུ་གཉིས་ཅན་སོགས་རིགས་པས་དཔོག་སྟེ་ཚད་བགོ་དགོས་པ་ཡིན་ཏེ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། སོར་བརྒྱད་དམ་བཅུ་གཉིས་པར་བྱས་པ་མགོ་མཇུག་མ་ནོར་བར་ཤིང་རྩ་བ་ཕྱོགས་སུ་མགོ་བྱས་ལ། སོར་བརྒྱད་ལ་སོར་གཅིག་ལ་རྒྱ་མདུད། རྐེད་པར་སོར་གཅིག་ལ་རྒྱ་མདུད། སྟོད་ཟུར་བརྒྱད། སྨད་ཟུར་གསུམ་དུ་བྱས་ལ། རི་རབ་ལྟར་བརྗིད་པ་ནི་གཟུགས་སོ། །ཞེས་དང་། ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལས། ལྕགས་ནི་སྣ་ལྔ་དག་ལས་ནི། །སྟེང་དུ་སོར་གཅིག་རྒྱ་མདུད་བྱ། །བར་དུ་རིན་ཆེན་ཟུར་བརྒྱད་དེ། །རྐེད་པ་སོར་གཅིག་རྒྱ་མདུད་བྱ། །ཞེས་དང་། ཕུར་པ་གསང་རྒྱུད་ལས། སྤྱི་བོར་སོར་གཅིག་རྒྱ་མདུད་བྱ། །རྐེད་པར་དེ་བཞིན་བྱ་བ་སྟེ། །སྟོད་ཀྱི་དབྱིབས་ནི་ཟུར་བརྒྱད་ལ། །རྩེ་མོ་ཟུར་གསུམ[ ཟུར་སོར ] བྱ་བ་ནི། ཟླུམ་པོ་གྲུ་བཞི་ཟླ་གམ[ ཟུར་གསུམ ]སྟེ། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་སོར་བརྒྱད་པ་བྱེད་ཚེ་ཞལ་ལམ་མགོ་བོའི་རྒྱ་མདུད་ལ་སོར་གཅིག་དང་། ལྟེ་བ་ཡན་ཆད་ལ་སོར་གཉིས་དང་། ལྟེ་བ་ལ་སོར་གཅིག་དང་། ཆུ་སྲིན་གྱི་མགོའམ་ཁ་རུ་སོར་གཅིག་དང་། དབལ་ལ་སོར་གསུམ་བྱེད་པ་ཡིན་ཏེ། ཕུར་པ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། སོར་བརྒྱད་ཚད་དུ་རྫོགས་པ་ལ། །དབུ་ཡི་རྒྱ་མདུད་སོར་གཅིག་སྟེ། །ཞེས་དང་། སོར་གཉིས་ལྟེ་བ་ཡན་ཆད་ལ། ། ལྕམ་གཞོག་བརྒྱད་དུ་ཡང་དག་ཤེས། །ཞེས་དང་། སོར་གཅིག་ལྟེ་བ་གསུས་པ་སྟེ། །ཞེས་སོགས་ཀྱི་གསུངས་ལ། སོར་བཅུ་གཉིས་པ་བྱེད་ཚེ་རྒྱ་མདུད་གཉིས་ལ་སོར་རེ་རེ་དང་། ལྕམ་གཞོག་བརྒྱད་ལ་སོར་གསུམ་དང་། ཆུ་སྲིན་གྱི་ཁ་རུ་སོར་གཅིག་དང་། དབལ་ལ་སོར་དྲུག་བྱ་དགོས་པར་བཤད་དེ། དེ་ཉིད་ལས། བཅུ་གཉིས་ལྡན་ན་དབུས་དེ་གཙོ། །སོར་རེ་ཡིན་ཞིང་སྐུ་སྟོད་ལ། །སོར་གསུམ་ལྡན་པ་རྫོགས་པར་བྱས། །གཞན་དྲུག་དབལ་དུ་ཤེས་པར་བྱ། ། ཞེས་གསུངས་པའི་ཕྱིར། སོར་དྲུག་པ་བྱེད་ཚེ་ཞལ་ལམ་རྒྱ་མདུད་ལ་སོར་གཉིས་དང་། སྐུ་སྟོད་ལ་སོར་བཞི་དང་། ལྟེ་བ་ལ་སོར་གཉིས་དང་། ཆུ་སྲིན་གྱི་ཁ་རུ་སོར་གཉིས་དང་། དབལ་ལ་སོར་དྲུག་བྱ་དགོས་པ་ཡིན་ཏེ། དེ་ཉིད་ལས། སོར་ནི་བཅུ་དྲུག་ལྡན་པ་ལ། །སོར་གཉིས་དབུ་ཡིན་སྐུ་སྟོད་བཞི། །ལྟེ་བ་གཉིས་ལ་མཚན་མ་གཉིས། །དྲུག་ནི་དབལ་དུ་རྫོགས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །
གཉིས་པ་ནི། ཚད་བྱེ་བྲག་པའི་དབང་དུ་བྱས་ན་ཕུར་པ་ཀརྨ་ལས་ཀྱི་རྒྱུད་ལས། སོར་བཞི་སོར་བརྒྱད་སོར་བཅུ་གཉིས། །སོར་ནི་བཅོ་བརྒྱད་དག་ཏུ་བྱ། །ཞེས་གསུངས་པ་ལྟར་ཕུར་བུ་སོར་བཞི་པ་དང་། སོར་དྲུག་པ་དང་། སོར་བརྒྱད་པ་དང་། སོར་བཅུ་གཉིས་པ་དང་། སོར་བཅུ་དྲུག་པ་དང་། སོར་བཅོ་བརྒྱད་པ་དང་། ཁྲུ་གང་བ་རྣམས་ཡོད་པ་ཡིན་ལ། དང་པོའི་སྒྲུབ་བྱེད་ནི། ཕྱག་རྡོར་གོས་སྔོན་ཅན་མེ་ལྕེ་ཕྲེང་བའི་རྒྱུད་ལས། སྐྱེར་བའི་ཕུར་པ་སོར་བཞི་པས། །མཐའ་མ་ཡོངས་སུ་བསྐོར་བར་བྱ། །ཞེས་དང་། ཕུར་པ་ཀརྨ་ལས་རྒྱུད་ལས། གདུག་པ་ཅན་གྱི་ཤིང་དག་ལ། །ཕུར་པ་སོར་བཞི་ཉུང་དཀར་གདགས། །ཞེས་གསུངས་པ་དང་། གཉིས་པའི་སྒྲུབ་བྱེད་ནི། ཁྲག་འཐུང་མངོན་འབྱུང་ལས། ཕུར་བུ་སོར་ནི་དྲུག་པ་བྱ། །ཞེས་གསུངས་པ་དང་། གསུམ་པའི་སྒྲུབ་བྱེད་ནི། ཡེ་ཤེས་རྔམ་གློག་ལས། སེང་ལྡེང་ཕུར་བུ་སོར་བརྒྱད་པ། །ཁྲོ་བོར་བྱིན་བརླབས་གདབ་པར་བྱ། །ཞེས་དང་། ཕུར་པ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། ལྕགས་སམ་སེང་ལྡེང་རྩུབ་པའི་ཤིང་། །དྲག་པོའི་ཕུར་པ་སོར་བརྒྱད་པ། །ཡེ་ཤེས་ལྔ་ཡི་བསྙེན་པ་བརྩམ། །ཞེས་གསུངས་པ་དང་རྙིང་རྒྱུད་མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་དང་། གསང་འདུས། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ཕྱི་མ་སོགས་ལས་ཀྱང་གསུངས་པའི་ཕྱིར། བཞི་པའི་སྒྲུབ་བྱེད་ནི། རྒྱུད་མངོན་བརྗོད་བླ་མ་ལས། པུས་མོའི་རུས་པ་ཀྰི་ལ་ཡ། །སོར་ནི་བཅུ་གཉིས་ཚད་ཙམ་ཞིག །ཅེས་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས། དེ་ནས་སྔགས་པས་ཕུར་པ་གདབ། །སེང་ལྡེང་ལས་ནི་བྱས་པ་ཡི། །ཕུར་བུ་སོར་ནི་བཅུ་གཉིས་པ། །ཟུར་གསུམ་ཡི་གེ་གསུམ་གྱིས་མཚན། །ཞེས་དང་། ཕྱག་རྡོར་གོས་སྔོན་ཅན་མེ་ལྕེ་ཕྲེང་བ་ལས། སེང་ལྡེང་ཕུར་པ་སོར་བཅུ་གཉིས། །ཁྲོ་བོའི་སྔགས་ཀྱིས་མངོན་པར་བསྔགས། །ཞེས་གསུངས་པ་དང་། ལྔ་པའི་སྒྲུབ་བྱེད་ནི། ཕུར་པ་ཐུགས་རྗེས་ཁྲོས་རྒྱུད་ལས། བཅུ་དྲུག་ཕུར་པའི་ཚད་ཡིན་ནོ། །ཞེས་གསུངས་པ་དང་། དྲུག་པའི་སྒྲུབ་བྱེད་ནི། གོང་དུ་དྲངས་ཟིན་པ་ལྟར་ཀརྨ་ལས་རྒྱུད་ལས། སོར་ནི་བཅོ་བརྒྱད་དག་ཏུ་བྱ། །ཞེས་གསུངས་པ་དང་། བདུན་པའི་སྒྲུབ་བྱེད་ནི། རྙིང་རྒྱུད་སྤུ་གྲི་ཡ་མའི་རྒྱུད་ལས། སེང་ལྡེང་ཕུར་པ་ཁྲུ་གང་ལ། །ཞེས་གསུངས་པ་དག་ཡིན་ནོ། ། འོན་ཀྱང་དེ་དག་ནི་ཁྱབ་ཆེ་བའི་དབང་དུ་བྱས་ཀྱི་སྤྱིར་བཏང་ཕུར་བུའི་ཚད་ལ་དེ་ལྟར་ངེས་པ་མེད་པར་ཕུར་པ་ནས་འབྲུ་ཙམ་ནས་སོར་གཅིག་དང་ལྔ་སོགས་དུ་མ་ཞིག་ཡོད་དེ། ཕུར་པ་མྱང་འདས་ཀྱི་རྒྱུད་ལས། སོར་ཡང་བཅོ་བརྒྱད་བཅུ་གཉིས་དང་། །བརྒྱད་དང་ལྔ་དང་བཞི་དང་གཅིག །ནས་གང་ཚད་དང་གང་རུང་བར། །མཁས་པས་དཀྱིལ་འཁོར་རིམ་པར་འགོད། །ཅེས་གསུངས་པའི་ཕྱིར་རོ། །ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལས། སོར་བཞི་པ་དང་བརྒྱད་པ་དང་། །བཅུ་གཉིས་པ་དང་བཅོ་བརྒྱད་སྟེ། །དེ་ལས་ཐུང་བར་མ་གསུངས་ཤིང་། །དེ་ལས་རིང་བ་ཡོངས་མ་བསྟེན། །ཞེས་གསུངས་པ་ནི་རྒྱུད་དེ་ལས་ཕུར་བུའི་ཐུང་ཚད་ཀྱི་མ་མཐའ་སོར་བཞི་པ་དང་རིང་མཐའ་སོར་བཅོ་བརྒྱད་ལས་རིམ་བཞིན་ཐུང་བ་དང་རིང་བ་གཞན་མ་བསྟན་པ་ཡིན་ཞེས་པའི་དོན་ཡིན་གྱི་སྤྱིར་ཕུར་བུའི་ཐུང་མཐའ་དང་རིང་མཐའ་དེ་ལས་གཞན་མ་བསྟན་གསུངས་པ་ནི་མིན་པར་ཤེས་པར་བྱའོ། །
གཞན་ཡང་ཕུར་པ་སོར་བཞི་པ་ནི་མ་དག་པའི་འབྱུང་བཞི་རྩད་ནས་འཇོམས་ཤིང་སྐྱེ་གནས་བཞིའི་སྒོ་བཅད་ནས་ཚད་མེད་རྣམ་བཞི་རྒྱུད་ལ་སྐྱེ་བའི་ཕྱིར་དུ་གདབ་བྱེད་ཀྱི་ཕུར་པ་དང་། སོར་བརྒྱད་པ་མ་དག་པའི་རྣམ་ཤེས་ཚོགས་བརྒྱད་དག་པ་ཡེ་ཤེས་ཀྱི་ཚོགས་བརྒྱད་ཀྱི་ངོ་བོར་གནས་སུ་དག་ཕྱིར་དང་། སོར་བཅུ་གཉིས་པ་སྐྱེ་མཆེད་བཅུ་གཉིས་དང་རྟེན་འབྲེལ་བཅུ་གཉིས་གནས་སུ་དག་ཕྱིར་དང་། སོར་བཅོ་བརྒྱད་པ་ཁམས་བཅོ་བརྒྱད་གནས་སུ་དག་ཕྱིར་གདབ་བྱེད་ཀྱི་ཕུར་པར་དེ་ལྟར་སོར་ཚད་ཀྱི་རྣམ་བཞག་བྱས་པ་ཡིན་པར་གསུངས་ཏེ། ཀརྨ་ལས་རྒྱུད་ལས། སོར་བཞི་སོར་བརྒྱད་སོར་བཅུ་གཉིས། །སོར་ནི་བཅོ་བརྒྱད་དག་ཏུ་བྱ། །འབྱུང་བཞི་རྣམ་ཤེས་ཚོགས་བརྒྱད་དང་། །སྐྱེ་མཆེད་བཅུ་གཉིས་ཁམས་བཅོ་བརྒྱད། །གནས་སུ་དག་པར་བྱ་ཕྱིར་ཚད། །ཚད་དང་ལྡན་པས་ལོག་ལྟ་སྒྲོལ། །ཞེས་དང་། ཡཀྵ་ཟ་བྱེད་འབར་བ་ལས། སྐྱེ་བ་རྣམ་བཞིའི་སྒོ་བཀག་པ། །ཚད་ནི་སོར་བཞི་བསྟན་པ་ཡིན། །རྣམ་ཤེས་བརྒྱད་ཀྱི་སྒོ་བཀག་པས། །ཆུང་ཚད་སོར་ནི་བརྒྱད་པ་བསྟན། །རྟེན་འབྲེལ་བཅུ་གཉིས་རྒྱུན་བཅད་ཕྱིར། །འབྲིང་ཚད་སོར་ནི་བཅུ་གཉིས་བསྟན། །ཁམས་ཆེན་བཅོ་བརྒྱད་རྩད་བཅད་ཕྱིར། །སོར་ནི་བཅོ་བརྒྱད་རིང་ཚད་ལྡན། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཕུར་པ་ལ་ཆ་ཚད་ལྡན་པ་ཤིན་ཏུ་གལ་ཆེ་སྟེ། ཆ་ཚད་དང་ལྡན་ན་ཕུར་པ་ལ་བྱིན་རླབས་ཆགས་ཤིང་ལས་འགྲུབ་པ་མྱུར་ཞིང་རྟགས་ཐོན་པ་ཡིན་ལ་ཚད་མི་ལྡན་ན་དེ་ལས་ལྡོག་པ་ཡིན་པའི་ཕྱིར་ཏེ། ཐུགས་རྗེ་ཁྲོས་རྒྱུད་ལས། ཆག་ཚད་ལྡན་པས་རྟགས་མྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །
ཕུར་པ་བྱིན་གྱིས་བརླབས་ཚུལ་ལ་སྔགས་ཆས་རྣམ་བཤད་ལས། ཕུར་པ་བྱིན་གྱིས་བརླབས་ཚུལ་ནི། ཕུར་པ་རྩ་རྒྱུད་ལས། མཐིང་ནག་དར་གྱི་ཅོད་པན་གདགས། །ཞེས་གསུངས་པ་ལྟར་ཕུར་པ་དེ་ལ་དར་ནག་པོའམ་མཐིང་ནག་གི་ཕུར་དར་གྲུ་གསུམ་སོགས་བཏགས་ནས་རྒྱ་མདུད་གོང་མ་གཞལ་ཡས་ཁང་དུ་དམིགས་ཤིང་དེའི་ཕྱོགས་བཞི་དབུས་ལྔ་ལ་ཧཱུཾ་ཡིག་བསྒྲིལ་མ་ལྔ་ལས་དབུས་རིགས་འདུས་ཧེ་རུ་ཀ་དང་། ཤར་དུ་ཁམས་གསུམ་རྣམ་རྒྱལ། ལྷོར་གཤིན་རྗེ་གཤེད། ནུབ་ཏུ་རྟ་མགྲིན། བྱང་དུ་སྟོབས་པོ་ཆེ་རྣམས་བསྒོམ་པའམ། ཡང་ན་རྒྱ་མདུད་གོང་མར་བཛྲ་ཀཱི་ལ་ཡ་སོགས་རིགས་ལྔའི་ཀཱི་ལ་ཡ་ལྔ་བསྒོམ། རྒྱ་མདུད་གོང་འོག་གཉིས་དང་ལྕམ་ཞོག་བརྒྱད་ལ་ཧཱུཾ་ཀཱ་ར་སོགས་ཁྲོ་བོ་བཅུ་བསྒོམས་ཏེ་མཆོད་བསྟོད་རྒྱས་གདབ་བྱ་བ་ནི་ལོངས་སྐུར་བྱིན་གྱིས་བརླབས་པ་དང་། དེ་ནས་སྲས་ཕུར་སྐུ་སྨད་ལྕགས་ཀྱི་ཕུར་པ་ཅན་ཕྱག་བཞི་པ། གཡས་ཀྱི་དང་པོས་སྟྭ་རེ་དང་འོག་མས་ཕུར་བུ་འདེབས་པ། གཡོན་དང་པོས་ཁ་ཊྭཱཾ་ག་དང་། འོག་མས་རི་རབ་འཛིན་པ་གཅིག་ཏུ་བསྒོམས་པ་ནི་སྤྲུལ་སྐུར་བྱིན་གྱིས་བར
འཕྲིན་སྟེགས། weikangba