ཀ་པཱ་ལ།

2018-12-07
898

 

   ཀ་པཱ་ལ་ཞེས་པ་ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་ཐོད་པའི་མིང་ཡིན། དེ་ལ་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། དེ་ཡང་བླ་མ་དང་དཀྱིལ་འཁོར་གྱི་ལྷ་དང་དཔའ་བོ་དང་རྣལ་འབྱོར་མ་དག་ལ་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོའི་སྟོན་མོ་དང་། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་གནས་སྐབས་ལ་སོགས་པ་དུས་ཁྱད་པར་བ་དང་། དུས་ནར་མ་བའི་ཚེ་བདག་དང་ལྷ་ལ་སོགས་པ་བདུད་རྩིའི་མཆོད་པས་ཚིམ་པར་བྱེད་པའི་བཏུང་པའི་སྣོད་དང་། ལྷ་དང་མཁའ་འགྲོ་ཆོས་སྐྱོང་དང་འབྱུང་བོ་ལ་སོགས་པ་གཏོར་མས་ཚིམ་པར་བྱ་བའི་སྣོད་རྣལ་འབྱོར་བའི་ལྷུང་བཟེད་ཅེས་གསུངས་པ་ནི་ཐོད་པ་ཡིན་པས་འདིར་དེའི་རྣམ་གཞག་བཤད་པར་བྱ་སྟེ། རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་པཤད་ལས། གསང་སྔགས་ཀྱི་དམ་རྫས་བདུད་རྩིའི་སྣོད་དང་རྣལ་འབྱོར་པའི་ཁམ་ཕོར་ལ་ནི་འཇིམ་པ་ལས་བྱས་པའི་སྣོད་དང་། རུས་སྦལ་གྱི་རུས་ཁོག་དང་། འཁར་བ་དང་། ཟངས་མ་དང་། ལྕགས་དང་། གསེར་དང་། དངུལ་དང་། དུང་དང་། ཉ་ཕྱིས་ཀྱི་ཁམ་ཕོར་དང་། བལ་བོ་སེའུའི་འབྲས་ཤུན་དང་། རྭ་ཅོ་དང་། ཤིང་ཕོར་དང་། རྡོ་སྣོད་དང་། ཐོད་ཕོར་བཅས་དུ་མ་ཞིག་ལ་བྱ་རུང་བ་ཡིན་ཏེ། བདེ་མཆོག་སྡོམ་འབྱུང་ལས། དེ་ནས་དེ་ཕྱིར་སྣོད་ཀྱི་ནི། །མཚན་ཉིད་མཆོག་ནི་ཡང་དག་བཤད། །འཇིམ་པའམ་དེ་བཞིན་རུས་སྦལ་སྣོད། །འཁར་བའམ་ཟངས་སམ་ལྕགས་ལས་བྱས། །གསེར་རམ་དངུལ་ལས་བྱས་པའམ། དུང་ངམ་དེ་བཞིན་ཉ་ཕྱིས་ཏེ། བལ་བོ་སེའུ་ཡི་འབྲས་བུ་མཚོག། དེ་བཞིན་གཞན་ཡང་གསར་བྱུང་བ། །རྭ་ལས་བྱུང་དང་ཤིང་སྣོད་སོགས། །གཞན་ཡང་རྡོ་སྣོད་ཁྱད་པར་རོ། །ཞེས་གསུངས་པའི་ཕྱིར་རོ། །

  ཀ་པཱ་ལ་ཞེས་པ་ལེགས་སྦྱར་གྱི་སྐད་དེ། བོད་སྐད་དུ་ཐོད་པའི་མིང་ཡིན། མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་དུ།  བླ་མ་དང་དཀྱིལ་འཁོར་གྱི་ལྷ་དང་དཔའ་བོ་དང་རྣལ་འབྱོར་མ་དག་ལ་ཚོགས་ཀྱི་འཁོར་ལོ་དང་། དཔའ་བོའི་སྟོན་མོ་དང་། དཀྱིལ་འཁོར་བསྒྲུབ་ཅིང་མཆོད་པའི་གནས་སྐབས་ལ་སོགས་པ་དུས་ཁྱད་པར་བ་དང་། དུས་ནར་མ་བའི་ཚེ་བདག་དང་ལྷ་ལ་སོགས་པ་བདུད་རྩིའི་མཆོད་པས་ཚིམ་པར་བྱེད་པའི་བཏུང་པའི་སྣོད་དང་། ལྷ་དང་མཁའ་འགྲོ་ཆོས་སྐྱོང་དང་འབྱུང་བོ་ལ་སོགས་པ་གཏོར་མས་ཚིམ་པར་བྱ་བའི་སྣོད་རྣལ་འབྱོར་བའི་ལྷུང་བཟེད་ཅེས་པ་དེ་ཡིན་གསུངས།

   གསོན་དུས་ཀྱི་བརྟག་ཐབས་ལ་སྔགས་ཆས་རྣམ་བཤད་ལས། དང་པོ་ནི། ཕོ་མོ་གང་ཡིན་ཡང་གསོན་དུས་སུ་བྱད་མདོག་སྔོ་ཞིང་ནག་པ་དང་། མིག་ཕུག་ཟབ་པ། སོ་སྐྱ་བ། སྐྲ་སེན་ཆེ་ལ་རྩུབ་པ། སྣ་ཆེ་ཞིང་རྩེ་རྣོ་བ། མཚོག་མ་འབུར་བ། སྨིན་མ་འབྲེལ་ཞིང་རིང་བ། མིག་དཀར་བ། མཁུར་མཐོ་བ། སོ་ཟོར་བ། མཆེ་བ་རིང་བ། མཆུ་གཡོར་བ། བསོད་ནམས་དང་ཟ་ཐང་ཆུང་བའི་ཐོད་པ་དེ་བཟང་པོ་ཡིན་པར་ཐེ་ཚོམ་མི་དགོས་པར་ཐོད་བཤད་རྣམས་སུ་བཤད་དོ། །ཞེས་གསུངས་པའི་ཕྱིར།

   མ་བྲེགས་གོང་གི་ཁ་བལྟ་ཕྱོགས་ལས་བརྟག་པ་ལ་མཁས་གྲུབ་རྗེས་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། དང་པོ་ནི། སྡོམ་འབྱུང་ལས། ས་གཞི་ལེགས་མཉམ་ཡུལ་དང་ནི། །ཐམས་ཅད་བྱེ་མའི་བཤོང་དག་ཏུ། །སྔགས་པས་བསྒྲུབ་པ་བྱའོ་དེར། །དེ་ཡིས་འགྱེལ་བ་བརྟག་པར་བྱ། །ལྷོ་རུ་ཁ་བལྟས་བྲམ་ཟེ་འཇོམས། །བདེན་བྲལ་དུ་འགྱེལ་བ་གླང་འཇོམས། །ཆུ་རུ་བལྟས་པས་སྔགས་པས་དམན། །རླུང་བལྟས་སྔགས་ནི་འཇིག་པར་བྱེད། །བྱང་དུ་ཁ་བལྟས་དབང་ཕྱུག་འགྱུར། །དབང་ལྡན་སྔགས་ཀྱི་དངོས་གྲུབ་སྟེ། །མ་ཉམས་པ་ཡི་བརྟུལ་ཞུགས་རྒྱུན། །མེ་དང་ལྡན་པ་ཉེ་བར་འཕྲོག །དེ་བཞིན་འོག་བལྟས་ཆོམ་རྐུན་ནོ། །སྟེང་དུ་ཁ་བལྟས་བུད་མེད་འཇོམས། །ལོགས་སུ་འགྱེལ་བ་གཏུམ་མོ་སྟེ། །སྣོད་ཀྱི་མཚན་ཉིད་རྣམས་ཤེས་བྱ། །ཞེས་གསུངས་སོ། །ཤོང་བློའི་འགྱུར་དུ་དེ་ལྟར་འབྱུང་ཞིང་། རྒྱུད་ཀྱི་འགྱུར་རྙིང་དུ། སྔགས་པས་དེར་ནི་བསྒྲུབ་བྱས་ལ། །དེའི་ལྟུང་བ་བརྟག་པར་བྱ། །ཞེས་དང་། བརྟུལ་ཞུགས་རྒྱུན་ནི་ཉམས་པ་མེད། །མེར་བལྟས་ཉེ་བར་འཕྲོག་པ་སྟེ། །ཞེས་འབྱུང་ངོ་། །དེ་ལ་བོད་ཀྱི་བླ་མ་སྔ་མ་ཁ་ཅིག འཇིགས་བྱེད་ཀྱི་རྒྱུད་ཀྱི་དུམ་བུར་བཞེད་ཅིང་། ཕྱིས་ཀྱི་མཁས་པ་ཁ་ཅིག ཡིད་བརྟན་དཀའ་བར་བཞེད་པའི་ལྷ་མོ་གནས་མཁར་གྱི་རྒྱུད་ཅེས་བྱ་བ་དང་། དེ་བ་ཨ་ཀ་ར་ཙནྟྲས་བྱས་ཟེར་བའི་ཐོད་པའི་མཚན་ཉིད་བརྟག་ལ་སོགས་གནས་མཁར་ཇི་ལྟ་བར་བྲིས་པ་སོགས་ལྟར་ན། དང་པོར་རོ་གནས་པའི་སར་སོང་སྟེ། རང་བདུད་རྩི་འཁྱིལ་བའི་ང་རྒྱལ་གྱིས་སྔགས་བཟླས་པའི་ཉུང་དཀར་གྱིས་བྲབས་ཏེ། མགོ་རིལ་བོ་བྲེགས་ཏེ་ཁྲུ་གང་ཙམ་ནམ་མཁར་བསྐྱུར་བས་ས་ལ་བབས་པ་ན་ཁ་གང་བལྟས་པ་དེ་ལ་བརྟག་པར་བྱ་ཟེར་རོ། །སྡོམ་འབྱུང་འགྱུར་རྙིང་ལྟར་ན། དེ་དང་མཐུན་ཤས་ཆེ་ཞིང་འགྱུར་གསར་ལྟར་ན། རོ་གནས་པའི་སར་སླེབ་པ་ན། རོ་འགྱེལ་བའི་ཁ་གང་ལ་བལྟས་པ་ལ་བརྟག་པར་མངོན་ཞིང་། བརྟུལ་ཞུགས་ཞེས་པ་གཉིས་ནི་འགྱུར་རྙིང་ལེགས་སོ། །འགྲེལ་བར། འཁྲུག་པའི་སར་གཡུལ་སྤྲད་དེ་ཤི་བའམ། ཡང་ན་དུར་ཁྲོད་ཆེན་པོ་ལ་སོགས་པར་བོར་བ་རྣམས་ཀྱི་ཐོད་པའི་མཚན་ཉིད་བརྟག་ནས། ཞེས་འབྱུང་བ་ལྟར། དེ་འདྲ་བའི་རོ་གནས་པའི་སར་ཕྱིན་ནས་ཁ་བལྟ་ཕྱོགས་ལ་བརྟག་པ་ན། ལྷོར་ཁ་བལྟས་ན་བྲམ་ཟེ་འཇིག་པ་དང་། བདེན་བྲལ་དུ་ཁ་བལྟས་ན་བ་གླང་འཇོམས་པར་བཤད་པའི་དོན་ལ་འགྲེལ་པར། བྲམ་ཟེ་འཇོམས་ཞེས་པ་བྲམ་ཟེ་རྣམས་ལ་རྣལ་འབྱོར་བའི་འཇིགས་པ་འབྱུང་ངོ་། །དེ་ལྟར་བ་གླང་འཇོམས་པའོ། །ཞེས་རྣལ་འབྱོར་པས་ཕར་དེ་དག་འཇོམས་པ་ལ་འཆད་ཅིང་། གཞན་དག་ཚུར་འཇོམས་པ་ལ་འཆད་དེ། འགྲེལ་བ་ལྟར་བྱའོ། །ནུབ་ཏུ་བལྟས་ན་སྔགས་པ་དམན་པའི་དོན། འགྲེལ་བར་གྲགས་པ་མེད་པར་བྱེད་པའོ། ། ཞེས་བཤད་ལ། གནས་མཁར་རྗེས་འབྲང་དང་བཅས་པ་རིགས་ངན་དུ་བྱེད་པ་ལ་འཆད་དེ། འགྲེལ་བ་ལྟར་རོ། ། སྔགས་འཇིག་པའམ་འགྲེལ་པར། སྔགས་ནི་འཇིག་ཅེས་པ་སྔགས་ཀྱི་དངོས་གྲུབ་འཇིག་པའོ། །ཞེས་པ་ལྟར་དང་། གཞུང་ལྷག་མ་དག་གི་དོན་ནི། བྱང་དུ་ཁ་བལྟས་ན་དབང་ཕྱུག་ཕུན་སུམ་ཚོགས་པར་འགྱུར་རོ། །དབང་ལྡན་དུ་ཁ་བལྟས་ན་སྔགས་ཀྱི་དངོས་གྲུབ་སྟེར་ཞིང་། འགྲེལ་བར། མ་ཉམས་པའི་ཞེས་པ་ཉེ་བར་ཉམས་པ་མེད་པའོ། །བརྟུལ་ཞུགས་རྒྱུན་ཞེས་པ་རྒྱུན་གྱིས་སྐྱེད་པར་བྱེད་པ་སྟེ། ཚུལ་ཁྲིམས་ཀྱི་ཞེས་པའོ། །ཞེས་བཤད་པ་ལྟར་ན། ཚུལ་ཁྲིམས་ཀྱི་རྒྱུན་མ་ཉམས་པར་སྐྱེད་པར་བྱེད་པར་འགྱུར་བ་དང་། མེར་བལྟས་ན་ཉེ་བར་འཕྲོག་པའི་དོན་འགྲེལ་བར། ཉེ་བར་འཕྲོག་པ་ལ་བཤད་པ་མ་བྱས་པ་ནི་སྔ་མ་དངོས་གྲུབ་སྟེར་ཞེས་སྟོན་པ་ལས་བཟློག་ནས་དངོས་གྲུབ་ཉེ་བར་འཕྲོག་ཅེས་པའི་དོན་དུ་གོ་སླ་བའི་དོན་ཏེ་རྒྱུད་ཀྱི་དོན་ཡང་དེ་ཡིན་ནོ། །གནས་མཁར་བ་དག་ནི་དངོས་གྲུབ་ཐེ་ཚོམ་མེད་པར་འགྲུབ་ཅེས་རྒྱུད་འདི་ལས་བཟློག་པར་འདོད་དོ། །འགྲེལ་པར། ཆོམ་རྐུན་ཞེས་པ་རྐུན་པོ་འགུགས་པར་བྱེད་པའོ། །བུད་མེད་འཇོམས་ཞེས་པ་འཆད་པ་པོའི་བུད་མེད་ཉམས་པར་བྱེད་པའོ། །གཏུམ་པོ་ཞེས་པ་བྲན་ལ་སོགས་པ་འཇོམས་པར་བྱེད་པའོ། །ཞེས་འོག་དང་སྟེང་དང་ལོགས་སུ་འགྱེལ་བ་ལ་རིམ་པ་བཞིན་བཤད་པའོ། །ཕྱོགས་བཅུ་གང་ཡང་མིན་པའི་ལོགས་སུ་ཁ་བལྟས་པ་བྱར་མེད་པའི་ཕྱིར་དང་། ཕྱོགས་གཞན་དགུ་བཤད་ནས། ཤར་ལ་བལྟས་པའི་འབྲས་བུ་འདི་ལས་གཞན་མ་བཤད་པས། ལོགས་སུ་ཞེས་པ་ནི་ཤར་ལོགས་སུ་ཁ་བལྟས་པ་ལ་ངེས་པར་བྱ་དགོས་སོ། །གནས་མཁར་པ་དག་ཤར་ཏུ་བལྟས་ན་རང་ཉིད་གསོད་པར་འདོད་དོ། །

   དུམ་གྲངས་ལ་བརྟག་པ་ལ་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། གཉིས་པ་ནི། དེའི་འོག་ཏུ་དཔྲལ་བའི་སྨིན་མཚམས་ནས་ལྟག་པའི་མདུང་མགོའི་བར་དུ་ཐིག་སྒོར་མོར་བཏབ་སྟེ། མ་ཉམས་པར་བྲེགས་ཤིང་བྱི་དོར་ལེགས་པར་བྱས་པའི་དུམ་གྲངས་སོགས་ལ་བརྟག་པར་བྱ་སྟེ། དེ་ཡང་སྡོམ་འབྱུང་ལས། དུམ་བུ་གཅིག་པས་གནས་སུ་འགྱུར། །དཀྱིལ་འཁོར་དབང་ཕྱུག་དུམ་བུ་གཉིས། །དུམ་གསུམ་བསྒྲུབ་པའི་དངོས་གྲུབ་སྟེ། ། སྔགས་ཀྱི་དངོས་གྲུབ་ཆ་བཞི་པ། །ལྔ་པ་ལ་ནི་ཞི་དང་རྒྱས། །དུམ་དྲུག་སློང་མོ་བར་ཞེས་བྱ། །དབང་བྱེད་དུམ་བུ་བདུན་པ་སྟེ། །དུམ་བརྒྱད་པ་ཡང་དེ་བཞིན་སྤང་། །དངོས་གྲུབ་བསྒྲུབ་པའི་འབྲས་བུ་མེད། །ཅེས་གསུངས་ཤིང་། འདི་དག་ཏུ་དུམ་བུ་བརྒྱད་པ་ལས་མང་བའི་རྣམ་གཞག་དངོས་སུ་མ་གསུངས་ཏེ། བརྒྱད་པ་ལ་གསུངས་པས་སྤང་བྱར་གོ་སླ་བ་ལ་དགོངས་སོ། །འགྱུར་རྙིང་ལས། དུམ་དྲུག་སློང་མོ་རྙེད་པར་ཤེས། །ཞེས་འབྱུང་བ་འགྲེལ་བ་དང་མཐུན་ནོ། །གནས་སུ་འགྱུར་ཞེས་པ་ལ་འགྲེལ་པར། གནས་ལ་སོགས་པར་འགྲོ་བ་ལ་མི་སྐྱོ་བར་འགྱུར་རོ། །ཞེས་བཤད་ཅིང་། དངོས་གྲུབ་བསྒྲུབ་པའི་གནས་སུ་འགྱུར། །ཞེས་པའི་དོན་དུའང་སེམས་ལ། སྨོན་འགྲོའི་མར་པ་ལ་སོགས་པའི་ལོ་ཙྪ་བ་ཁ་ཅིག་ན་རེ། གནས་ཉི་ཤུ་རྩ་བཞིར་འགྲོ་བ་ལ་དབང་པོའོ་ཞེས་ཟེར་རོ། །གཉིས་པ་ལ་འགྲེལ་པར། དཀྱིལ་འཁོར་དབང་ཕྱུག་ཅེས་པ་མང་པོའི་མཆོད་པར་བྱའོ། །ཞེས་འཆད་ཅིང་། ལོ་ཙྪ་པ་དེ་དག་དཀྱིལ་འཁོར་གྱི་བདག་པོ་ལ་དབང་བར་འགྱུར་བ་ལ་འདོང་ངོ་། །གསུམ་པ་ལ་འགྲེལ་པར། སྒྲུབ་པ་པོའི་འདོད་པ་སྒྲུབ་པར་བྱེད་པ་སྟེ། དངོས་གྲུབ་གང་སྒྲུབ་པར་འདོད་པ་དེ་ཕུན་སུམ་ཚོགས་པར་བྱེད་དོ། །ཞེས་དགོངས་པའོ། །ཞེས་བཤད་པ་ལྟར་རོ། །བཞི་པས་སྔགས་ཀྱི་དངོས་གྲུབ། ལྔ་པས་ཞི་རྒྱས་ཀྱི་ལས་འགྲུབ་ལ། དྲུག་པ་ལ་འགྲེལ་པར། སློང་མོ་རྙེད་པར་བྱེད་པའོ་ཞེས་བཤད་ཅིང་། ལོ་ཙྪ་པ་དག་ཀྱང་དེ་ལྟར་འཆད་དོ། །བདུན་པས་དབང་གི་ལས་འགྲུབ་ལ། བརྒྱད་པ་ལ་འགྲེལ་པར། ཞི་བ་ལ་སོགས་པའི་དངོས་གྲུབ་སྒྲུབ་པ་ལ་འབྲས་བུ་མེད་དེ། དྲག་པོ་ལ་ནི་སྦྱར་བར་བྱའོ། །ཞེས་དགོངས་པའོ། །ཞེས་བཤད་པ་ལྟར་ཏེ། དུམ་བུ་དང་དབྱིབས་དང་ཁ་དོག་གི་མཚན་ངན་ཐམས་ཅད་དྲག་ལས་ལ་ཅི་རིགས་བར་སྦྱར་བར་བྱའོ། །དུམ་བུ་གཅིག་པ་ལ་གཉིས་ལས་ཚིག་རྫོགས་ཀྱི་དུམ་བུ་གཅིག་པ་བསྲུབས་མེད་པ་ཡིན་ལ། དེ་ལས་གཞན་པ་ནི་བསྲུབས་ཕན་ཚུན་རྣམས་ནསགང་ཡན་ཆད་ཀྱིས་འབྲེལ་བའོ། ། ཞེས་ཟེར་རོ། །གནས་མཁར་ལས། ཡི་དྭགས་དུམ་དྲུག་སློང་བར་འགྱུར། །དུད་འགྲོ་དུམ་བདུན་གཏི་མུག་འཕེལ། ། ན་རཀ་དུམ་བརྒྱད་དམྱལ་བར་སྐྱེ། །ཞེས་སྡོམ་གཉིས་སྡོམ་འབྱུང་དང་ཤིན་ཏུ་འགལ་བར་བཤད་དེ། དེས་ན་དེ་འདྲ་བ་ཤིན་ཏུ་མང་བས་ཡིད་བརྟན་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

  འདི་ལ་སྔགས་ཆས་རྣམ་བཤད་ལས། དུམ་བུ་ཞེས་པ་ནི་རུས་སྦལ་ཀྱི་མཚམས་དོད་པའི་བར་ལ་བྱེད་པ་ཡིན་ལ། དུམ་བུ་གཅིག་པ་ནི་རྣ་ལྷན་གཉིས་དང་མགོ་ལྟག་གི་རུས་ལྡན་གྱི་སྲུབ་མ་གཏོགས་ཐོད་པ་བུབ་རིལ་ལ་སྲུབ་མེད་པའམ་རུས་སྲུབ་ཅུང་ཟད་རེ་ཡོད་ཀྱང་སྲུབ་ཀྱིས་རུས་པ་ཁག་ཏུ་མ་བཅད་པ་ལ་བྱ་ཞིང་དེ་ཤིན་ཏུ་བཟང་། དེ་ཡང་ཕྱོགས་གཉིས་ནས་དོད་པའི་རུས་སྲུབ་གཉིས་ཀྱི་སྣེ་ལ་ནས་འབྲུ་ཙམ་གྱིས་བར་མ་འཕྲད་ཡོད་ནའང་དུམ་གཅིག་ཏུ་བྱེད་རུང་། དེ་འཆང་ན་ས་ཆེན་པོ་ལ་དབང་བྱེད་ནུས་པའི་རྒྱལ་སྲིད་དང་སྒྲུབ་པའི་གནས་ལ་དབང་བྱེད་ནུས་པ་དང་། དུམ་གཉིས་ནི་ལྟག་པ་ནས་མདུན་བར་རམ་གཡས་ཀྱི་རྣ་བའི་ཐད་ནས་གཡོན་གྱི་རྣ་བའི་ཐད་བར་གང་རུང་ལ་རུས་སྲུབ་གཅིག་གིས་ཐོད་པ་ཁག་གཉིས་སུ་བགོས་པ་དེ་ཡིན་ཞིང་རྒྱལ་ཕྲན་དང་དཀྱིལ་འཁོར་ལ་དབང་བ་དང་། དེ་བཞིན་དུ་དུམ་གསུམ་ནོར་དང་སྒྲུབ་པ་པོ་དངོས་གྲུབ་ལ་དབང་བ་དང་། དུམ་བུ་བཞི་པས་སྔགས་གྲུབ་པ་དང་། དུམ་ལྔས་ནད་ཞི་ཞིང་ཚེ་བསོད་རྒྱས་ཤིང་ཆོས་འགྲུབ་པ་དང་། དུམ་དྲུག་གི་སློང་མོ་རྙེད་པ་དང་། དུམ་བུ་བདུན་པས་དབང་སྡུད་གྲུབ་པ་དང་། དུམ་བུ་བརྒྱད་པས་སྒྲུབ་པ་འབྲས་མེད་དུ་བྱེད་པས་སྤང་བྱ་ཡིན་པར་བཤད་པ་ཡིན་ཏེ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། དུམ་བུ་གཅིག་པ་ས་ལ་དབང་། ། གཉིས་པ་དེ་ནི་རྒྱལ་ཕྲན་འགྱུར། །གསུམ་པ་དེ་ཡང་ནོར་ལ་དབང་། །བཞི་པ་དེ་ཡང་སྔགས་སྒྲུབ་འགྱུར། །ལྔ་པ་དེ་ཡང་ཆོས་ཀྱང་སྒྲུབ། །དྲུག་པ་དེ་ནི་སློང་བ་ཡིན། །བདུན་པ་དེ་ནི་བརྟུལ་ཞུགས་སོ། །བརྒྱད་པ་ཡོངས་སུ་སྤང་བར་བྱ། །ཞེས་དང་། བདེ་མཆོག་སྡོམ་འབྱུང་ལས། དུམ་བུ་གཅིག་པ་གནས་ལ་དབང་། །དུམ་བུ་གཉིས་པ་དཀྱིལ་འཁོར་དབང་། །དུམ་གསུམ་སྒྲུབ་པོའི་དངོས་གྲུབ་འགྱུར། །དུམ་བུ་བཞི་པས་སྔགས་དངོས་གྲུབ། །ལྔ་པ་ཡི་ནི་ཞི་དང་རྒྱས། །དུམ་དྲུག་སློང་མོ་རྙེད་པར་ཤེས། །དུམ་བུ་བདུན་པས་དབང་དུ་བྱེད། །དངོས་གྲུབ་སྒྲུབ་པ་འབྲས་མེད་ཕྱིར། །དེ་བཞིན་དུམ་བུ་བརྒྱད་པ་སྤང་། །ཞེས་གསུངས་པའི་ཕྱིར་རོ། །

  སྤང་བྱའི་དུམ་བུ་ལ་སྔགས་ཆས་རྣམ་བཤད་ལས། དང་པོ་ནི་དུམ་བུ་བརྒྱད་པ་ནས་ཉི་ཤུ་པ་སོགས་དུམ་བུ་མང་པའི་རིགས་རྣམས་ངན་པ་ཡིན་པས་སྤང་བྱའི་ཐོད་པ་ཡིན་ཏེ། ཧེ་རུ་ཀ་སྙིང་རོལ་ལས། བཅུ་དྲུག་པ་དང་ཉི་ཤུ་པ། །འདི་དག་རབ་ཏུ་སྤང་བར་བྱ། །ཞེས་གསུངས་པའི་ཕྱིར་དང་། བརྒྱད་པ་དངོས་སུ་སྤང་བྱར་བཤད་ནས། དགུ་དང་བཅུ་དང་བཅུ་གཉིས་དག །བཅོམ་ལྡན་འདས་ཀྱི་བཀའ་སྩལ་ཏོ། །ཞེས་གསུངས་པ་ལས་དེ་དག་དངོས་སུ་སྤང་བླང་གང་དུ་ཡང་མ་བཤད་མོད་དོན་ལ་སྤང་བྱ་ཡིན་པ་དུམ་བུ་བརྒྱད་པའི་ཤུགས་ཀྱིས་གོ་ནུས་པའི་ཕྱིར་རོ། །ཐོད་སྲུབ་སྣ་གདོང་གི་ཐད་ནས་མགོ་ལྟག་བར་མགོ་དཀྱིལ་ནས་ཤར་གྱིས་ཡོད་པ་ནི་ནལ་ཐོད་དུ་བཤད་དོ། ། ཐོད་བཤད་ཁ་ཅིག་ཏུ་དུམ་བུ་དྲུག་པ་དང་བདུན་པ་ཡང་སྤང་བྱར་བཤད་པ་རྒྱུད་གང་གི་དགོངས་པ་ཡིན་བཙལ་བར་བྱའོ། །འོན་ཀྱང་སྤྱིར་ཐོད་པའི་སྤང་བླང་དང་བཟང་ངན་དབྱེ་བའི་དུས་སུ་དུམ་བུ་མང་བ་སྤང་བྱ་དང་ངན་པར་བསྟན་གྱི་ཐོད་པ་དུམ་བུ་མང་བ་ཅན་ཡིན་ན་མཐའ་གཅིག་ཏུ་སྤང་བྱ་ཡིན་པས་ནི་མ་ཁྱབ་སྟེ། མནན་པ་དང་། དྲག་པོའི་ཐུན་རྫས་ཀྱི་སྣོད་དང་། དྲག་པོའི་སྒྲུབ་ཐོད་སོགས་ལ་ཐོད་པ་དུམ་བུ་དགུ་པ་སོགས་དུམ་བུ་མང་པོ་ཅན་དགོས་པར་བཤད་པ་ཡོད་པའི་ཕྱིར། གྲུབ་སྟེ། ཕུར་པ་བཅུ་གཉིས་ཀྱི་རྒྱུད་ལས། ཐོད་པ་དུམ་བུ་བཅུ་དྲུག་ནི། །ལྷ་མོ་བཅུ་དྲུག་མཚན་མར་འགོད། །ཅེས་དང་། ཐོད་པ་དུམ་བུ་དགུ་ནང་དུ། །ཏིལ་ཆེན་མར་ཁུ་ཁ་དགུར་གདགས། །དེ་རྗེས་ཤ་ཆེན་ཐང་མར་བརྡལ། །ཞེས་གསུངས་པའི་ཕྱིར་རོ། །

   ཁ་དོག་ལ་བརྟག་པ་ལ་མཁས་གྲུབ་རྗེའི་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། གསུམ་པ་ནི། སྡོམ་འབྱུང་ལས། བྲམ་ཟེ་རྒྱལ་རིགས་རྗེའུ་རིགས། །དམངས་རིགས་བུད་མེད་རིགས་མཐར་སྐྱེས། །དཀར་པོ་དམར་པོ་དཀར་ལྗང་དང་། །སེར་པོ་དམར་སེར་ཉིད་རྐྱང་སྟེ། །ཐལ་བའི་མདོག་དང་མདོག་ངན་དང་། །ཁ་དོག་སྣ་ཚོགས་དག་ཏུ་གྲགས། །ཞེས་གསུངས་པ་ལ། འགྲེལ་བར། བྲམ་ཟེ་ཞེས་པ་ལ་སོགས་པའི་མིའི་རིགས་མ་ཡིན་གྱི། འོན་ཀྱང་ཐོད་པའི་རིགས་ཉིད་དོ། །ཞེས་འབྱུང་བ་ལྟར། བྲམ་ཟེ་ཁ་དོག་དཀར། རྒྱལ་རིགས་དམར། ཞེས་སོགས་ཐ་སྙད་དང་མཐུན་པར་ཐོད་པ་དཀར་ལ་བྲམ་ཟེའི་རིགས་ཀྱི་ཐོད་པ་ཞེས་སོགས་ཀྱི་ཐ་སྙད་བྱས་པ་ཙམ་སྟེ། དེ་ཡང་དཀར་པོ་བྲམ་ཟེའི་རིགས་ཀྱི་ཐོད་པ་དཀར་པོ་དང་དམར་པོ་འདྲེས་པའི་དཀར་དམར་རྒྱལ་རིགས། སེར་པོ་དང་དམར་སེར་རྗེའུ་རིགས། ལྗང་ཁུ་དམངས་རིགས། ཞེས་སྦྱར་ཞིང་གཞུང་དུ་དེ་ལས་གོ་རིམས་འཁྲུགས་པ་ནི་སྡེབ་སྦྱོར་གྱི་དབང་གིས་ཡིན་ལ། ཐལ་མདོག་སོགས་ནི་དམན་པ་སྟེ། །གདོལ་བའི་རིགས་ཀྱི་ཐོད་པ་ཡིན་ནོ། །ཞེས་འགྲེལ་པས་འཆད་པ་ལྟར་བྱ་ལ། ཁ་དོག་གི་དབང་དུ་བྱས་ན་དང་པོ་གཉིས་རབ། རྗེ་རིགས་འབྲིང་། ལྷག་མ་དག་ཐ་མ་སྟེ་སྤང་བར་བྱའོ། །དེ་དག་གི་ནང་ནས་ལས་གང་ལ་གང་བསྔགས་པ་ནི། དུང་དང་ཀུན་ད་ཟླ་མདོག་མཚུངས། །སྣུམ་ཞིང་མཛེས་པ་དགེ་བར་བལྟ། །སྔགས་རྣམས་ཀུན་གྱི་དངོས་གྲུབ་སྟེར། །སྒྲུབ་པོ་དངོས་གྲུབ་ཐོབ་པར་བྱེད། །ཁ་དོག་སེར་པོ་གཟུགས་ཆེན་པོ། །པདྨ་ལྟ་བུ་པདྨས་མཚན། །རྒྱས་པ་ལ་ནི་རབ་ཏུ་གསུངས། །ནོར་གྱི་ཕུན་ཚོགས་འགྲུབ་པར་འགྱུར། །སྣོད་གང་ཁ་དོག་དམར་བ་འམ། །ཡང་ན་ཐིག་ལེ་དམར་པོས་མཚན། །དབང་དང་དགུག་པའི་དུས་དག་ཏུ། །དངོས་གྲུབ་གཏོར་སྣོད་མཚན་ཉིད་དོ། །བ་ལང་ཁ་ཡི་རྣམ་པར་འགྱུར། །ཤིན་ཏུ་ཕྲ་ཞིང་མུ་ཏིག་བཅས། །བསད་དང་བསྐྲད་དང་དབྱེ་བ་ལ། །ཁྱད་པར་དུ་ནི་རབ་ཏུ་བསྔགས། །རབ་བསྔགས་སྣོད་ནི་ཡང་དག་ཐོབ། །འདོད་པའི་འབྲས་བུ་ཀུན་རབ་སྟེར། །ཞེས་གསུངས་ཤིང་། གཏོར་སྣོད་ལ་ཡང་ལས་དང་མཐུན་པའི་ཐོད་པ་མཆོག་ཏུ་བསྔགས་སོ། །འགྲེལ་པར། པདྨ་ལྟ་བུ་པདྨས་མཚན། །ཞེས་པདྨ་རྒྱས་ལྟར། དབྱིབས་ཤིན་ཏུ་ཟླུམ་པ་ཉིད་དང་། དེའི་ཁ་དོག་ཉིད་ཀྱིས་སོ། །ཞེས་པ་མུ་ཏིག་ཕྲེང་བ་ལྟ་བུའི་ཐིག་ལེ་དཀར་པོའི་ཕྲེང་བ་དང་ལྡན་པ་ཉིད་ལས་སོ། །ཞེས་བཤད་ལ་ལྷག་མ་གོ་སླའོ། །དེ་ཡང་དཀར་སྣུམ་སོགས་དང་མཁྲིགས་ལྗིད་པ་བཅང་བར་བྱའོ། །སྐྱ་གོག་དམར་གོག་སེར་གོག་སོགས་སྣུམ་མདངས་མེད་པ་སྔོ་སྐྱ་དང་། ས་འོག་ཏུ་སོང་བ་དང་། གསོབ་ཅིང་ཡང་བ་སྤང་བྱའོ། །ཞེས་གསུངས་པའི་ཕྱིར།

  རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་ཀྱི་སྔགས་ཆས་རྣམ་བཤད་ལས། གཉིས་པ་ཁ་དོག་དང་དབྱིབས་ལ་བརྟག་པ་ནི། ཁ་དོག་དཀར་པོ་སྣུམ་པ་དུམ་བུ་གཅིག་པ་ནི་འདོད་དོན་ཐམས་ཅད་འགྲུབ་པ་དང་ཕས་རྒོལ་མཐའ་དག་འཇོམ་པ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཡིན་པས་སྔགས་ཀྱི་དངོས་གྲུབ་ཐོབ་པར་བྱེད་པའི་ཐོད་པ་དབང་ཕྱུག་ཆེན་པོའི་སྣོད་ཅེས་བྱ་བ་དང་། ཁ་དོག་སེར་པོ་དབྱིབས་ཆེ་ཞིང་པདྨ་འདྲ་བ་ལ་པདྨས་མཚན་པ་དེ་རྒྱས་པའི་ལས་ལ་ཤིས་ཤིང་ནོར་རྙེད་པ་དང་ཟུག་རྔུ་དང་དགྲ་འཇོམ་ནུས་པ་ཁྱབ་འཇུག་གི་སྣོད་ཅེས་པ་དང་། ཁ་དོག་དམར་ལ་ཐིག་ལེ་དམར་པོས་ཕྱི་ངོས་སུ་མཚན་པ་དེ་ནི་དབང་དང་དགུག་པའི་ལས་ལ་ཤིས་ཤིང་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པའི་ཐོད་པ་ཡིན་པར་བཤད་དེ། ཀུན་འདུས་རིག་པ་ལས། དཀར་པོ་ར་རི་ལྕང་ལོ་ཅན་དང་། །འདི་དག་རྟག་ཏུ་སུས་འཆང་བ། །འདོད་དོན་ཐམས་ཅད་འགྲུབ་པ་སྟེ། །རྒོལ་བ་ཐམས་ཅད་འཇོམས་པར་ནུས། །ཡིད་བཞིན་ནོར་བུ་ཅི་འདྲ་བར། །དེ་ཡི་ཡོན་ཏན་འདི་ལས་བྱུང་། །ཞེས་སོགས་ཧེ་རུ་ཀ་སྙིང་རྗེ་རོལ་བ་དང་། བདེ་མཆོག་སྡོམ་འབྱུང་སོགས་ལས་ཀྱང་གསུངས་པའི་ཕྱིར།

  སྤང་བྱའི་ཁ་དོག་དང་དབྱིབས་འདིར་གཅིག་ཏུ་བསྡུས་ནས་བཤད་པར་བྱ་སྟེ། འདི་ལ་སྔགས་ཆས་རྣམ་བཤད་ལས། དབྱིབས་ཆུང་ཞིང་སྲབ་པ་དང་། ཡོ་བ་དང་། འཇོང་ནར་དང་། ཕྱོགས་གཅིག་ནས་གཞོམ་པ་སོགས་དང་། ཁ་དོག་སེར་སྐྱ་དང་། སྐྱ་བོ་དང་། ཐལ་མདོག་དང་། སྔོ་ནག་དང་། ནག་པོ་དང་། མདངས་ཞན་པ་ལ་སོགས་པ་ནི་སྤང་བྱའི་ཐོད་པ་ཡིན་ཏེ། ཧེ་རུ་ཀ་སྙིང་རོལ་ལས། བོང་ཆུང་བ་དང་སྲབ་པ་དང་། །གང་དག་སེར་པོར་འགྱུར་བ་ནི། །བུད་མེད་ཡིན་པར་ཤེས་པར་བྱ། །བུད་མེད་རྟག་ཏུ་སྨད་པས་ན། །དེ་དག་རབ་ཏུ་སྤང་བར་བྱ། །སེར་སྐྱ་དང་ནི་དཀར་བ་དང་། །ཁ་དོག་སྣ་ཚོགས་པར་ཤེས་བྱ། །བདེ་མཆོག་སྡོམ་འབྱུང་ལས། སེར་དང་དེ་བཞིན་སེར་སྐྱ་སྟེ། །ཐལ་བའི་མདོག་དང་མདོག་ངན་དང་། །སྣ་ཚོགས་མདོག་ཏུ་རབ་ཏུ་གྲགས། །ལྷག་པ་དམན་དང་ཐ་མ་སྟེ། །ཞེས་དང་། བུད་མེད་ཐོད་པ་མི་བཟུང་སྟེ། །ཁྱད་པར་དུ་ནི་མདོག་ཉམས་དང་། །སོ་མེད་པའམ་སོ་ཉམས་པ། །དགེ་བ་འདོད་པས་བཅང་མི་བྱ། །སོ་ལྗང་བས་ནི་སྡུག་བསྔལ་མང་། །ཞེས་གསུངས་པའི་ཕྱིར། བུད་མེད་ཐོད་པ་ཞེས་པ་ལ་ཁ་ཅིག་གིས་བུད་མེད་ལ་ཚངས་བུག་མེད་པས་ཐོད་པ་ལྐུག་པ་ཡིན་ཕྱིར་འཆང་མི་རུང་ཟེར་བ་དེ་མི་འཐད་དེ། གསང་དགོངས་ལས། ན་ཆུང་མཚན་དང་ལྡན་པ་ཡི། །བྷན་ངྷའི་ནང་དུ་རྫས་བླུགས་ལ། ། ཞེས་གསུངས་པ་ལྟར་བུད་མེད་ཀྱི་ཐོད་པ་བཟང་པོ་ལ་མཚན་ལྡན་མའི་ཐོད་པ་ཞེས་བཟང་བར་བཤད་པའི་ཕྱིར་དང་། སྐབས་འདིའི་བུད་མེད་ཐོད་པ་ཞེས་པ་ཐོད་པའི་རིགས་ཕྱེ་བའི་ཚེ་ཕོ་མོ་གང་གི་ཡིན་ཡང་ཐོད་པ་བོང་ཆུང་སྲབ་པ་མདོག་ངན་པ་དེ་ལ་བུད་མེད་ཀྱི་ཐོད་པ་ཞེས་བརྡ་སྦྱར་བ་ལས་བུད་མེད་ཅིག་གི་ཐོད་པ་ལ་བྱེད་པ་ནི་མིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར།

   ཀ་པཱ་ལའི་དབྱིབས་ལ་བརྟག་པ་ལ་མཁས་གྲུབ་རྗེས་བཞི་པ་ནི། དེ་ཉིད་ལས།  སྡོམ་འབྱུང་།  དམན་པ་ལྷག་པ་གཤེར་བ་དང་། །དེ་ཉིད་རྣམ་པ་སྣ་ཚོགས་གཟུགས། །གཤོང་གཉིས་གླང་པོའི་རྒྱབ་ལྟ་བུ། །དེ་བཞིན་རྡོ་རྗེ་བྱ་རོག་རྐང་། །ཞེས་འགྱུར་གསར་ལས་འབྱུང་བ་འགྲེལ་པ་དང་མཐུན་ནོ། །དེ་ལ་དམན་པ་ནི་སྲབ་ཅིང་དབྱིབས་ངན་པ་སོགས་དང་། འགྲེལ་པར། གཤེར་བ་ནི་སྣུམ་པའོ་ཞེས་པ་མདོག་སྣུམ་པ་མ་ཡིན་གྱི། ལྷ་པ་ཆེས་པའོ། །དེ་ཉིད་རྣམ་པ་སྣ་ཚོགས་གཟུགས། །ཞེས་པ་ནི། དབྱིབས་མི་འདྲ་བ་སྣ་ཚོགས་པ་རྣམས་སོ་སོར་དབྱེ་ནས་བླང་བྱ་དང་སྤང་བྱར་ཤེས་པར་བྱ་བའི་དོན་ཡིན་ལ། དེའི་མཚོན་པ་ཙམ་སྨོས་པ་ནི། རྐང་པ་གཉིས་ཏེ། དེ་ལ་གཤོང་གཉིས་ཞེས་པ་རྒྱབ་ལྟག་པའི་ཕྱི་ན་གཤོང་བུ་གཉིས་ཡོད་པ་དང་། གླང་པོའི་རྒྱབ་ལྟ་བུ་ནི་ཐོད་པའི་ཕྱིའི་དབུས་དམའ་ཞིང་། དེའི་མཐའ་གཉིས་མཐོ་བའོ། །རྡོ་རྗེ་བྱ་རོག་རྐང་ཞེས་པ་འགྲེལ་པར་མ་བཤད་ཅིང་། སྨོན་འགྲོ་བ་སོགས་ན་རེ། ནང་ན་དེ་འདྲའི་རི་མོ་ཡོད་པའོ། །ཞེས་ཟེར་ཏེ། དེ་དག་ནི་སྤང་བྱའོ། །དེ་དག་བཅངས་ན་ཉེས་དམིགས་གང་འབྱུང་བ་ནི། རྩོད་པ་བྱ་རོག་རྐང་པ་ཡིས། །གཤོང་བུ་གཉིས་ལས་འཚེ་བར་འགྱུར། །དེ་བཞིན་གླང་པོའི་རྒྱབ་གྱིས་ནི། །ཞེས་གསུངས་སོ། །བཅད་པར་བྱ་བའི་དབྱིབས་ཀྱི་མཚན་མ་ནི། སྡོམ་འབྱུང་འགྱུར་རྙིང་ལས། དབུས་ཀྱི་གནས་སུ་གཤོང་བུ་བཞི། །འདོད་འཇོའི་བར་ནི་བལྟ་བར་བྱ། །མདུན་ཕྱོགས་སུ་ནི་གཤོང་བུ་གཉིས། ། ཡིད་བཞིན་ནོར་བུ་ཞེས་བྱར་བཤད། །ཅེས་པ་ཙམ་ཞིག་གསུངས་པ་ལ། དབུས་ཞེས་པ་ཁ་ཅིག་ཐོད་པའི་ནང་གི་ཚངས་བུག་ཕྱོགས་ཀྱི་དབུས་ལ་འདོད་ལ། སྨོན་འགྲོ་བ་སོགས་དཔྲལ་བའི་ནང་གི་དབུས་ལ་འདོད་དོ། །དེ་ནི་སྔ་མ་ལེགས་ལ། དཔྲལ་པའི་ནང་གི་དབུས་ཀྱི་གཤོང་བུ་གཉིས་ནི་མདུན་གྱི་གཤོང་བུ་གཉིས་སོ། །ལྷ་མོ་གནས་མཁར་སོགས་དང་དེ་དག་གི་རྗེས་སུ་འབྲང་བ་དག་གིས། རྣ་ལྷན་གྱི་ཐད་གཡས་གཡོན་ནི། རྩེ་མོ་ཡལ་ག་རྒྱས་པ་ལྟ་བུ་ཚངས་བུག་གི་ཐད་དུ་འཐོན་པ་འདྲ་བའི་རྩེ་རིས་ནི་དཔག་བསམ་གྱི་ཤིང་ཞེས་བྱ་ཞིང་། དེ་ཉིད་ལ་ཡིག་འབྲུ། ཕྱག་མཚན། བཀྲ་ཤིས་རྟགས་བརྒྱད་ཀྱི་མཚན་མ་སོགས་གང་རུང་འབྲས་བུ་ཆགས་པ་ལྟར་འདུག་ནས་མཆོག་ཏུ་བཟང་བ་དང་། ལྟག་པའི་མདུད་དགོ་ནས་དབུས་པར་ལ་ཁུང་བུ་ཟབ་པའི་རི་མོ་ནང་ལ་ཐལ་མར་འདུག་ན་རྣལ་འབྱོར་པའི་ཟ་ལུང་། ནང་གི་གདོང་ལ་སོག་སྣ་ཞེས་ཟེར་ཏེ་དེ་ཉིད་མཛུབ་མོ་ལ་བཀལ་ནས་འཕྱང་ཐུབ་པ་ནི་རྣལ་འབྱོར་པའི་སྲོག་ཤིང་སྟེ་ངན་པ་དགུ་ཐུབ་ཅེས་ཟེར་ཞིང་། ངན་པ་དགུ་ནི་ཐོད་པ་ལ་རང་ས་དང་། ལྷ་ས་དང་། སློབ་དཔོན་གྱི་ས་ལ་སོགས་པ་དགུར་བགོས་པའི་ས་དེ་དག་གི་ངནཔ་ཐམས་ཅད་སོག་སྣས་ཐུབ་པར་འདོད་པའོ། །སོག་སྣའི་གཡས་གཡོན་དུ་ཐད་ཀར་སོར་བཞི་རེ་བཅལ་བའི་སར་གླང་པོའི་མཆེ་བ་ལྟ་བུའི་རི་མོ་ཕྱི་ན་ཡོད་ན་རྣལ་འབྱོར་པའི་དབང་ཕྱུག་ཡིན། ཞེས་བྱ་བ་དང་། རང་སར་ཐིག་ལེ་ཟླུམ་པོ་ལ་ཉི་མའི་འོད་ཟེར་ལྟ་བུའི་རི་མོ་འདུག་ན་སྐྱིད་ཀྱི་ཉི་མ། རང་སར་རི་མོ་སྨུག་པོ་སྣུམ་ལ་འཁྱིལ་བ་འདུག་ན་ཞག་གི་ཆུ་མིག །ནང་དུ་རི་མོ་དཀར་པོ་ཕྲ་མོ་ནི་ཚེ་ལམ་ཞེས་སོགས་དུ་མ་ཞིག་འཆད་ཅིང་། ཐོད་པའི་རྣ་ལྷན་གཡས་གཡོན་གྱི་ཐད་ཀྱི་ཁ་ལ་ཤིང་བུ་ཐད་ཀར་བཞག་ནས་དེའི་ཕྱོགས་གཉིས་ཀྱང་ཤིང་བུ་ཁ་ལ་དྲང་པོར་བཞག་ནས་ཕྱེད་ཕྱེད་དུ་བགོས་པའི་རེ་རེ་ལའང་གཡས་གཡོན་གྱི་ཆ་སོ་སོར་ཕྱེ་བའི་ཐིག་གིས་ས་དགུར་འབྱེད་པ་སོགས་ནི་ཚད་ལྡན་གྱི་གཞུང་གང་ལས་ཀྱང་མི་འབྱུང་ཞིང་། སྣ་ཚོགས་པ་བསྲེས་པའི་རྟོག་བཏགས་ཀྱང་མང་བར་སྣང་བས། འདིར་དེ་དག་གི་རྣམ་གཞག་མ་བྱས་སོ། །ཞེས་གསུངས་སོ། །

  འདི་ལ་སྔགས་ཆས་ཀྱི་རྣམ་བཤད་དུ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས་སྨོས་མ་ཐག་པ་ལྟར་ཁ་དོག་དཀར་པོ་ཅན་དེ་དབང་ཕྱུག་གི་སྣོད་དང་། སེར་པོ་ཁྱབ་འཇུག་གི་སྣོད་དུ་བཤད་པ་མ་ཟད་དཀར་སྐྱ་ཐལ་བའི་མདོག་འདྲ་བོང་ཆེ་ལ་པདྨའི་དབྱིབས་ཅན་ཚངས་སྐུད་རིས་ཡོད་པ་དེ་ཚངས་པའི་སྣོད་དང་། དུམ་བུ་ལྔ་པ་མདོག་དམར་ཞིང་དབྱིབས་ཟླུམ་པ་པདྨ་དམར་པོ་ལྟ་བུའི་རི་མོ་ཡོད་པ་ཅན་དེ་གཞོན་ནུ་མའི་སྣོད་ཅེས་བྱ་བ་དང་། སེར་སྐྱ་ཟླུམ་པོ་ཟབ་ཅིང་རྡོ་རྗེའི་རི་མོ་ཡོད་པ་ཅན་དེ་དབང་ཕྱུག་མོའི་སྣོད་ཅེས་བྱ་ཞིང་དེ་ཐམས་ཅད་བཟང་བ་དང་། དབྱིབས་ཕག་གདོང་འདྲ་བ་མཁྲེགས་ལ་མུ་ཏིག་གི་རི་མོ་ཡོད་པ་ཤ་དྲི་མནམ་པ་དེ་ཕག་གདོང་མའི་སྣོད་ཅེས་བྱ་ཞིང་ལས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བ་དང་། ཐལ་མདོག་དབྱིབས་ཆེ་ཞིང་ཐིག་ལེས་མཚན་པ་ཁྲག་དྲི་བྲོ་བ་དེ་ལ་འཇིགས་བྱེད་མའི་ཐོད་པ་ཞེས་བྱ་ཞིང་དངོས་གྲུབ་ཐམས་ཅད་སྟེར་བར་བྱེད་པ་ཡིན་པར་བཤད་དེ། དེ་ཉིད་ལས། ཐལ་བའི་མདོག་ལ་བོང་ཡང་ཆེ། །པདྨའི་དབྱིབས་སུ་འདབ་མར་བརྒྱན། །ཚངས་པའི་སྐུད་པ་གསལ་བ་ཡོད། །འདི་དག་ཚངས་པར་དགེ་བ་ཡིན། །ཞེས་དང་། ཁ་དོག་དམར་ཞིང་ལྔ་པ་ལ། །པདྨོ་དམར་པོས་བརྒྱན་པ་དང་། །ཟླུམ་པ་ཤིན་ཏུ་རྣམ་པ་སྟེ། །སྣོད་འདི་གཞོན་ནུ་མ་ཞེས་བྱ། །ཅུང་ཟད་སེར་ཞིང་ཟླུམ་ལ་ཟབ། ། གང་དག་རྡོ་རྗེའི་མཚན་ཡོད་པ། །དེ་ཡི་མཚན་ལྡན་གང་ཡིན་པ། །དབང་ཕྱུག་ཆེན་མོའི་རིགས་ཆེན་ཡིན། །ཕག་མོའི་གདོང་དབྱིབས་འདྲ་བ་ལ། །རབ་ཏུ་མཁྲེགས་ཤིང་མུ་ཏིག་འཕྲོ། །ཤ་ཡི་དྲི་དག་མནམ་པ་ཡི། །སྣོད་ནི་ཕག་གདོང་མ་ཞེས་བྱ། །ཐལ་བའི་མདོག་ལ་བོང་ཡང་ཆེ། །ཐིག་ལེ་ཆེན་པོས་རྣམ་པར་བརྒྱན། །ཁྲག་འཛག་པ་ཡི་དྲི་མནན་པ། །འཇིགས་བྱེད་མ་ཡི་སྣོད་ཅེས་བྱ། །ཞེས་གསུངས་པས་སོ། །

  གཞན་ཡང་དེ་ཉིད་ལས་ཚངས་པའི་སྣོད་བྲམ་ཟེའུ་དང་། གཞོན་ནུ་མའི་སྣོད་རྒྱལ་རིགས་དང་། དབང་ཕྱུག་མོ་རྗེ་རིགས་དང་། ཕག་གདོང་མ་དམངས་རིགས་ཀྱི་སྣོད་ཅེས་བྱ་ཞིང་རིགས་དེ་དང་དེས་འཆང་ན་ལྷག་པར་དུ་བཟང་བ་དང་། ཁྱབ་འཇུག་དང་དབང་ཕྱུག་གི་སྣོད་དེ་སྒྲུབ་པ་ཆེན་པོའི་དུས་སུ་བཅང་དགོས་པར་གསུངས་ཤིང་ཚངས་པའི་སྣོད་ཀྱིས་རྟག་ཏུ་དངོས་གྲུབ་གང་འདོད་སྦྱིན་པ་དང་། ཁྱབ་འཇུག་གིས་རྟག་ཏུ་ལས་ཐམས་ཅད་འགྲུབ་པ་དང་། གཞོན་ནུ་མའི་སྣོད་ཀྱིས་ཕ་རོལ་གྱི་ཡུལ་རྣམ་པར་འཇོམ་པ་དང་། དབང་ཕྱུག་མའི་སྣོད་ཀྱིས་དགྲ་དང་གནོད་པ་བཟློག་པ་དང་། ཕག་གདོང་མ་གསོད་སྒྲོལ་སྟོབས་པ་སོགས་དྲག་པོའི་ལས་ལ་བཟང་པ་དང་། འཇིགས་བྱེད་མའི་སྣོད་ཀྱིས་ལས་ཐམས་ཅད་ཀྱི་དངོས་གྲུབ་སྟེར་བར་གསུངས་ཏེ། དེ་ཉིད་ལས། ཚངས་པ་བྲམ་ཟེ་བཅང་བར་བྱ། །རྟག་ཏུ་དངོས་གྲུབ་སྦྱིན་པར་བྱེད། །སྒྲུབ་པ་ཆེན་པོའི་དུས་དག་ཏུ། །ཁྱབ་འཇུག་དང་ནི་འབྱོར་ཀུན་ལ། །རྟག་ཏུ་ལས་རྣམས་འགྲུབ་པར་བྱེད། །རྒྱལ་རིགས་ཀྱིས་ནི་གཞོན་ནུ་མ། །ཕ་རོལ་ཡུལ་ནི་རྣམ་པར་འཇོམས། །རྗེའུ་རིགས་ཀྱིས་ནི་དམ་ཆེན་མོ། །བློ་དང་ལྡན་པས་བཟློག་ཕྱིར་བཤད། །གསད་དང་བསྒྲལ་དང་བསྟབས་པའི་ཕྱིར། །དམངས་རིགས་ཀྱིས་ནི་ཕག་གདོང་བཅང་། །ལས་དང་རིགས་རྣམས་ཐམས་ཅད་དང་། ། འཇིགས་བྱེད་མས་ནི་དངོས་གྲུབ་སྟེར། །ཞེས་གསུངས་པའི་ཕྱིར། བདེ་མཆོག་སྡོམ་འབྱུང་ལས་དབྱིབས་བ་གླང་གི་ཁ་འདྲ་བའི་ཐོད་པ་སྲ་ལ་མུ་ཏིག་ཡོད་པ་དེ་གསོད་པ་དང་སྐྲོད་པ་དང་ལྷ་དབྱེ་བ་ལ་བཟང་བར་བཤད་དེ། དེ་ཉིད་ལས། བ་ལང་ཁ་ལྟ་བུ་ཡི་དབྱིབས། །ཤིན་ཏུ་སྲ་ཞིང་མུ་ཏིག་བཅས། །གསད་དང་བསྐྲད་དང་དབྱེ་བ་ལ། །ཁྱད་པར་དུ་ནི་རབ་ཏུ་བསྔགས། །ཞེས་གསུངས་པས་སོ། །

   ཀ་པཱ་ལ་མ་བྲེགས་གོང་གི་སོ་ལ་བརྟག་པ་ལ། མཁས་གྲུབ་རྗེས་རྣལ་འབྱོར་རོལ་བའི་དགའ་སྟོན་དུ། ལྔ་པ་ནི། སོ་ནི་ལྗང་ཁུ་སེར་པོ་དང་། །ལོགས་སྐྱེས་སྲིན་བུས་ཟོས་དྲེ་བཞིན། །འདི་དག་ཐམས་ཅད་བལྟ་བྱ་ཞིང་། །དེ་དག་ཡོངས་སུ་བརྟག་པར་བྱ། །ཞེས་པ་ལ། འགྱུར་རྙིང་དུ། ལོགས་སྐྱེས་ཀྱི་དོད་ལ་སྔོ་བའམ་ཞེས་འབྱུང་ངོ་། །དེ་དག་བརྟགས་ནས་སྤང་དགོས་པའི་རྒྱུ་མཚན་ནི། སོ་མེད་པའམ་སོ་ཉམས་པ། །དགེ་བ་སྤྲོ་བས་གཟུང་མི་བྱ། །ལྗང་ཁུའི་སོ་ནིཉོན་མོངས་མང་། །ཞེས་གསུངས་སོ། །དེ་ཡང་མགོ་བོ་ཚང་བ་ལ་བརྟགས་ནས་སོ་ལ་སྐྱོན་དེ་དག་འདུག་པའི་མགོ་བོའི་ཐོད་པ་ཡང་སྤང་བར་བྱ་བའི་དོན་ནོ། ཞེས་གསུངས་པའི་ཕྱིར།

   ཀ་པཱ་ལའི་རི་མོ་ལ་བརྟག་པ་ལ་སྔགས་ཆས་ཀྱི་རྣམ་བཤད་ལས། རི་མོ་ལ་བརྟག་པ་ནི། རི་མོ་ལ་རྡོ་རྗེ་དང་། འཁོར་ལོ། མཆོད་རྟེན། ནོར་བུ། ལྗོན་ཤིང་། པདྨ། དུང་དཀར་ལ་སོགས་པ་རི་མོ་མཛེས་པ་མང་པོ་ཡོད་པ་དང་། དབུས་སུ་བུག་ཁུང་གཉིས་དང་མདུན་ཕྱོགས་སུ་གཤོང་ཤུལ་གསུམ་མམ་གཉིས་ཡོད་པ་ནི་དཔལ་དང་ལྡན་པའི་སྣོད་དམ་ཐོད་པ་ཞེས་བྱ་སྟེ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། རི་མོ་རྡོ་རྗེ་འཁོར་ལོ་དང་། །མཆོད་རྟེན་དང་ནི་རིན་པོ་ཆེ། །པདྨ་དང་ནི་ལྗོན་ཤིང་དང་། །དབུས་སུ་བུ་ག་གཉིས་ཡོད་པ། །མདུན་ན་གཤོང་བུ་གསུམ་དང་གཉིས། །གང་དག་རྡོ་རྗེ་མཚན་ཡོད་པ། །དཔལ་དང་ལྡན་པའི་སྣོད་གནས་སོ། །ཞེས་གསུངས་པའི་ཕྱིར། ཐོད་པའི་ཕྱི་གླང་པོ་ཆེའི་རྒྱབ་འདྲ་བ་ལ་ནང་དུ་གཤོང་ཤུལ་བཞི་ཡོད་པ་ནི་འདོད་འཇོའི་བ་ཞེས་བྱ་ཞིང་ཤིན་ཏུ་བཟང་བ་དང་། ནང་གི་མདུན་ཕྱོགས་སུ་གཤོང་བུ་གཉིས་ཡོད་པ་ལ་ནི་ཡིད་བཞིན་ནོར་བུའི་ཐོད་པ་ཞེས་བྱ་སྟེ། བདེ་མཆོག་སྡོམ་འབྱུང་ལས། དེ་བཞིན་གླང་པོའི་རྒྱབ་ཀྱི་ནང་། །དབུས་ཀྱི་གནས་སུ་གཤོང་བུ་བཞི། །འདོད་འཇོའི་བར་ནི་བལྟ་བར་བྱ། །མདུན་ཕྱོགས་སུ་ནི་གཤོང་བུ་གཉིས། །ཡིད་བཞིན་ནོར་བུ་ཞེས་བྱར་བཤད། །ཅེས་དང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། དབུས་སུ་གཤོང་བུ་བཞི་ཡོད་ན། །འདི་ནི་འདོད་འཇོའི་བ་ཞེས་བྱ། །མདུན་ན་གཤོང་བུ་གཉིས་ཡོད་ན། །ཡིད་བཞིན་ནོར་བུ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར། ཕྱི་མ་ལས། གསང་བ་སྒྲུབ་ཐོད་མཚན་ཉིད་ནི། །ཡན་ལག་ཆེ་ཕྲ་མང་བའི་བདག །དཔག་བསམ་ཤིང་ནི་ཡོད་གྱུར་ན། །འདོད་པའི་འབྲས་བུ་ཐོབ་འགྱུར་ཏེ། །སྔགས་པ་དེ་ལ་ཐེ་ཚོམ་མེད། །ཅེས་ནོར་བུ་དང་བ་མོ་གཉིས་དང་དཔག་བསམ་གྱི་ཤིང་གི་རི་མོ་ཅན་དེ་ལ་གསང་བའི་སྒྲུབ་ཐོད་ཅེས་བྱ་ཞིང་སྔ་མ་གཉིས་ཀྱི་ཡོན་ཏན་ནི། དེ་ཡི་མཚན་ཉིད་ལྡན་པའི་སྣོད། །སུ་དག་རྟག་ཏུ་འཆང་བ་ནི། །ལོངས་སྤྱོད་ཐར་བ་ཐོབ་འགྱུར་ཏེ། །དེ་ལ་ལྷ་མོ་ཐེ་ཚོམ་མེད། །ཅེས་གསུངས་སོ། །

  གཞན་ཡང་སྡུད་སྒོ་ནས་དཀྱིལ་བར་གཤོང་བུ་ཟབ་མོ་ཡོད་དེ་རྣལ་འབྱོར་བའི་ཟ་ལུང་དང་། སོག་པོའི་སྣ་ཞེས་པ་ཐོད་པའི་ལྟག་མདུན་གཉིས་ཀྱི་ནང་གི་རུས་རྒྱུད་ཟོར་པོ་དེ་རིང་པོ་བྱ་ཁྱུང་གི་མཆུ་ལྟར་ཡོད་པ་དེ་རྣལ་འབྱོར་སྲོག་གི་ཀ་བ་དང་ང

  • 顶